གཙང་ཞོལ་མ་དཔལ་ངེས་དོན་བཀྲ་ཤིས་ཆོས་འཁོར་གླིང་གི་ལོ་རྒྱུས་མདོར་བསྡུས། ༡ རྒྱུན་ལྡན་གཙང་ཞོལ་མ་དགོན། སྒོ་བྱང་སྟེང་ངེས་དོན་བཀྲ་ཤིས་ཆོས་འཁོར་གླིང་། ༢ དགོན་གནས་ཆོས་ལུང་ཡར་ཐང་། མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་དགའ་བདེ་རྫོང་གཙང་ཞོལ་མ་ཡུལ་ཚོའི་མངའ་ཁོངས་སུ་ཆགས། ༣ དགོན་འདེབས་པའི་སྤྱི་ལོ (1806) རབ་བྱུང་བཅུ་གསུམ་པའི་མེ་སྤྲེལ་ལོ་ཡིན། ཆ་ལུང་བ་ངག་དབང་འཕྲིན་ལས་རྣམ་རྒྱལ་གྱི་སྐུ་ཕྲེང་གསུམ་པ། ངག་དབང་སྦྱིན་པ་རྒྱ་མཚོས་བཏབ། སྐུ་དབོན་སྔ་མ་རིག་རྩལ་གདན་དྲངས་ཏེ་རྡོ་རྗེ་སློབ་དཔོན་དུ་བསྐོས། དཔལ་དུས་ཀྱི་འཁོར་ལོའི་དབང་བཀའ་ཡོངས་རྫོགས། སྦྱོར་བ་ཡན་ལག་དྲུག་གི་ཟབ་ཁྲིད་སོགས་ཀུན་མཁྱེན་ཇོ་ནང་པའི་ཆོས་རྒྱུན་ཕྱག་བཞེས་ངོས་གཙང་ཚུགས། ཡོངས་གྲགས་སུ་མཚན་ལ་གཙང་བ་སྐུ་ངག་ཅེས་སུ་གྲགས། འདི་ནས་བཞི་བ་དང་། ལྔ་བ་ནས་རིམ་བཞིན་སྒར་ཁག་གཅིག་ཏུ་བཞུགས་པའི་གཙང་བ་ལྕགས་མདུད་སྤྲུལ་སྐུ་ཤེས་རབ་རྒྱ་མཚོས་ཀྱང་དགོན་པ་འདི་སྐྱོང་བའི་འགན་བཞེས། ༤ གྲུབ་མཐའ་ཇོ་ནང་པ་ཡིན། ཆོས་རྒྱུན་འགྱུར་སྔ་ཕྱིའི་དབང་གིས་བོད་ལ་སྔགས་གསར་རྙིང་གཉིས་བྱུང་བའི་སྔགས་གསར་མ་ཡིན་ལ། མདོ་སྔགས་ཡོངས་རྫོགས་ཀྱི་ཆོས་ཚང་ལ་མ་ནོར་བ་བཞུགས། ༥ གདན་རབས་དང་པོ་དབོན་པོ་རིག་རྩལ། གཉིས་པ་དབོན་པོ་གསང་སྔགས། གསུམ་པ་འབེ་བླ་ནོར་བཟང་། བཞི་བ་བླ་མ་བློ་འཕེལ། ལྔ་བ་འབེ་བླ་མ་དར་རྒྱས། དྲུག་པ་རོང་བ་བླ་མ་རིན་ཆེན་རྒྱ་མཚོ། བདུན་པ་མགར་ར་བླ་མ་བདེན་རྟོགས་རྒྱ་མཚོ། བརྒྱད་པ་ངག་དབང་དཔལ་ལྡན་གྲགས་པ། དགུ་བ་ད་ལྟ་ཞལ་བཞུགས་པའི་ནག་ཚང་བླ་མ་ཡོན་ཏན་རྒྱ་མཚོའི་འཕྲིན་ལས་འཕེལ་བཞིན་པའི་སྐབས་སོ།། མཁན་རབས་རིམ་བྱོན་ནི། སྦུ་ཚ་མཁན་པོ་ཡེ་ཤེས་བཟང་པོ། རྒྱ་མཁན་པོ་ཐུབ་བསྟན་མཚན་ཅན། ད་ལྟ་དངོས་སུ་བཞུགས་པ་མཁན་སངས་རྒྱས་རྣམ་རྒྱལ་དང་གསུམ་མོ། ༦ ད་ལྟ་གཙང་བ་སྐུ་ངག་ཏུ་གྲགས་པའི་སྐྱེས་མཆོག་འདི་ལ་མཚོན་ན། སྐུ་ཕྲེང་དང་པོ་ཆ་ལུང་བ་ངག་དབང་འཕྲིན་ལས་རྣམ་རྒྱལ་དཔལ་བཟང་པོ་ནི། དེ་ཡང་ཡུལ་ཆོས་གཟར་དུ་སྤྱི་ལོ་ (1657) ལོའི་ཤིང་ཕོ་རྟ་ལ་འཁྲུངས། དེང་གཏིང་སྐྱེས་རྫོང་ཁོངས་སུ་ཡོད། ཆུང་ངུ་ནས་རྟག་བརྟན་དམ་ཆོས་གླིང་དུ་ཕེབས། དགུང་ལོ་བཅུ་དྲུག་པར་ཨ་ཁུ་བློ་གྲོས་རྣམ་རྒྱལ་གྱིས་རྒྱལ་ཚབ་ཕྱིར་རབ་ཏུ་བྱུང་། ལོ་མང་གཞུང་ཆེན་ཁག་ལ་གཟིགས། གཙང་པ་བློ་གྲོས་རྣམ་རྒྱལ་ལས་དུས་འཁོར་བསྐྱེད་རྫོགས་སོགས་ཟབ་བཀའ་མང་པོ་གསན། སྦྱོར་དྲུག་སྒོམ་པས་བཤད་ཚོད་དང་མཐུན་པའི་ཉམས་རྟོགས་ཤར། ཁམས་འཛམ་ཐང་ལ་བླ་མ་གོང་མའི་རྒྱལ་ཚབ་ཏུ་བཀོད་པ་གནང་ཡང་ཡབ་ཡུམ་གྱིས་བཤོལ་བཏབ་པས་ཕེབས་མ་ཐུབ། དགུང་ལོ་ཉེར་བཞིའི་བར་ཁུ་བོའི་ཞབས་ཕྱི་བཅས་ཇོ་ནང་རྟག་བརྟན་དུ་བཞུགས། དེ་ནས་ཁོ་བོ་གཤེགས་རྗེས་དགོན་མིང་ཕུན་ཚོགས་གླིང་དུ་བསྒྱུར་བ་སོགས་ཀྱིས་བཞུགས་གནས་ངེས་མེད་མཛད། གསང་འདུས་རྒྱུད་ཤོག་རིང་མདའ་ཚད་མ་བཅོ་བརྒྱད་ནུབ་གཅིག་ཐུགས་ལ་བཟུང་། རྨི་ལམ་འོད་གསལ་ངང་ནས་རི་བོ་རྩེ་ལྔར་ཕེབས་ཏེ་འཇམ་དཔལ་ལྷ་ལྔའི་དཀྱིལ་འཁོར་མངོན་གསུམ་གཟིགས། གཟིམ་ཆུང་ཨ་མི་ཏ་རུ་ལོ་དྲུག་ལ་རྡོ་རྗེ་རྣལ་འབྱོར་བསྒོམ། ཕྱག་དྲུག་པས་ལོངས་སྤྱོད་ཀྱི་འཕྲིན་ལས་བསྒྲུབས། ཚར་དགོན་ཕུན་ཚོགས་ལྷུན་གྲུབ་འཛིན་བདག་ལོ་བཞིར་མཛད།འབྲོག་དགེ་དབོན་པོ་སོགས་ལ་ཟབ་ཁྲིད་དབང་སོགས་གནང་།སྔོན་འགྲོའི་ཆོས་བདུན་གྱི་ངག་འདོན་མཛད། རིག་འཛིན་ཆོས