གྲུབ་མཐའ། སྔོན་ཆད་བོན་པོ། ད་ལྟ་ཇོ་ནང་།
ཕྱག་འདེབས་པ། བོན་བླ་ཡོན་ཏན་རྒྱལ་མཚན་ཡིན་ནམ་བརྟག །
བན་དེར་སྒྱུར་མཁན། མངོན་བྱང་རྡོ་རྗེ་དཔལ་བཟང་།
བཏབ་ལོ། དུས་རབས༡༢པའི་ནང་། ད་ལོའི་བར་བགྲང་བྱ༨༠༠ལྷག་ཙམ་འཁོར།
ཇོ་ནང་དུ་བསྒྱུར་ལོ། ཕྱི་ལོ༡༥༦༨ལོ། ད་ལོའི་བར་བགྲང་བྱ༤༥༣ཙམ་འཁོར།
བྱ་ཡུལ་དགོན་ཞེས་པ་ནི། བོད་མདོ་དབུས་ཁམས་གསུམ་ལས་ཨ་མདོའི་ཁོངས་སུ་གཏོགས། མདོ་ཁམས་གཉིས་ཀྱི་ས་མཚམས་སུ་གནས། ད་ལྟའི་སྲིད་འཛིན་བགོ་སྟངས་ལྟར་ན། སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་ཛམ་ཐང་རྫོང་ན་མདའ་ཡུལ་ཚོའི་བྱ་ཡུལ་སྡེ་བ་རུ་ཆགས། སི་ཁྲོན་ཞིང་ཆེན་གྱི་སྲིད་འཛིན་ལྟེ་གནས་ཁྲེང་ཏུའུ་ནས་སྤྱི་ལེ༥༤༤.༦ཡོད། རྔ་བ་ཁུལ་སྲིད་འཛིན་ལྟེ་གནས་འབར་ཁམས་ནས་སྤྱི་ལེ༢༢༥.༢ཡོད། ཛམ་ཐང་རྗོང་སྲིད་འཛིན་ལྟེ་གནས་རྐ་མདའ་ནས་སྤྱི་ལེ༢༩ཡོད།
དེ་ཡང་དགོན་སྡེ་འདི་ནི། བོད་རབ་བྱུང༣པ་དང་དུས་རབས༡༢པའི་ནང་ཞིག་ཏུ་ཆགས་པར་བཤད། ཐོག་མར་འདེབས་མཁན་སུ་ཡིན་གསལ་ཆ་ཅན་ཞིག་མ་ངེས་ཀྱང་། ཆོས་རྗེ་དགོན་པ་ནི་བོན་བླ་ཡོན་ཏན་རྒྱལ་མཚན་གྱིས་རབ་བྱུང༢པའི་ཆེས་མཐའ་མཇུག་གི་ལོ་སྟེ། ཕྱི་ལོ༡༡༤༦ལོར་བཏབ། ༡༡༤༧ལོ་ནས་རབ་བྱུང༣པའི་མགོར་ཚེས་སོང་བས། བྱ་ཡུལ་དགོན་རབ་བྱུང༣པའི་ནང་བཏབ་པ་ཡིན་ཚེ། དེ་གཉིས་ཀྱི་བར་ལ་བགྲང་བྱ་མང་པོ་བགྲང་དུ་མེད་པ་དང་། ཆོས་རྗེ་དགོན་ནས་བྱ་ཡུལ་དགོན་བར་དུ་སྤྱི་ལེ༨ཙམ་གྱི་ལམ་ཐག་ལས་མེད་པ་དང་། དགོན་འདིའང་ཇོ་ནང་དུ་སྒྱུར་མཁན་ནི་ཆོས་རྗེ་སྐུ་ཕྲེང་གཉིས་པ་རྒྱལ་བ་སེངྒེའི་དངོས་སློབ་མངོན་བྱང་རྡོ་རྗེ་དཔལ་བཟང་ཡིན་པ་སོགས་ལ་བལྟས་ན། ཕལ་ཆེར་འདེབས་མཁན་བོན་བླ་ཡོན་ཏན་རྒྱལ་མཚན་ཏེ་ཆོས་རྗེ་དགོན་པ་འདེབས་མཁན་དང་གཅིག་ཨེ་མིན་འདོད། ཡང་ན་བོན་བླ་ཁོང་རང་ཉིད་མ་ཡིན་ཡང་། ཁོང་དང་འབྲེལ་བའི་དངོས་སློབ་ཅིག་ཡིན་ངེས་སྙམ། གང་ལྟར་མངོན་བྱང་མཆོག་གིས་རབ་བྱུང༡༠པའི་ས་ཕོ་འབྲུག་སྟེ། ཕྱི་ལོ༡༥༦༨ལོར་བན་དེར་བསྒྱུར་ཅིང་། གནས་ཀྱི་མིང་དགོན་པར་བཏགས་ཏེ་དགོན་མིང་ལ་རྫ་གདོང་དགོན་ཞེས་གྲགས། དེ་རྗེས་རབ་བྱུང༡༣པའི་ལྕགས་མོ་གླང་སྟེ། ཕྱི་ལོ༡༧༨༡ལོར་རྒྱ་སྒོ་བླ་མ་ཆོས་འབྱོར(༡༧༣༡༡༨༠༠)གྱིས་དགོན་གནས་འབོ་འབྲིའི་ལུང་མདོར་སྤར་ཏེ། དགོན་མིང་ཡང་འབོ་འབྲི་དགོན་ཞེས་ཐོགས་ཤིང་། གཙང་བ་དགོན་པའི་དགོན་ལག་ཏུ་གཏོགས་པར་བྱས། ཡང་དགོན་པ་འདི་འབོ་འབྲིའི་མདོ་ནས་ཀྱང་གནས་མ་ཆགས་ཏེ། པུ་ཀོས་བླ་མ་ཚུལ་ཁྲིམས(༡༨༠༢༡༨༧༤)དང་། འཛོང་བོ་བླ་མ་བསྟན་སྐྱོང(༡༨༠༣༡༨༨༢)སོགས་ཀྱིས་བྱ་ཡུལ་སྡེ་བའི་རྒྱབ་རི་ལྷ་ཆེན་སྐུ་ཐུ་བོན་རིའི་སྡིངས་སུ་གནས་སྤར། ལ་ལས་དགོན་སྡེ་འདི་མངོན་བྱང་རྡོ་རྗེ་དཔལ་བཟང་གིས་ཇོ་ནང་གི་ཆོས་བརྒྱུད་དུ་བསྒྱུར་བ་མ་ཤེས་པར། རྒྱ་སྒོ་བླ་མ་ཆོས་འབྱོར་གྱིས་བསྒྱུར་བ་གཞིར་བཞག་སྟེ། ཕྱི་ལོ༡༧༣༡ལོར་ད་དུང་བོན་གྱི་གྲུབ་མཐའ་འཛིན་པའི་དགོན་སྡེ་ཞིག་ཡིན་རབས་བཤད་ཡོད་མོད། དེ་དག་ནི་ལོ་རྒྱུས་ལ་རྨོངས་པའི་གཏམ་སྟེ་མ་དག་པའོ། །ད་ལྟ་གདན་རབས་དང་པོར་རྒྱ་སྒོ་བླ་མ་ཆོས་འབྱོར་ནས་བརྩིས་ཏེ་གདན་རབས་བཅུ་གཉིས་བགྲང་མོད། གུས་པས་ནི་མངོན་བྱང་མཆོག་གདན་རབས་དང་པོར་བགྲང་ཞིང་ད་ལྟའི་བར་གདན་རབ་བཅུ་གསུམ་བགྲང་ན་ལེགས་སྙམ། མདོར་ན། འཛོང་བོ་སྐྱབས་མགོན(༡༨༤༧༡༩༣༠)དང་། རྡོ་རྗེ་འཆང་བླ་མ་བསྟན་པ་རབ་རྒྱས(༡༨༧༥༡༩༥༠)། གུས་པའི་རྩ་བའི་བླ་མ༧ངག་དབང་ཆོས་ཀྱི་མཛོད་འཛིན(༡༩༣༥༢༠༠༠)སོགས་སྐྱེས་ཆེན་མང་པོ་བྱོན་ཏེ་དགོན་སྡེ་འདི་བསྐྱངས་པར་གྱུར། ད་ལྟ་རྡོ་རྗེ་སློབ་དཔོན་ངག་དབང་མཐོང་གསལ་རྒྱ་མཚོ་སོགས་ཀྱི་མཛད་འཕྲིན་ལ་བརྟེན། རྫོགས་རིམ་སྦྱོར་བ་ཡན་ལག་དྲུག་སོགས་ཉམས་ལེན་བགྱིས་ཏེ་སྒྲུབ་བརྒྱུད་ཀྱི་བསྟན་པ་དར་མུས་སུ་མཆིས། ཕྲན་ཡང་དགོན་པ་འདིའི་གྲལ་སྣེ་མཐུད་མཁན་ཞིག་གོ །
ནང་དོན་ཡོངས་ཁུངས། འོད་འཛིན་སྤྱི་སྟེགས།

