སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཐེག་པ་ཆེ་ཆུང་གི་ཆོས་ཀྱི་ཕུང་པོ་ཚད་མེད་ཅིང་གྲངས་མེད་པ་ཇི་སྙེད་ཅིག་བཀའ་བསྩལ་པ་ལས། འདིར་ཐེག་པ་ཆུང་ངུའི་མདོ་སྡེ་ཉིད་ལ་བརྟེན་ནས་ཉན་ཐོས་པའི་སྡེ་བ་བཅོ་བརྒྱད་ཀྱི་བྱུང་རིམ་ཅུང་ཟད་ཙམ་རྗོད་པར་བྱེད་པ་ལ། སངས་རྒྱས་ཞལ་བཞུགས་པའི་དུས་སུ་དང་། དེ་བཞིན་གཤེགས་པ་དང་མཆོག་ཟུང་སོགས་མྱ་ངན་ལས་འདས་ཏེ་འོད་སྲུང་ཆེན་པོའི་བསྟན་པ་སྐྱོང་བའི་དུས་དང་། དེས་ཉེ་གནས་ཆེན་པོ་མང་དུ་ཐོས་པ་ཐམས་ཅད་ཀྱི་མཆོག་འཕགས་པ་ཀུན་དགའ་བོ་ལ་བསྟན་པ་གཏད་དེ་དེས་ལོ་བཞི་བཅུར་བསྟན་པ་སྐྱོང་པའི་ཡུན་སྟེ། ཀུན་དགའ་བོ་མྱ་ངན་ལས་འདས་པའི་ཕྱི་ལོ་དེར་རྒྱལ་པོ་མ་སྐྱེས་དགྲ་ཡང་ཚེའི་དུས་བྱས་པ་ཡིན་པས། འདིའི་བར་དུ་རྒྱལ་བོ་མ་སྐྱེས་དགྲས་རྒྱལ་སྲིད་བྱེད་པའི་དུས་སོ། །ཀུན་དགའ་བོས་ཤ་ནའི་གོས་ཅན་ལ་བསྟན་པ་གཏད་དེ། མ་སྐྱེས་དགྲས་བུ་རྒྱལ་པོ་ལག་བཟང་གིས་རྒྱལ་སྲིད་ཀྱི་ལོ་༼སྲིད་ཅི་ཙམ་བསྐྱངས་པའི་ལོ་གྲངས་མ་རྙེད་ཀྱང་བཀའ་འཕགས་པ་དྷཱི་ཏི་ཀའི་དུས་སུ་བཀའ་བསྡུ་གཉིས་པ་ཡན་ན་ལོ་བརྒྱ་དང་བཅུ་འདས་པ་འཐད་ཕྱོགས་ཡིན་པས་རྒྱལ་པོ་འདིའི་སྲིད་ཀྱི་ལོ་ཡང་བཅུ་ཡས་མས་ཤིག་ལས་མི་ཐོབ་པ་ཡིན།༽ཅི་ཙམ་པ་དང་། དེའི་བུ་རྒྱལ་པོ་གཞུ་བཟང་གིས་ལོ་ཉི་ཤུ་རྩ་གསུམ་དུ་རྒྱལ་སྲིད་བྱས་ཏེ་ཚེའི་དུས་བྱས་ནས་ཅུང་ཟད་ཙམ་གྱི་བར་དུ། འཕགས་པ་ཤ་ནའི་གོས་ཅན་གྱིས་བསྟན་པ་སྐྱོང་བའི་དུས་སོ། །ཤ་ནས་གོས་ཅན་གྱིས་སྟོན་པས་མཚན་མེད་པའི་སངས་རྒྱས་སུ་ལུང་བསྟན་པ་འཕགས་པ་ཉེ་སྦས་ལ་བསྟན་པ་གཏད་དེ། རྒྱལ་པོ་གཞུ་བཟང་གི་བུ་རྒྱལ་པོ་དབང་ཆེན་གྱིས་རྒྱལ་སྲིད་ལོ་དགུའི་ཡུན་དང་། རྒྱལ་པོ་དབང་ཆེན་གྱི་བུ་རྒྱལ་པོ་ཙ་མ་ཤཱས་ལོ་ཉེར་གཉིས་སུ་རྒྱལ་སྲིད་བྱས་པའི་ཡུན་ཕལ་ཆེར་ལ་ཤ་ནའི་གོས་ཅན་གྱིས་བསྟན་པ་སྐྱོང་བའི་དུས་སོ། །མ་