
རྩོམ་པ་པོ། སྤོས་ཁང་སྒྲོལ་བཟང་།
མི་ཉག་ཞེས་པ་ནི་ཉིང་ཞའ་གཙོ་བོར་འགྱུར་བའི་ཡུལ་གྲུ་ཤིན་ཏུ་ཆེ་བ་ཞིག་གི་མིང་ཡིན་སྔོན་དུས་ཤིས་ཞའ་ཟེར་དེར་བོད་བརྒྱུད་ནང་བསྟན་རྒྱ་ཆེར་དར་ཡོད་པ་ནི་ཡུལ་འདིའི་ལོ་རྒྱུས་དང་འགྲོ་མགོན་ཏི་ཤྲི་རས་པའི་རྣམ་ཐར་དག་ལས་གསལ། དེང་གི་ཉིང་ཞའ་ཡུལ་གྱི་གནའ་ཤུལ་དག་ལས་ཀྱང་མཇལ་རྒྱུ་འདུག་ལ། ཡུལ་འདིའི་འགྲེམས་སྟོན་ཁང་ན་ཡང་བོད་བརྒྱུད་ནང་བསྟན་ཡུལ་འདིར་དར་བའི་རིག་དངོས་ཐང་ག་སོགས་མཇལ་རྒྱུ་འདུག ཁོ་བོ་ཐེངས་ཁ་ཤས་འགྲོ་མྱོང་། དེའི་ནང་ནས་ཁམས་ཁུལ་དར་མདོའི་ཁུལ་ལ་མི་ཉག་ཞེས་པའི་ལུང་པ་ཞིག་ཡོད། དེར་ནང་པའི་བསྟན་པ་ཤིན་ཏུ་དར་རྒྱས་ཆེན་པོ་བྱུང་བ་མ་ཟད་མཁས་གྲུབ་གྲགས་ཆེན་ཡང་མི་ཉག་མཁས་པ་རྣམ་ལྔ་འམ་རྣམ་དྲུག་ཟེར་བ་བྱོན་མྱོང་། དེའི་ནང་ནས་ཇོ་ནང་ཆོས་བརྒྱུད་དུ་བཞུགས་པའི་བྱམས་གསར་ཆོས་རྗེ་ཡེ་ཤེས་དཔལ་ནི་རབ་བྱུང་ལྔ་པའི་ས་ཕོ་རྟ་སྟེ་སྤྱི་ལོ་༡༣༢༨ལ་མི་ཉག་རབ་སྒང་དུ་འཁྲུངས། སྐུ་གཞོན་ནུའི་དུས་ནས་རྗེ་དབོན་རྡོ་རྗེ་རྒྱལ་མཚན་གྱི་དྲུང་དུ་སྨིན་བྱེད་དབང་དང་གསང་སྔགས་ཀྱི་གདམས་པ་མང་དུ་ཞུས། དེ་ནས་མཁས་བཙུན་བློ་གྲོས་དབང་ཕྱུག་གི་དྲུང་དུ་རབ་ཏུ་བྱུང་ནས་བྱམས་ཆོས་སྡེ་ལྔ་ལ་སློབ་གཉེར་གནང་། དགུང་ལོ་ཉི་ཤུ་རྩ་གཉིས་ལོར་དབུས་གཙང་དུ་བྱོན། གསང་ཕུ་ནེའུ་ཐོག་ཏུ་མཉམ་མེད་ལྷ་ས་བ་ཆེན་པོ་ལ་སོགས་པའི་མཁས་བཙུན་རྣམས་ཀྱི་དྲུང་དུ་བྱམས་པ་དང་འབྲེལ་བའི་ཆོས་ལྔས་མཚོན་མདོ་ཕྱོགས་གཞུང་ཕྱོགས་མེད་ལ་སློབ་གཉེར་མང་དུ་གནང་།

མཁན་རིན་པོ་ཆེ་བསོད་ནམས་གྲགས་པ་ལས་བསྙེན་རྫོགས་མཛད། དམ་པ་དེ་ཉིད་ཀྱིས་སྤྱིར་མཁས་ཤིང་གྲུབ་པའི་དགེ་བའི་བཤེས་གཉེན་མང་དུ་བསྟེན་པའི་ནང་ནས་ལྷག་པར་བཀའ་དྲིན་ཆེ་བའི་བླ་མ་ནི། ཆོས་རྗེ་ཀུན་མཁྱེན་ཆེན་པོ་ཇོ་ནང་པ་དོལ་པོ་ཤེས་རབ་རྒྱལ་མཚན་དཔལ་བཟང་པོ་ཡིན། ལོ་ངོ་བཅོ་བརྒྱད་ཙམ་དབུས་གཙང་དུ་བཞུགས། དགུང་ལོ་བཞི་བཅུ་པ་བོད་རབ་བྱུང་དྲུག་པའི་མེ་མོ་བྱ་ལོར་མི་ཉག་རབ་སྒང་དུ་ཕེབས་ནས་ནུབ་མགོ་བྱང་ཆུབ་གླིང་དུ་ལོ་བཅུ་ལྷག་ཙམ་བཞུགས་ནས་འདུས་ཚོགས་རྒྱ་མཚོར་དབུ་མ་དང་ཕར་ཕྱིན། མངོན་པ། འདུལ་བ། བྱམས་ཆོས་ཕྱི་མ། སྤྱོད་འཇུག་སོགས་ཀྱིས་འཆད་ཉན་རྒྱ་ཆེར་གནང་། ཕྱིས་ཀུན་མཁྱེན་ཆེན་པོའི་ལུང་བསྟན་དང་འབྲེལ་ས་མོ་བྱ་སྟེ་སྤྱི་ལོ་༡༣༦༩ལ་སྐྱིད་རབ་དགོན་བཏབ་གསུང་པས་དེང་གི་སྐྱིད་ལེ་དགོན་འདི་མིནམ་སྙམ། ལྕགས་མོ་ཕག་གི་ལོར་དཔལ་དུས་ཀྱི་འཁོར་ལོའི་དབང་མོ་ཆེ་ལ་རབ་སྒང་གི་ལྷ་སྡེ་མི་སྡེ་གདུལ་བར་བྱ་བའི་འོས་སུ་གྱུར་པ་མཐའ་དག་ཐར་པའི་ལམ་ལ་བཀོད། དུས་རྒྱུན་ཡངས་པ་ཅན་གྱི་རི་ཁྲོད་སོགས་སུ་སྦྱོར་དྲུག་རྣལ་འབྱོར་ལ་རྩེ་གཅིག་ཏུ་གཞོལ། སྒོམ་པ་རྒན་རབས་རྣམས་ལ་ཟབ་ལམ་རྡོ་རྗེའི་རྣལ་འབྱོར་གྱི་ཐོག་མཐའ་བར་གསུམ་གྱི་ཁྲིད་དང་མན་ངག་གེགས་སེལ་བོགས་འདོན་དང་བཅས་ཞིབ་རྒྱས་སུ་གནང་སྟེ། སྒྲུབ་པའི་རྒྱལ་མཚན་སྒྲེང་བའི་སློབ་མ་ཡང་ཕྱུག་མོ་སྟོན་པ་སོགས་མང་དུ་བྱུང་། འབོ་གངས་དཀར་ལ་སྒྲུབ་པར་བཞུགས་དུས་ཀུན་མཁྱེན་ཆེན་པོ་མདུན་གྱི་ནམ་མཁར་བྱོན་ནས་གདམས་ངག་སྩལ། མཐར་དགུང་གྲངས་དྲུག་ཅུ་རེ་དགུ་པ་བོད་རབ་བྱུང་དྲུག་པའི་མེ་ཕོ་སྟག་སྟེ་སྤྱི་ལོ་༡༣༨༦་དགོངས་པ་ཞི་དབྱིངས་སུ་གཤེགས། དགོངས་པ་རྫོགས་པའི་སྔ་ཉིན་ལ་སྤྱན་མཁའ་ལ་ཡང་ཡང་གཟིགས་བཞིན་ཞབས་ཕྱི་ཚོར་སྤོས་འབུལ་སྤོས་འབུལ་གསུང་གང་ལགས་ཞུས་པས་ཀུན་མཁྱེན་ཆེན་པོ་ཡབ་སྲས་ནམ་མཁར་བྱོན་བྱུང་གསུངས།

ཁོང་ནི་མི་ཉག་མཁས་པ་མི་ལྔའི་ནང་གི་རྒན་ཤོས་འདི་ཡིན། མཚན་གཞན་ལ་བྱམས་གསར་ཁ་ཆེ་ཡང་ཞུ། བྱམས་གསར་དགོན་ནི་འབོ་གངས་དཀར་རི་བོའི་ཉེ་འདབས་སུ་ཡོད། ཡུལ་སྐད་ལ་སྤྱང་ཚ་དགོན་ཟེར། རི་ཁུད་དགོན་གྱི་བླ་མ་རྡོ་རྗེ་རིན་པོ་ཆེས་སྔོན་དགོན་འདིར་བྱམས་ཆོས་སྡེ་ལྔ་རྒྱུན་དུ་འདོན་སྲོལ་ཡོད་གསུངས་ལ་འབོ་གངས་དཀར་སྐུ་ཕྲེང་དགུ་པ་མཆོག་ཀྱང་སྐུ་ན་ཆུང་དུས་བྱམས་གསར་དགོན་དུ་ཡུན་རིང་ཙམ་བཞུགས་པ་འབོ་གངས་དཀར་རིན་པོ་ཆེའི་རྣམ་ཐར་དུ་གསལ་ཡོད། ཁམས་ཁུལ་གྱི་ཇོ་ནང་པའི་དགོན་སྡེ་ཐོགས་མ་འདི་ཡིན། རྩ་ཆེ་བའི་དགོན་གནས་འདི་ད་ལྟ་ཉམས་གསོ་ཐུབ་མེད། དེང་དར་མདོ་གྲོང་ཁྱེར་སྐྱ་གད་ཤང་རི་ཚེ་སྡེ་པའི་ཕུ་ན་ཡོད་དོ།། ཁོ་བོ་ཡང་ཐེངས་གསུམ་ལ་གནའ་ཤུལ་འདི་མཇལ་མྱོང་ངོ་།། ༢༠༢༡/༥/༡༣/
རྩོམ་ཁུངས། ལུག་ཚང་དཔལ་ཡོན་འཕྲིན་སྟེགས།