་དབྱིངས་རྡོ་རྗེ་ལས་བྱང་གཏེར་ཆོས་སྐོར་མང་པོ་གསན། ཁོང་ལ་ཡང་ཕར་ཟབ་ལམ་ཇོ་ནང་ལུགས་ཀྱི་ཆོས་མང་དུ་ཕུལ། མེ་ཕག་ལོར་ལྷ་རྩེའི་མང་མཁར་ཕུ་རུ་ཡོད་པའི་གནས་ཆེན་ཆ་ལུང་རྡོ་རྗེ་བྲག་གི་གདན་སར་ཕེབས་ནས་སྦྱོར་དྲུག་གི་སྒྲུབ་གྲྭ་བཙུགས། དེ་ནས་ཀུན་སྤངས་མཛད་དེ་རྒྱལ་བ་ལྔ་པ་ལས་དགེ་ལུགས་སྐོར། རྨོག་ཅོག་སྤྲུལ་སྐུ་ལས་བཀའ་བརྒྱུད་དང་ཇོ་ནང་ལུགས་ཀྱི་དབང་རྗེས་གནང་མང་པོ་གསན། སངས་རྒྱས་བཟང་པོ་ལས་ས་སྐྱ་དང་། འབྲུག་པའི་ཆོས་སྐོར་གསན། གཞན་རིས་མེད་ཀྱི་སྐྱེས་བུ་དུ་མ་ལས་ཆོས་ཚུར་ཞུ་ཕར་གནང་བ་སོགས་མཛད། ལྕགས་འབྲུག་ལོར་འབྲས་སྤུངས་དགའ་ལྡན་གཉིས་སུ་ཇོ་ནང་གི་བསྟན་གཞི་བཙུགས། ཕུན་གླིང་ནས་མི་འཚམ་པར་བྱ་བ་ལ་རྟགས་མངོན་ཚན་ཅན་བསྟན་པས་མཐུ་ཆེ་བའི་གྲགས་པ་བྱུང་། ཨ་བོ་མཐུ་ཆེན་དང་འདྲ། དེ་ནས་ཆོས་རྗེ་ཀུན་བཟང་དབང་པོ་སོགས་ལ་སྦྱོར་དྲུག་སོགས་གནང་བས་ཇོ་ནང་གི་རང་སྐད་གྲགས་ཤིང་། ཡེ་ཤེས་ཕེབས་པའི་རྣམ་འགྱུར་ཀུན་མཁྱེན་ཆེན་པོའི་སྐབས་ལྟར་བྱུང་། ཕག་ལོར་འཛམ་ཐང་དུ་ཕེབས་ཆས་མཛད་ཀྱང་ཕེབས་མ་ཐུབ། དཔན་གྱི་གསེར་མདོག་ཅན་དུ་ཕེབས་ནས་དུས་འཁོར་དབང་ཁྲིད་སོགས་གནང་། དེ་ནས་འབྲས་ལྗོངས་སུ་ཕེབས་རྗེས་གཟར་ལ་ཕེབས། གསང་རིའི་ཀུན་དགའ་རིན་ཆེན་རྒྱ་མཚོའི་གདན་ས་མཇལ། གཟར་གྱི་ཇོ་བོ་མཇལ་བས་གསུང་བྱོན། གངས་བློན་ཆེན་མགུལ་དུ་ཡུན་རིང་སྒྲུབ་པར་བཞུགས་པ་མ་ཟད་དགོན་སྡེ་ཞིག་གསོ་མཛད། དེ་ནས་གཞིས་ཀ་བསམ་གྲུབ་རྩེར་ཕེབས། རྒྱལ་པོ་ལྷ་བཟང་དང་པཎ་ཆེན་གཉིས་ནས་རང་བླ་ལྟར་བདག་རྐྱེན་བྱེད་དགོས་བྱུང་བར་བརྟེན་སོག་པོའི་གདན་འདྲེན་བྱུང་བས་ཤིང་ཕོ་རྟ་ལ་སོག་ཡུལ་དུ་ཕེབས་ནས་ལོ་གཅིག་ལྷག་ཙམ་བཞུགས། སློབ་མ་ཚོས་ཕུལ་བའི་འབུལ་བ་རྣམས་ཇོ་ནང་རྟག་བརྟན་སོགས་སུ་ཕུལ་བར་བཏང་བས་དེའི་སྐབས་རྒྱལ་པོ་ལྷ་བཟང་བཀྲོངས་པ་སོགས་བྱུང་བས་ལོ་གཅིག་ཙམ་འབྲི་ཆུའི་ཁར་དུ་བཞུགས། གདན་ཆོས་འཁོར་ཡན་ལ་ཟབ་ཆོས་མང་དུ་གནང་། སླར་སོག་ཡུལ་དུ་ལོ་གཅིག་ཕེབས། དགོན་སྡེ་ཞིག་གསོས་དང་གྲྭ་ཚང་གསར་བཙུགས་སོགས་གནང་། མཆོད་ཡོན་དང་མཉམ་དུ་དབུས་གཙང་དུ་ཕེབས། དགོན་སྡེ་སོ་སོར་མང་ཇ་གནང་། ཏིང་ཕུ་ཕུན་ཚོགས་དགེ་འཕེལ་གྱི་དགོན་པ་བཏབ། དེ་ནས་ཕུན་ཚོགས་གླིང་དུ་ཕེབས་ཁྲབ་སྒངས་སུ་དགོངས་པ་རྫོགས་ཚུལ་བསྟན་མོད་སློབ་མའི་ངོར་ཞག་གཅིག་བཞུགས་ནས་ཞལ་ཆེམས་ལུང་བསྟན་སོགས་དང་བཅས། དགུང་ལོ་བདུན་ཅུ་སྤྱི་ལོ་(1723)ཆུ་ཡོས་ལོའི་ཆོ་འཕྲུལ་ཟླ་བའི་ཚེས་བརྒྱད་ལ་དགོངས་པ་རྫོགས། སློབ་མའི་གཙོ་བོ་ཕུན་གླིང་མཁན་ཆེན་ཆགས་པ་ཆོས་འཕེལ་སོགས་སོ། ། ཆ་ལུང་བའི་དགོན་པ་དང་ཁོང་གི་མཛད་འཕྲིན་མདོར་བསྡུས་སྡེ་སྲིད་སངས་རྒྱས་རྒྱ་མཚོའི་བེེ་སེར་དུ་གསལ་ལ། རྗེ་ཆ་ལུང་པའི་ཡང་སྲིད་ནི་དེང་མགོ་ལོག་དགའ་བདེ་རྫོང་གཙང་ཞོལ་དགོན་པའི་དགོན་བདག་གཙོ་བོ་འདི་ཡིན། །

སྐུ་ཕྲེང་གཉིས་པ་ངག་དབང་ཕྲིན་ལས་རྒྱ་མཚོ་དབུས་གཙང་ཕྱོགས་སུ་སྐུ་འཁྲུངས། རྗེ་གོང་བླ་ཀུན་དགའ་རྣམ་རྒྱལ་སོགས་སྐྱེས་ཆེན་དུ་མའི་ཞབས་ལ་གཏུགས། ཐུགས་རྒྱུད་ལུང་དང་རྟོགས་པའི་ཡོན་ཏན་གོང་དུ་འཕེལ་བ་ན། སྙན་པའི་གྲགས་པ་ཕྱོགས་སུ་ཁྱབ་སྟེ། ཁམས་ཚ་བ་རོང་གི་ས་དབང་ང་ཤུ་ཚེ་དབང་གྲགས་རྒྱལ་གྱིས་གདན་དྲངས། ཡོངས་འཛིན་གོང་བླ་ཀུན་དགའ་རྣམ་རྒྱལ་དང་། གཙང་ཆ་ལུང་བའི་ཡང་སྲིད་བཅས་ས་དབང་ཆེན་པོའི་དགོངས་བཞེད་ལྟར་ཚ་རོང་ཕྱོགས་སུ་ཞབས་པད་བཀོད། མི་དབང་དེའི་སྡེ་འབངས་དང་བཅས་པས་སྦྱིན་བདག