ག་དྷཱར་རྒྱལ་པོ་ཙ་མ་ཤཱ་ཚེའི་དུས་བྱས་ནས་དེ་ལ་བུ་བཅུ་གཉིས་པ་ཡོད་ལས་འགའ་ཞིག་རྒྱལ་སྲིད་དུ་བསྐོས་ཀྱང་སྲིད་ཟིན་པ་སུ་ཡང་མ་བྱུང་ལ། བློན་པོ་ངང་ཚུལ་ཟབ་པ་ཞེས་པས་ལོ་འགའ་ཙམ་རྒྱལ་སྲིད་བྱས་ཀྱང་། བྱང་ཕྱོགས་སུ་མྱ་ངན་མེད་ཀྱི་ཡབ་རྒྱལ་པོ་ནེ་མཱི་ཏ་དང་དེའི་བུ་རྣམས་ལ་གཡུལ་འཐབ་པས་ཕམ་སྟེ། མ་སྐྱེས་དགྲས་རྒྱལ་རྒྱུད་མཇུག་གྲིལ་བ་ཡིན་ནོ། །དགྲ་བཅོམ་པ་ཉེ་སྦས་ཀྱིས་འཕགས་པ་དྷཱི་ཏི་ཀ་ལ་བསྟན་པ་གཏད་ཅིང་། འདི་དུས་སུ་ཡངས་པ་ཅན་གྱི་དགེ་སློང་མང་པོས་མི་རུང་བའི་གཞི་བཅུ་སྤྱོད་ཅིང་འཕགས་པ་དྷཱི་ཏི་ཀ་ལ་བསྐུར་བ་བཏབ་པ་ལ། ཡངས་པ་ཅན་ཉིད་ན་བཞུགས་པའི་དགྲ་བཅོམ་པ་གྲགས་པ་ལ་སོགས་པ་བདུན་བརྒྱས་སུན་ཕྱུང་སྟེ། ཡང་དག་པའི་ལམ་དུ་ཕྱོགས་གཅིག་བཀོད་པ་ལ་བཀའ་བསྡུ་གཉིས་པར་གྲགས། འདི་ཡན་དུ་སངས་རྒྱས་འདས་ནས་ལོ་བརྒྱ་དང་བཅུ་ལོན་པ་ཡིན་ནོ། །འཕགས་དྷཱི་ཏི་ཀས་དགྲ་བཅོམ་པ་ནག་པོ་ལ་བསྟན་པ་གཏད་དེ། འདི་དུས་སུ་ཁ་ཆེའི་ཡུལ་དུ་མང་དུ་ཐོས་པ་དགེ་སློང་གནས་པ་ཞེས་པའི་བདག་ཏུ་ལྟ་བའི་ལྟ་བ་མང་དུ་སྨྲས་པས་དགེ་འདུན་ཅུང་ཟད་རྩོད་པར་བྱུང་ཡང་དགེ་འདུན་ཐམས་ཅད་འདུས་ཏེ་སླར་བདག་མེད་པའི་ཆོས་ལ་རྩོད་པ་མེད་པར་ཞིའོ། ། དགྲ་བཅོམ་པ་ནག་པོས་འཕགས་ལ་ལེགས་མཐོང་ཆེན་པོ་ལ་བསྟན་པ་གཏད་དེ། རྒྱལ་པོ་མྱ་ངན་མེད་ཆུང་ངུའི་དུས་སུ་འཕགས་པ་དྷཱི་ཏི་ཀའི་བསྟན་པ་སྐྱོང་བའི་དུས་སང་། རྒྱལ་པོ་མྱ་ངན་མེད་སྡིག་སྤྱོད་ལ་གནས་པའི་ཚེ་དགྲ་བཅོམ་པ་ནག་པོས་བསྟན་པ་སྐྱོང་བའི་དུས་དང་། རྒྱལ་པོ་མྱ་ངན་མེད་ཆོས་རྒྱལ་དུ་གྱུར་པ་ན་ལེགས་མཐོང་ཆེན་པོས་བསྟན་པ་སྐྱོང་བའི་དུས་ཡིན་ཏེ། དེ་ལྟ་ན་འདི་ཡན་དུ་གཏད་རབས་བདུན་གྱི་དུས་རྫོགས་པ་ཡིན་ཏེ། འདི་ཡན་དུ་སྟོན་པ་མྱ་ངན་ལས་འདས་ཏེ་ལོ་བརྒྱ་དང་ལྔ་བཅུ་ནས་བརྒྱད་ཅུ་ཡས་མས་ཤིག་ཏུ་གསལ་ལོ། །རྒྱལ་པོ་མྱ་ངན་མེད་ལ་བུ་གཅིག