828F843D-5F79-498D-A64E-B8C72AF76BA6

༧ཇོ་ནང་སྐྱབས་མགོན་ཆེན་མོའི་སྐུ་ཚེ་བརྟན།

རྩོམ་པ་པོ།___ལྡོང་ཡོན་ཏན་རྒྱ་མཚོ།

འཇིགས་མེད་སྟོབས་བཅུའི་དཔལ་མངའ་གཉིས་མེད་བདག།
ཕྱི་ནང་གཞན་གསུམ་ཁྱད་ལྡན་དུས་འཁོར་ལོའི།།
འཕྲིན་ལས་འཛིན་མའི་ཁྱོན་ཀུན་འགེང་མཛད་པའི།།
གཞན་སྟོང་རིང་ལུགས་སྨྲ་བ་རྣམ་པར་རྒྱལ།།

ཆོས་རིག་རྒྱུ་འབྱོར་དར་བ་རྣམ་སྲས་མཛོད།།
རིགས་ཞེན་སྤོབས་པས་མཐོ་བ་ཏི་སེའི་ཟླ།།
འབྲུ་དྲུག་ནས་ལྗོངས་མདོ་སྨད་རྔ་བ་ཞེས།།
གྲགས་དཀར་རྒྱས་པའི་ཡུལ་དུ་གཟུགས་སྐུ་བཞད།།

སྐྱེས་ཆེན་ཁྲི་སྟོང་ཕེབས་ཤིང་བསུ་བའི་ལྗོངས།།
བདེ་སྐྱིད་འཚོ་བ་དར་བའི་རྔ་སྟོད་དུ།།
ཞབས་སྐྱེས་མེ་ཏོག་བརྡལ་བའི་ངོ་མཚར་དང་།།
ལྷན་ཅིག་ན་ཚོད་དུང་ཟླ་ཡར་ཡར་ཚེས།།

དབྱངས་གསལ་མེ་ཆུའི་སྦྱོར་བར་མཁྱེན་དཔྱོད་དར།།
བརྡ་དག་ཆོ་གའི་གསང་མཐིལ་རིག་པས་བརྡོལ།།
ལོ་ཟླ་རེས་ཀྱིས་འཁོར་བའི་ཟློས་གར་ལས།།
བྱང་འཕགས་མཛད་བཟང་གཏམ་སྙན་ཕྱོགས་སུ་འཕུར།།

གཙང་བ་སེ་སྤྲུལ་ཤུ་ནང་ངག་གི་དཔལ།།
བྱ་ཡུར་བསྟན་པ་རབ་རྒྱས་ཀྱིས་མཚོན་པའི།།
དུས་གསུམ་ཀུན་མཁྱེན་སྐྱེས་ཆེན་རྣམ་མང་བོས།།
འཁྲུལ་བྲལ་གཙང་ཆེན་གོང་མར་ལུང་གིས་བསྔགས།།

རྒྱ་ཆེན་གཞུང་ལུགས་ཆུ་གཏེར་འཕྱུར་བའི་འཇིངས།།
ཐོས་བརྩོན་གྲུ་གཟིངས་བརྟན་པོས་རྫོགས་པར་གཞལ།།
སྡོམ་གསུམ་གསེར་གྱི་ལྕགས་རིའི་འོད་ངོགས་ནས།།
གནས་བརྟན་ཆེན་པོའི་རྣམ་ཐར་བདག་གིར་བཞེས།།

མདོ་སྔགས་ཉམས་ལེན་གཏེར་ཁ་བརྡོལ་བའི་ལྗོངས།།
འཛམ་ཐང་རིག་པའི་གྲོང་ཁྱེར་སྙན་པའི་གཟིས།།
ཁྱོད་ཐུགས་དབང་མེད་དྲངས་པའི་མཚོན་དཔེ་ལ།།
པད་མའི་མཚོ་རུ་གཉིས་འཐུང་ལས་གཞན་མེད།།

གཉིས་མེད་ཁྱབ་བདག་གསུམ་ལྡན་སྐུར་བཞེངས་པ།
ངག་དབང་དཀོན་མཆོག་དར་རྒྱས་མཆོག་གི་དྲུང་།
དབང་ལུང་མན་ངག་བསྐྱེད་རྫོགས་ལ་གཞོལ་བས།།
ཉམས་རྟོགས་ནོར་བུས་ཁྱོད་ཐུགས་ཕྱུར་བུར་གཏམས།།

མི་བཟད་དུས་འགྱུར་སྲིན་མོའི་མཆེ་རྩེ་ནས།།
རང་དགར་ཐར་བ་ཕལ་ཆེར་མི་སྲིད་མོད།།
ཐུགས་བསྐྱེད་དགུ་ཚིགས་ཞགས་པས་མ་བཏང་བས།།
མགོན་ཁྱོད་ཇོ་ནང་བསྟན་འགྲོའི་དཔལ་དུ་འཚེར།།

ཆོས་བརྒྱད་གཡོན་མའི་འཛུམ་ལ་མ་ཆགས་ཤིང་།།
ཁེ་གྲགས་ཚེར་མའི་དུང་དུ་མ་ལྷུང་བར།།
སྦས་པའི་རྣལ་འབྱོར་དགེ་སྦྱོང་རྣམ་དག་གིས།།
སྐུ་ཚེ་འདའ་བ་ཁྱོད་འདྲར་སྙིང་ནས་གུས།།

རྩི་ནང་མ་ཅིག་རང་བྱུང་བྲག་ཕུག་ནས།།
རིམ་གཉིས་རྩལ་ལ་བྱང་བའི་དོན་ལྡན་གཏམ།།
སྐྱེ་དགུའི་ངག་ལ་བཟླས་བརྗོད་ཟོལ་གྱིས་འཕྱུར།།
མདོ་སྨད་རྔ་ལྗོངས་ཞེས་བྱ་བསོད་ནམས་མཐོ།།

གཙང་བའི་རྡོ་རྗེ་སློབ་དཔོན་གསེར་གྱི་ཁྲི།།
ཇོ་ནང་ཀུན་ཕན་ཚོགས་གཙོའི་ཐུགས་འགན་སོགས།།
བསྟན་པ་རྒྱས་པའི་ཐབས་འཕྲུལ་འབུམ་ཕྲག་གིས།།
སྙིགས་མའི་རྒུད་པ་དབྱིངས་སུ་དག་པར་མཛད།།

གཞན་སྟོང་ལྟ་བའི་གདེངས་ལྡན་ཇོ་ནང་བའི།།
དགོན་སྡེ་བརྒྱ་ཕྲག་དུ་མའི་དྲན་དབང་འབུམ།།
ཐུགས་དགོངས་འོ་མཚོ་གཅིག་ཏུ་འཁྱིལ་བའི་རྩེར།།
བསྟན་པའི་བདག་པོར་བཀུར་བ་ཨེ་མ་ཧོ།།

དབང་ལུང་མན་ངག་བྱེ་བའི་གྲུ་ཆར་འཇོ།།
བྱམས་བརྩེ་ཉི་ཟླ་ཟུང་གི་ཟེར་བརྒྱ་འབར།།
རྟེན་བཞེངས་སྦྱིན་གཏོང་ཡུལ་ཁམས་བདེ་ལ་བཀོད།།
ལྷོ་རྒྱུད་གྲངས་མེད་གདུལ་བྱའི་སྐལ་བ་བཟང་། །

ཅི་ཙམ་ཆེ་དགུའི་གཙུག་གིས་མཆོད་བྱས་པ།།
དེ་ཙམ་དམན་སའི་རྣམ་ཐར་བདག་གིར་བཞེས།།
ཆོས་བརྒྱད་རྟ་རྒྱུགས་འགྲན་པའི་གཡུལ་ས་རུ།།
ཁྱོད་ཉིད་བྱང་འཕགས་སྤྱོད་པས་ཉིན་མཚན་བྲེལ།།

ཆོས་འབྲེལ་མ་ཞུས་གནང་སྦྱིན་མ་བསྩལ་ལ།།
སྒེར་འབྲེལ་མ་བཙུགས་ལན་ལ་མི་རེ་མོད།།
དམ་པའི་མཚན་ཉིད་རྫོགས་པའི་བདེན་དོན་འགའ།།
གསལ་རིག་སེམས་ཀྱིས་རི་མོའི་རིས་སུ་ཕབ།།

སྐུ་ཚེ་མི་འགྱུར་གཡུང་དྲུང་གཤིས་སུ་བརྟན།།
གསུང་དབྱངས་མི་འགག་ཟབ་རྒྱས་ཆོས་ཆར་འཇོ།།
ཐུགས་རྗེ་མི་ཆུང་བསྟན་འགྲོའི་དོན་ལ་བྲེལ།།
འཇིགས་མེད་འཕྲིན་ལས་ཕྱོགས་ལས་རྣམ་པར་རྒྱལ།།

     ཇོ་ནང་བསྟན་པའི་བདག་པོ་རྗེ་འཇིགས་མེད་འཕྲིན་ལས་རྣམ་རྒྱལ་མཆོག་གི་སྐུ་ཚེ་བརྟན་ཅིང་མཛད་འཕྲིན་ཡངས་པའི་ལྗོངས་སུ་རྒྱས་པའི་རྟེན་འབྲེལ་གྱི་དོད་དུ། སྨྱུག་ཐོགས་པ་ལྡོང་ཡོན་ཏན་རྒྱ་མཚོས་དཔལ་གྱི་ཆོས་སྡེ་ཆེན་པོ་སྒོ་མང་དགོན་ནས་གུས་པས་བྲིས། ༢༠༢༡-༣-༡

ནང་དོན་ཡོངས་ཁུངས། ཤམྦྷ་ལའི་སྤྱི་སྟེགས།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།