་གི་ཁུར་བླངས་ཏེ། ཡུལ་དེར་འཕྲིན་ལས་རྒྱ་ཆེ། བར་སྐབས་ཤིག་ནས་ང་ཤུ་ཚེ་དབང་གྲགས་རྒྱལ་གྱི་གཟུགས་སྐུའི་བཀོད་པ་རྐྱེན་དབང་གིས་བསྡུས། དེ་ནས་གཙང་བ་འཕྲིན་ལས་རྣམ་རྒྱལ་གྱིས་བླ་མར་བཀུར་དེ་མཛད་པ་རྒྱ་ཆེ། ཇོ་ནང་པའི་ཆོས་རྒྱུད་ལ་མཛད་རྗེས་རླབས་ཆེན་བཞག་མུས་སུ་གློ་བུར་དུ་གཟུགས་སྐུའི་བཀོད་པ་བསྡུས་སོ།། སྐུ་ཕྲེང་གསུམ་པ་ངག་དབང་སྦྱིན་པ་རྒྱ་མཚོ་ནི། གསེར་རི་ཞེས་པའི་ས་གནས་སུ་ཝ་ཤུལ་གྱི་རིགས་སུ་འཁྲུངས། དེང་གསེར་རྟའི་ཕྱོགས་ན་ཡོད། སྐུ་ན་ཕྲ་མོའི་དུས་སུ་ཉི་ཟེར་ལ་གོས་དང་སྐ་རགས་བཀལ་བ་སོགས་གྲུབ་རྟགས་མང་། སྐུ་ན་ཕྲ་མོ་ནས་དབོན་ལྷུན་གྲུབ་རྒྱ་མཚོས་སྐུ་བདག་བྱས་ཏེ། གདན་ས་ཡག་མདོའི་སྒར་དུ་ཞབས་པད་བཀོད། དབོན་ལྷུན་གྲུབ་རྒྱ་མཚོ་སོགས་བླ་མ་མང་དུ་བསྟེན། ཇོ་ནང་གི་ཆོས་བཀའ་ཕལ་ཆེར་ལ་གསན་བསམ་མཛད། ལུགས་གཉིས་ཀྱི་མཛད་པ་རྒྱ་ཆེ། བར་སྐབས་ཤིག་ནས་ཨ་སྐྱོང་དཔོན་ངག་དབང་དང་མཆོད་ཡོན་འབྲེལ་སྟབས་མགོ་ལོག་གི་དབུ་བླར་གྱུར། ལྷ་སར་ཕེབས་ཏེ། དབུས་གཙང་གི་རྟེན་བརྟེན་པ་ཡོངས་རྫོགས་མཇལ། གཙང་བཀྲ་ཤིས་ལྷུན་པོ་དང་སྔར་ཆ་ལུང་པ་འཕྲིན་ལས་རྣམ་རྒྱལ་འབྲེལ་ཆེ་བས་བཀའ་ཤོག་དང་ཐམ་ཀ་ལ་བརྟེན། གུས་བཀུར་རྒྱ་ཆེར་མཛད། པཎ་ཆེན་དཔལ་ལྡན་ཡེ་ཤེས་ཀྱིས་ཐུགས་མཉེས་བཞིན་པའི་ངང་ནས་མགུལ་དར་གྱི་གཡོག་པ་སོགས་གནང་། དམ་པ་འདི་རྒྱལ་བསྟན་སྤྱི་དང་ཇོ་ནང་པའི་བསྟན་འཛིན་ཆེན་པོ་ཡིན་པ་སོགས་བསྔགས་བརྗོད་ཀྱིས་མེ་ཏོག་སིལ་བུར་གཏོར། འཇའ་ས་དང་ཐམ་ཀ་བཅོས་བསྒྱུར་སྔོན་དུ་སྒར་ཁ་ན་ཡོད་ལ། རིག་གནས་གསར་བརྗེས་གཏོར་བརླག་བྱས་རྐྱེན་ད་ལྟ་མི་སྣང་ངོ་།། དེ་ནས་སླར་མདོ་སྨད་དུ་ཕེབས། ཡག་མདོའི་གདན་སར་མཆོད་རྟེན་ཆེན་པོ་རྟེན་བརྟེན་པ་བཅས་བཞེངས་ཏེ། རབ་གནས་ཀྱི་མཛད་སྒོ་རྒྱས་པར་བྱས། སླར་དབུས་གཙང་དུ་ཕེབས་དགོས་ཞེས་རྟེན་འབྲེལ་འཕྲོ་ཅན་གྱི་མཛད་པ་ལྟ་བུར་བཅིབས་པ་སྒ་བསྟད་པ་སོགས་འགྲོ་ཆས་ཙམ་གནང་། དེའི་སྔོན་ཙམ་ན་ལྷ་བཟོ་རྡོ་རྗེ་འཆང་གི་སྤྱན་སྔར་ཕེབས་ཏེ། ངའི་སྐྱེ་བ་ཕྱི་མ་ཉིད་ཀྱི་རྗེས་སུ་འཛིན་དགོས་ལ།དེ་ལྟར་འགྲུབ་པར་བདག་གིས་སྨོན་པ་བཞིན་མཐུན་འགྱུར་མཛད་དགོས་སོགས་དོགས་གཞི་ཅན་གྱི་གསུང་བྱུང་། དེ་ནས་མི་རིང་བར་གཟུགས་སྐུའི་བཀོད་པ་བསྡུས་སོ།། སྐུ་ཕྲེང་བཞི་བ་ཀརྨ་བསྟན་པའི་ཉི་མ་ཕྱོགས་ལས་རྣམ་པར་རྒྱལ་བའི་སྡེ་ཉིད་ནི་གཙང་བ་གོང་མའི་ལྷ་འབངས་སུ་གཏོགས་པ་རྟ་ཤུལ་གྱི་རིགས་སུ་འཁྲུངས། སྐུ་ན་ཕྲ་མོ་ནས་རྣམ་དཀར་གྱི་མཛད་པ་རིང་དུ་གོམས་པའི་རྟགས་མང་དུ་སྣང་། ཡག་མདོའི་གདན་སར་བཀོད་པ་ན་འཛི་ཉིན་གྱི་རི་ཁྲོད་བཀྲ་ཤིས་ལྷ་རིར་ལྷ་བཟོ་རྡོ་རྗེ་འཆང་ངག་དབང་ཆོས་འཛིན་རྒྱ་མཚོའི་དྲུང་དུ་སྔར་སྐུ་གོང་མའི་ཐུགས་སྨོན་ལྟར་ཕེབས་ཏེ། བཀའ་དྲིན་གསུམ་ལྡན་གྱི་བླ་མར་བཀུར།རྭ་འབྲོའི་བརྒྱུད་པ་གཉིས་གཅིག་ཏུ་འདྲེས་པའི་དཔལ་དུས་ཀྱི་འཁོར་ལོའི་དབང་བཀའ་བསྐྱེད་རྫོགས་མན་ངག་གེགས་སེལ་སོགས་མ་ལུས་པར་གསན། སྔོན་འགྲོ་ནས་བཟུང་སྦྱོར་བ་ཡན་ལག་དྲུག་ཐུགས་ཉམས་སུ་བཞེས། གཞན་ཡང་སྒྲུབ་ཐབས་རིན་འབྱུང་སོགས་རྗེས་གནང་དང་། རྒྱུད་སྡེ་རབ་འབྱམས་ཀྱི་དབང་ལུང་། བསྙེན་ཁྲིད་སོགས་མང་དུ་གསན། ཐུགས་རྒྱུད་ལུང་དང་རྟོགས་པས་ཕྱུགས་པ་ན། གདན་སར་གསེར་ཟངས་ལས་གྲུབ་པའི་གཤེགས་ལྷ་སོ་ལྔ་དང་། བཀའ་བསྟན་སོགས་རྟེན་བཞེང་མང་དུ་མཛད། ཨ་སྐྱོང་རྒྱ་དགོན་པར་ཡང་བཀའ་འགྱུར་ཡོངས་རྫོགས་ཀྱི་གླེགས་བམ་ན་བཟའ་གདོང་དར་