་ཡོད་པ་མཆོག་ཏུ་གྱུར་རྒྱལ་བུ་བ་ཀུ་ན་ལ་ཡིན་པ་ལས། དེ་རྒྱལ་སྲིད་ལ་མ་འཁོད་པར་རབ་ཏུ་བྱུང་སྟེ་དགྲ་བཅོམ་པར་གྱུར་པས། དེའི་བུ་མྱ་ངན་མེད་ཀྱི་ཚ་བོ་མྱ་ངན་བྲལ་རྒྱལ་སྲིད་དུ་བཀོད་དོ། །རྒྱལ་པོ་མྱ་ངན་བྲལ་གྱི་བུ་རྒྱལ་པོ་དཔའ་བོའི་སྡེ་ཞེས་བྱ་བས་རྒྱལ་སྲིད་བྱེད་པ་ན། ཕ་མ་དགྲ་བཅོམ་པ་གསུམ་ཅར་བསད་པའི་མཚམས་མེད་ཀྱི་ལས་ཅན་ཞིག་རང་གི་སྤྱོད་ཚུལ་གསང་སྟེ། ཁ་ཆེའི་ཡུལ་དུ་རབ་ཏུ་བྱུང་ནས་དགེ་སློང་ལྷ་ཆེན་པོ་ཞེས་བྱ་བར་གྱུར་ཏེ་དགྲ་བཅོམ་པར་གྲགས་ནས། སོ་སོར་ཐར་བའི་མདོ་བཏོན་པ་ན་ཡང་མདོ་ཚིག་མ་ཡིན་པ་བཅུག་པ་དང་། མདོའི་དོན་ཡང་ལོག་པར་མང་དུ་བཤད་པས་རྩོད་པ་དང་བཅས་པར་བྱས་ཤིང་། དེ་ཤི་བ་དང་དགེ་སློང་བཟང་པོ་ཞེས་བྱ་བས་ཀྱང་བཀའི་དོན་ལ་ཐེ་ཚོམ་མང་པོ་བསྐྱེད་ཅིང་། གཞན་ལ་ལན་གདབ་པ་དང་། མ་ཤེས་པ་དང་། ཡིད་གཉིས་དང་། ཡོངས་སུ་བརྟག་པ་དང་། བདག་ཉིད་གསོ་བར་བྱེད་པ་སྟེ་གཞི་ལྔ་ཡོངས་སུ་བསྒྲགས་ནས། འདི་ནི་སངས་རྒྱས་ཀྱི་བསྟན་པའོ་ཞེས་བཤད་པས། བཀའ་ལ་གོ་བ་འཚོལ་ལུགས་ཐ་དད་པ་བྱུང་སྟེ། རྩོད་པ་སྣ་ཚོགས་པ་ལངས་བར་བྱས་སོ། །ཡུལ་ཐ་དད་པའི་སྐད་སྣ་ཚོགས་སུ་མདོ་འདོན་པ་རྣམས་ལ་ངག་སྒྲོས་ཅུང་ཟད་འཆུག་པ་བྱུང་བས་ཀྱང་རྩོད་པ་འཕེལ་ཏེ། དགྲ་བཅོམ་པ་དང་མཁས་པ་དག་གིས་རྩོད་ཆོས་ཕྱོགས་སུ་ཞི་བར་བྱས་ཀྱང་། སོ་སོའི་སྐྱེ་བོའི་ཉན་ཐོས་དག་གིས་རྩོད་པ་འཕེལ་བར་བྱས་པས་ཡོངས་སུ་ཞི་བར་མ་ནུས་ཏེ། སྡེ་བ་བཅོ་བརྒྱད་དུ་གྱེས་པའི་རྨང་གཞིའི་རྩོད་གླེང་འདི་ནས་འགོ་བཟུང་བ་ཡིན་ནོ། །རྒྱལ་པོ་དཔའ་བོའི་སྡེ་ཚེའི་དུས་བྱས་ཏེ་དེའི་བུ་རྒྱལ་པོ་དགའ་བོས་ལོ་ཉེར་དགུར་རྒྱལ་སྲིད་མཛད་དེ། སྐབས་དེར་རྒྱལ་པོའི་པོ་བྲམ་ཟེ་པཱ་ཎི་ཞེས་པ་ནང་པ་དག་གིས་སྤྱན་རས་གཟིགས་སུ་འདོད་ཅིང་། ཕྱི་པ་དག་གིས་དབང་ཕྱུག་ཏུ་འདོད་པའི་འཇིག་རྟེན་གསུམ་གྱི་སྒྲ་མ་ལུས་པ་མཁྱེན་པ་སྒྲའི་བསྟན་བཅོས་ཀྱི་ཐོག་མར་མཛད་པ་པོ་དེ་ཉིད་བྱུང་བ་ཡིན་ལ། མང་དུ་ཐོས་པའི་དགེ་སླ྄ོང་ཀླུ་ཞེས་བྱ་བ་ཞིག་བྱུང་སྟེ། དེས་སྔར་གྱི་དགེ་སློང་བཟང་པོས་གཞི་ལྔ་བསྒྲགས་པ་ཏེ་མཆོག་ཏུ་བསྔགས་ནས། རྩོད་པ་ཆེས་ཆེར་བསྐྱེད་པས་རྩ་བའི་སྡེ་བ་བཞིར་གྱེས་སོ། །རྒྱལ་པོ་དགའ་བོའི་བུ་རྒྱལ་པོ་པདྨ་ཅན་གྱི་རྒྱལ་སྲིད་བྱེད་པ་ན། དགེ་སློང་ཡིད་བརྟན་ཞེས་པ་སྔར་གྱི་དགེ་སློང་ཀླུའི་རྗེས་སུ་ཞུགས་ལ་ཞིག་གིས་གཞི་ལྔ་པོ་དེ་ཀུན་ཏུ་བསྒྲགས་ནས། སྔར་ལས་ཀྱང་རྩོད་པ་རྒྱ་ཆེར་སྤེལ་བས་སྡེ་བ་བཞི་ཡང་རིམ་པས་བཅོ་བརྒྱད་དུ་གྱེས་སོ། །འདི་དུས་བྱེ་བྲག་བཤད་མཛད་ཆེན་མོ་ཡི་གེར་བྲིས་ལ་ཆོས་སྨྲ་བ་རེ་རེའི་ཕྱག་ཏུ་ཕུལ་བར་གསུངས་པས། བྱེ་བྲག་བཤད་མཛོད་ཆེན་མོ་འདི་དུས་གསར་དུ་གྲུབ་པར་འདོད་པ་དང་། འཕགས་པ་ཉེ་སྦས་ཀྱི་དུས་སུ་དགྲ་བཅོམ་པ་དག་གིས་བརྩམས་པར་འདོད་པ་གང་ལྟར་ཡང་། སྐབས་འདིར་བྱེ་བྲག་བཤད་པའི་མཛོད་ཀྱི་བསྟན་བཅོས་ཆེར་ཆེར་དར་བ་ནི་གདོན་མི་ཟའོ། །རྒྱལ་པོ་པདྨ་ཆེན་པོ་འདི་མྱ་ངན་མེད་ཀྱི་རྒྱལ་རྒྱུད་ཐ་མ་དེ་ཡིན་ནོ། །དེ་ནས་ཛ་ལནྡྷ་རའི་ཡུལ་གྱི་རྒྱལ་པོ་ཀ་ནི་ཥྐ་ཞེས་བྱ་བ་བྱུང་སྟེ། མྱ་ངན་མེད་ཀྱི་རྒྱལ་བརྒྱུད་རྒྱལ་པོ་དཔའ་བོའི་སྡེའི་སྐུ་ཚེའི་སྨད་དང་། རྒྱལ་པོ་དགའ་བོ་དང་པདྨ་ཆེན་པོ་གཉིས་ཀྱི་སྐུ་ཚེ་ཧྲིལ་བོ། ཐོར་བུར་བྱུང་བའི་རྒྱལ་པོ་ལས་ཛ་ལནྡྷ་རའི་ཡུལ་གྱི་རྒྱལ་པོ་ཀ་ནི་ཥྐ་སྐུ་ཚེའི་སྟོད་ཡན་ཆད་དུ་དགེ་འདུན་རྩོད་པ་བྱུང་སྟེ། རྩོད་པ་དྲག་པོ་ལོ་དྲུག་ཅུ་རྩ་གསུམ་དུ་བྱུང་ཞིང་། སྔ་ཕྱིར་རྩོད་པ་ཅི་རིགས་ཡོད་པ་དང་བཅས་ན་ལོ་བརྒྱར་ཉེ་བ་ཙམ་ཞིག་ཡིན་ནོ། །འདི་དུས་སུ་ཤར་ཕྱོགས་སུ་འཕགས་པ་རྩིབས་ལོག་ཅེེས་བྱ་བ་མང་དུ་ཐོས་པའི་མཆོག་ཅིག་བྱོན་ནས། དེས་གནས་བརྟན་མང་དུ་ཐོས་པ་འགའ་ལས་གསེར་ཕྲེང་ཅན་གྱི་རྟོགས་བརྗོད་ཅེས་བྱ་བ་རྒྱལ་ཀྲི་ཀྲིའི་རྨི་ལམ་ལུང་བསྟན་པའི་མདོ་ལ་སོགས་ཤིན་ཏུ་དཀོན་པ་དག་ཀྱང་འདོན་པར་བྱས་པས། བཅོ་བརྒྱད་པོའི་རྩོད་པ་ཆོས་ཕྱོགས་སུ་ཞི་ནས། སྡེ་བ་བཅོ་བརྒྱད་པོ་ཐམས་ཅད་བསྟན་པ་རྣམ་དག་ཏུ་བསྒྲུབས་སོ། །འདུལ་བ་གཙོ་བོར་གྱུར་བའི་སྡེ་སྣོད་ཡི་གེར་མ་འཁོད་པ་ཐམས་ཅད་ཡི་གེར་བཀོད་ཅིང་། སྔར་འཁོད་པ་རྣམས་ལ་ཡང་དག་ཐེར་མཛད་དེ། འདི་ཉིད་ལ་བཀའ་བསྡུ་གསུམ་པ་ཞེས་བྱའོ། །འདི་དག་ནི་ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐ་མཆོག་གིས་མཛད་པའི་རྒྱ་གར་ཆོས་འབྱུང་གི་དོན་གཞིར་བཞག་ནས་དཔྱད་དེ་བྲིས་པས་ཁུངས་ཚད་ལྡན་དང་བཅས་པ་ཁོ་ན་ཡིན་ནོ།
རྩ་བའི་སྡེ་པ་བཞི་ནི། ཉན་ཐོས་སྡེ་པ་བཅོ་བརྒྱད་ཀྱི་གྱེས་གཞི་སྟེ། གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པ་དང་། ཕལ་ཆེན་པའི་སྡེ་པ་དང་། གནས་བརྟན་པའི་སྡེ་པ་དང་། མང་པོས་བཀུར་བའི་སྡེ་པའོ།
དེ་དག་ལས་སྡེ་བ་བཅོ་བརྒྱད་དུ་གྱེས་པ་ནི། འཕགས་པ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་ལ་རྣམ་པ་བདུན་ཏེ། ༡ གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ། ༢ འོད་སྲུངས་པའི་སྡེ། ༣ ས་སྟོན་སྡེ། ༤ ཆོས་སྲུང་སྡེ། ༥ མང་དུ་ཐོས་པའི་སྡེ། ༦ གོས་དམར་སྡེ། ༧ རྣམ་པར་ཕྱེ་སྡེ་སྨྲ་བའི་སྡེའོ། །མང་པོས་བཀུར་བའི་སྡེ་ལ་རྣམ་པ་གསུམ་སྟེ། ༡ ས་སྒྲོག་རི་ལ་གནས་པའི་སྡེ། ༢ སྲུང་བ་པའི་སྡེ། ༣ གནས་མ་བུ་པའི་སྡེའོ། ཕལ་ཆེན་སྡེ་ལ་རྣམ་པ་ལྔ་སྟེ། ༡ ཤར་རི་ལ་གནས་པའི་སྡེ། ༢ ནུབ་རི་ལ་གནས་པའི་སྡེ། ༣ གངས་རིར་གནས་པའི་སྡེ། ༤ འཇིག་རྟེན་འདས་པར་སྨྲ་བའི་སྡེ། ༥ བཏགས་པར་སྨྲ་བའི་སྡེའོ། གནས་བརྟན་པའི་སྡེ་ལ་རྣམ་པ་གསུམ་སྟེ། ༡ རྒྱལ་བྱེད་ཚལ་ན་གནས་པའི་སྡེ། ༢ འཇིགས་མེད་རི་ལ་གནས་པའི་སྡེ། ༣ གཙུག་ལག་ཁང་ཆེན་ན་གནས་པའི་སྡེ་བཅས་སོ། །
རྒྱལ་པོ་ཀྲི་ཀྲིའི་རྨི་ལམ་ལུང་བསྟན་གྱི་མདོ་ནི། ཆོས་མངོན་པ་མཛོད་ཀྱི་མདོའི་འགྲེལ་པ་བལ་པོ་ཞིག་ནས་ལྷས་མཛད་པར་གསེར་ཕྲེང་ཅན་གྱི་རྟོགས་བརྗོད་དུ་རྒྱལ་པོ་ཀྲི་ཀྲིའི་རྨི་ལམ་ལུང་བསྟན་གྱི་མདོ་དྲངས་པ་ལས། བཙུན་པ་མདང་བདག་མཚན་མོའི་རྨི་ལམ་ན་རྨི་ལམ་ཐུན་བཅུ་མཐོང་སྟེ། བཙུན་པ་གླང་པོ་ཆེ་ཆེན་པོ་སྐར་ཁུང་ནས་བྱུང་བ་ལ་མཇུག་མ་ཐོགས་པ་དང་། སྐོམ་པ་མ་ཡིན་པ་རྣམས་ཀྱི་ཕྱི་བཞིན་དུ་ཁྲོན་པ་གདའ་བ་དང་། ཕྱེ་བྲེ་གང་དང་མུ་ཏིག་བྲེ་གང་བརྗེ་བ་དང་། ཙནྡན་ཤིང་ཐ་མལ་པ་ལ་འཚོང་བ་དང་། ཀུན་དགའ་ར་བ་མེ་ཏོག་དང་འབྲས་བུ་ཕུན་སུམ་ཚོགས་ལ། མེ་ཏོག་དང་འབྲས་བུ་ཕུན་སུམ་ཚོགས་བདེ་ནི་ཐམས་ཅད་མ་བྱིན་པར་ལེན་པས་ཕྲོགས་པ་དང་། གླང་པོ་ཆེ་ཆུང་ངུས་སྤོས་ཀྱི་གླང་པོ་ཆེ་བསྡིགས་པ་དང་། སྤྲེའུ་མི་གཙང་བས་འབགས་པས་གཞན་ལ་སྐུད་པ་དང་། སྤྲེའུ་རྒྱལ་པོར་དབང་བསྐུར་བ་དང་། སྣམ་བུ་གཅིག་མི་བཅོ་བརྒྱད་ཀྱིས་བགོས་པ་ལ་ སྣམ་བུ་ཡང་དེ་བཞིན་དུ་གནས་པ་དང་། སྐྱེ་བོ་ཕལ་པོ་ཆེའི་ཚོགས་འདུས་ཏེ་ཚིག་ངན་བརྗོད་ཅིང་ཆད་པ་དང་གནོད་པ་བྱེད་པ་བདག་གིས་མཐོང་ངོ་། །མཐོང་ནས་བདག་རྒྱལ་སྲིད་ལས་ཉམས་པའམ། སྲོག་གི་བར་ཆད་དུ་འགྱུར་དུ་འོང་ཞེས་བདག་རེངས་ཤིང་འཇིགས་པ་དང་སྐྲག་པར་གྱུར་ཏོ། །དེ་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུངས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ། །རྒྱལ་པོ་ཆེན་པོ་མ་འཇིགས་ཤིག །རྒྱུ་འདི་ལས་ཁྱོད་རྒྱལ་སྲིད་ལས་ཉམས་པ་དང་། སྲོག་གི་བར་ཆད་དུ་མི་འགྱུར་གྱི་མ་འཇིགས་ཤིག །དེ་ཅིའི་ཕྱིར་ན། རྒྱལ་པོ་ཆེན་པོ་གང་ཁྱོད་ཀྱིས་གླང་པོ་ཆེ་སྐར་ཁུང་ནས་བྱུང་བ་ལ་མཇུག་མ་ཐོགས་པ་མཐོང་བ་དེ་ཅིའི་སྔ་ལྟས་ཤེ་ན། མ་འོངས་པ་ན་སྐྱེ་དགུའི་ཚེ་ལོ་བརྒྱ་ཐུབ་པའི་དུས་ན། ཤཱཀྱ་ཐུབ་པ་ཞེས་བྱ་བའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འབྱུང་བར་འགྱུར་ཏེ། དེའི་ཉན་ཐོས་དང་རང་གི་སྐྱེ་བོ་གཉེན་བཤེས་རྒྱ་ཆེན་པོ་སྤངས་ནས་རབ་ཏུ་བྱུང་སྟེ། དེ་ལྟར་རབ་ཏུ་བྱུང་ནས་གཙུག་ལག་ཁང་ལ་ཁྱིམ་གྱི་འདུ་ཤེས་སྐྱེ་བར་འགྱུར་ཞིང་། དེ་ནས་སེར་སྣ་ཀུན་དུ་བརྟེན་ཅིང་ལན་མང་དུ་བྱས་པས་ལུས་ཞིག་སྟེ་ཤི་བའི་འོག་ཏུ་ངན་སོང་ངན་འགྲོ་རྣམས་སུ་ལྟུང་ཞིང་སྐྱེ་བར་འགྱུར་བ་དེའི་སྔ་ལྟས་ཡིན་ནོ། །རྒྱལ་པོ་ཆེན་པོ་ཁྱོད་ཀྱིས་སྐོམ་པ་མ་ཡིན་པ་རྣམས་ཀྱི་ཕྱི་བཞིན་དུ་ཁྲོན་པ་གདའ་བ་རྨི་ལམ་དུ་མཐོང་བ་དེ་ཅིའི་སྔ་ལྟས་ཤེ་ན། དེའི་ཉན་ཐོས་དག་བྲམ་ཟེ་དང་ཁྱིམ་བདག་རྣམས་ལ་ཆོས་སྟོན་པ་དེ་དག་ཉན་པར་མི་འདོད་ཅིང་གནས་པར་འགྱུར་པ་དེའི་སྔ་ལྟས་སོ། །རྒྱལ་པོ་ཆེན་པོ་ཁྱོད་ཀྱི་ཕྱེ་བྲེ་གང་དང་མུ་ཏིག་བྲེ་གང་བརྗེ་བ་རྨི་ལམ་དུ་མཐོང་བ་དེ་ཅིའི་སྔ་ལྟས་ཤེ་ན། དེའི་ཉན་ཐོས་ཕྱེ་ཚོལ་བའི་ཕྱིར་དབང་པོ་དང་སྟོབས་དང་བྱང་ཆུབ་ཀྱི་ཡན་ལག་ལ་སོགས་པའི་རིན་པོ་ཆེ་ཡང་དག་པར་གསལ་བར་བྱེད་དེ། དེའི་སྔ་ལྟས་སོ། །རྒྱལ་པོ་ཆེན་པོ་ཁྱོད་ཀྱིས་ཙནྡན་ཤིང་ཐ་མལ་པར་འཚོང་བ་རྨི་ལམ་དུ་མཐོང་བ་དེ་ཅིའི་སྔ་ལྟས་ཤེ་ན། དེའི་ཉན་ཐོས་དག་ལུས་མ་བསྒོམས་པ་འབྱུང་བར་འགྱུར་ཞིང་། ཚུལ་ཁྲིམས་མ་བསྒོམས་པ་དང་། སེམས་མ་བསྒོམས་པ་དང་། ཤེས་རབ་མ་བསྒོམས་པ་དག་འབྱུང་བར་ འགྱུར་ལ། ལུས་མ་བསྒོམས་པ་དང་། ཚུལ་ཁྲིམས་མ་བསྒོམས་པ་དང་། སེམས་མ་བསྒོམས་པ་དང་། ཤེས་རབ་མ་བསྒོམས་པས་མུ་སྟེགས་ཀྱི་བསྟན་པ་འཛིན་ཅིང་སངས་རྒྱས་ཀྱི་གསུང་རབ་དང་མཉམ་པར་བྱེད་པར་འགྱུར་ཏེ། དེའི་སྔ་ལྟས་སོ། །རྒྱལ་པོ་ཆེན་པོ་ཁྱོད་ཀྱིས་ཀུན་དགའ་ར་བ་མེ་ཏོག་དང་འབྲས་བུ་ཕུན་སུམ་ཚོགས་པ་དག་མ་བྱིན་པར་ལེན་པས་ཕྲོགས་པ་རྨི་ལམ་དུ་མཐོང་བ་དེ་ཅིའི་སྔ་ལྟས་ཤེ་ན། དེའི་ཉན་ཐོས་ཁྱིམ་ལ་བརྟེན་ཏེ་དགེ་འདུན་གྱི་མེ་ཏོག་དང་འབྲས་བུ་བཙོངས་ཤིང་བཙོངས་ཏེ་བཟུང་ནས་འཚོ་བའི་ཕྱིར་སེམས་པ་དག་འབྱུང་བར་འགྱུར་ཏེ། དེ་ནི་དེའི་སྔ་ལྟས་སོ། །རྒྱལ་པོ་ཆེན་པོ་གང་ཁྱོད་ཀྱིས་གླང་པོ་ཆུང་ངུས་སྤོས་ཀྱི་གླང་པོ་ཆེན་པོ་སྐྲག་པར་བྱེད་པ་རྨི་ལམ་དུ་མཐོང་བ་དེ་ཅིའི་སྔ་ལྟས་ཤེ་ན། དེའི་ཉན་ཐོས་ཚུལ་ཁྲིམས་འཆལ་པ་སྡིག་པའི་ཆོས་ཅན་དག་འབྱུང་བར་འགྱུར་ཏེ། དེས་གང་དག་དགེ་སློང་ཚུལ་ཁྲིམས་དང་ལྡན་པ་ཡོན་ཏན་དང་ལྡན་པ། དེས་ཤིང་དགེ་བ་དེ་དག་བསྐྲད་ནས་གནས་གཞན་ན་གནས་པར་འགྱུར་ཏེ། དེ་ནི་དེའི་སྔ་ལྟས་སོ། །རྒྱལ་པོ་ཆེན་པོ་ཁྱོད་ཀྱིས་སྤྲེའུ་མི་གཙང་བས་འབགས་པ་གཞན་ལ་སྐུད་པ་རྨིས་པ་དེ་ཅིའི་སྔ་ལྟས་ཤེ་ན། དེའི་ཉན་ཐོས་སྡིག་པའི་ཆོས་ཅན་ཚུལ་ཁྲིམས་འཆལ་པ་དེ་དག་གིས་དགེ་སློང་ཚུལ་ཁྲིམས་དང་ལྡན་པ་ཡོན་ཏན་དང་ལྡན་པ་དེས་ཤིང་དགེ་བའི་ཆོས་ཅན་དག་ལ་མི་བདེན་པའི་སྐྱོན་འགེལ་བར་འགྱུར་ཏེ། དེའི་སྔ་ལྟས་སོ། །རྒྱལ་པོ་ཆེན་པོ་ཁྱོད་ཀྱིས་སྤྲེའུ་རྒྱལ་པོར་དབང་བསྐུར་བ་རྨིས་པ་དེ་ཅིའི་སྔ་ལྟས་ཤེ་ན། དེའི་དུས་ན་མ་ནིང་ཡང་རྒྱལ་པོ་བྱེད་པར་འགྱུར་ཏེ། དེའི་སྔ་ལྟས་སོ། །རྒྱལ་པོ་ཆེན་པོ་ཁྱོད་ཀྱིས་སྣམ་བུ་གཅིག་མི་བཅོ་བརྒྱད་ཀྱིས་བགོས་ལ་སྣམ་བུ་ཡང་དེ་བཞིན་དུ་གནས་པ་རྨི་ལམ་དུ་མཐོང་བ་དེ་ཅིའི་སྔ་ལྟས་ཤེ་ན། དེའི་བསྟན་པ་ཁ་བཅོ་བརྒྱད་དུ་གྱེས་པར་གྱུར་ལ་རྣམ་པར་གྲོལ་བའི་སྣམ་བུ་ནི་རལ་བར་མི་འགྱུར་ཏེ། དེའི་སྔ་ལྟས་སོ། །རྒྱལ་པོ་ཆེན་པོ་ཁྱོད་ཀྱིས་གང་སྐྱེ་བོ་ཕལ་པོ་ཆེའི་ཚོགས་འདུས་ཤིང་ཚིག་ངན་བརྗོད་དེ། ཆད་པ་དང་གནོད་པ་བྱེད་པ་རྨི་ལམ་དུ་མཐོང་བ་དེ་ཅིའི་སྔ་ལྟས་ཤེ་ན། དེའི་བསྟན་པ་ལོ་སྟོང་དུ་གནས་ཤིང་ངན་པར་སྨྲ་བ་དང་ཆད་པ་བྱེད་པས་ནུབ་པར་འགྱུར་ཏེ། ཞེས་པ་དེ་ཡིན་ནོ། །
རྩོམ་པ་པོ། རིས་མེད་མཐོ་སློབ་མཁན་ཆེན་དཔལ་འབྱོར་ཚེ་རིང་།
ནང་དོན་ཡོངས་ཁུངས། ཇོ་ནང་རིག་གཞུང་སྟེགས་བུ།