བཅས་འཇོག་གནང་མཛད། མགོ་ལོག་ཏུ་ཕེབས་ཏེ་སྐུ་གོང་མ་དག་གིས་ལེགས་པར་བསྐྱང་བའི་ཆོས་སྒར་དུ་ཕེབས། ལོ་རེ་བཞིན་སྒྲུབ་མཆོད་སོགས་ལ་བཅའ་ཡིག་ཚད་ལྡན་གནང་། མགོ་ལོག་གི་གཙང་བའི་དགོན་ས་འདི་སྐབས་དེ་ནས་ཁོ་ཁོག་ཏུ་གནས། རྐྱེན་དབང་གིས་ཚོགས་ཆོས་གྲྭ་རྐང་མ་ཚུགས་པ་ལྟ་བུའང་མང་སྟེ། དཔེར་ན་མ་ཇག་གི་དམག་འཁྲུགས་སྐབས་འགར་བྱུང་བས་ཀྱང་ཤེས་སོ།། སྐབས་དེར་ལྷ་འབངས་ཡང་དུད་ཁྱིམ་སུམ་བརྒྱ་ཟིན་ཙམ་ཡོད། དམ་པ་འདི་མཛད་ཕྲིན་རྒྱ་ཆེ་ལ་གཞན་ལ་དགེ་བསྐུལ་བྱས་པ་ཙམ་མ་ཡིན་པར། དུས་འཁོར་རྩ་སྔགས་སོགས་ལྗགས་བསྙེན་ཡང་དུང་ཕྱུར་མང་པོ་བཟླས་ཤིང་། གཟུགས་སྐུ་བསྡུ་བ་ལ་ཉེ་བ་ན་ང་རྗེས་སུ་མི་ཁྱིམ་དབུལ་བོ་ཞིག་ཏུ་སྐྱེ་དགོས་སོགས་གསུང་དོགས་གཞི་ཅན་འགའ་རེ་གནང་ཞིང་ཞབས་བརྟན་མང་དུ་བསྒྲུབ་ནའང་སྐྱེད་ཆེར་མ་བྱུང་བར་གཟུགས་སྐུ་བསྡུས་པའི་མཛད་པ་མངོན་དུ་བྱས་སོ།།
སྐུ་ཕྲེང་ལྔ་བ་ད་ལྟ་དངོས་བཞུགས་ངག་དབང་འཇིགས་མེད་ཕྱོགས་ལས་རྣམ་རྒྱལ་དཔལ་བཟང་པོ་ནི། དམུ་ཚ་སྒའི་རིགས་ལས་ཆད་པ་དགེ་སྐོར་གྱི་དུད་ཁྱིམ་ཞིག་ཏུ་འཁྲུངས། མ་ཡུམ་འདིས་ཀརྨ་བསྟན་པའི་ཉི་མའི་སྐུ་གདུང་མཇལ་སྐབས། གདུང་ལས་འོད་ཟེར་ཞིག་བྱུང་སྟེ། མོ་རང་ལ་ཐིམ་པའི་སྣང་བ་བྱུང་སྐད། མངལ་ན་གནས་སྐབས་ཡབ་ཀྱིས་གདན་དཀར་དང་ཀར་ཡོལ་བཀྲ་ཤིས་རྟག་བརྒྱད་ཀྱིས་མཚན་པ་ཞིག་ཐང་ནས་རྙེད་པས་རྟེན་འབྲེལ་ཤིན་ཏུ་ལེགས་སྙམ་པ་ཤར། སྐུ་བལྟམས་མ་ཐག་སྒོང་སྐྱེས་སུ་འདུག་ལ། ས་འབྲུག་ལོ་དགུན་དུས་སུ་འཁྲུངས་སྐབས་དེར་ཆར་ཟིམ་དང་འཇའ་ཟེར་གྱིས་བར་སྣང་ཁྱབ་པ་ཀུན་ལ་མཐུན་སྣང་དུ་གྱུར། ཁྱད་པར་བྱིས་པ་མངལ་དུ་གནས་སྐབས་དྲང་སྲོང་གཟའ་མཆོག་ཆེན་པོས་རྒྱུན་དུ་སྲུང་བས་མ་རྒན་མ་གཏོགས་གཞན་གྱི་རེག་མི་རུང་བར་གནས་པ་ཁྱིམ་མཚེས་དང་རང་གི་གཟའ་མི་ཀུན་ལ་གསལ། ཁྲི་འདོན་ལ་ཉེ་བ་ན་ནམ་མཁའ་ནས་ལྷ་དར་ཞིག་ཁྱིམ་དེར་བབ་པ་སོགས་རྟགས་མཚན་མང་། སྐུ་ན་ཕྲ་མོ་ནས་གཙང་བ་སྒར་འགབ་མས་སྐུ་བདག་བྱས་ཏེ་གདན་སར་བཀོད། འཛམ་ཐང་དུ་བླ་མ་ཨ་མགོན་ཞེས་ཡོངས་སུ་གྲགས་པ་ངག་དབང་བསྟན་པ་གསལ་བྱེད་དང་། ངག་དབང་རྡོ་རྗེ་བཟང་པོའི་དྲུང་ནས་དུས་འཁོར་གྱི་བསྐྱེད་རྫོགས་སོགས་ཇོ་ནང་པའི་ཆོས་རྒྱུན་མཐའ་དག་གསན་ཏེ་ཐུགས་ཉམས་སུ་བཞེས། ཡག་མདོའི་གདན་ས་དང་། མགོ་ལོག་གི་གཙང་ཞོལ་མའི་དགོན་པ་བཀྲ་ཤིས་ཆོས་གླིང་གི་རྟེན་བརྟེན་པ་ཡོངས་རྫོགས་བཞེངས་དང་བཞེངས་བཞིན་པའི་སྐབས་སོ།། གཞན་ཡང་སྦྲ་སར་སྤྲུལ་སྐུ་དོན་ཁོའམ་ཆོས་དབྱིངས་རྒྱ་མཚོ། ད་ལྟ་དངོས་བཞུགས་ཀྱི་སྤྲུལ་སྐུ་བསྟན་འཛིན་སོགས་མང་ནའང་ཡི་གེ་མང་བས་འཇིགས་ལ། གཙང་བ་ཡག་མདོའི་སྒར་ཁག་གི་བླ་མ་ཕལ་ཆེར་གྱི་རྣམ་ཐར་ཇོ་ནང་ཆོས་འབྱུང་ཟླ་བའི་སྒྲོན་མེ་ན་གསལ་ལོ།། གཙང་བ་གྲུབ་ཆེན་བྱམས་པ་ཆོས་འཛིན་གྱི་རྣམ་ཐར་མདོར་བསྡུས་མགོ་ལོག་ལོ་རྒྱུས་ན་གསལ་ལ། འདི་བས་ཀྱང་ཐུན་མོང་སྣང་ཚོད་ཀྱི་མཛད་པ་གཙོ་བོ་གཙང་ཞོལ་མ་ཡུལ་དགོན་ནས་བསྐྱངས་ཤིང་། གྲུབ་སྲས་ཨོ་རྒྱན་རིག་འཛིན་འདིར་བཞུགས་པ་དང་། འཇིགས་མེད་མཚན་ཅན་ཡོངས་གྲགས་སུ་གྲུབ་འཇིགས་ཞེས་པའི་རིགས་སྲས་ད་ལྟ་དགོན་པ་འདིའི་རྡོ་རྗེ་སློབ་དཔོན་གྱི་ཡབ་ཡིན་པའི་མཚོན། གཙང་གྲུབ་དང་འབྲེལ་ཤིན་ཏུ་ཆེ་ལ། གྲུབ་དབང་བྱམས་པ་ཆོས་འཛིན་དང་། གཙང་རྒྱ་སྤྲུལ་གཉིས་ལ་སྐྱེ་བ་སྔ་མའི་ཡབ་སྲས་ཀྱི་འབྲེལ་བ་ཡོད་ཚུལ་དང་། གཙང་གྲུབ་ཆེན་གྱིས་གཟུང་མ་གྲུབ་བཟའ་རིན་ཆེན་སྐྱིད་བླངས་ཏེ། ཁྱིམ་ཕུབ་སྐབས་སྦྲ་དང་སླ་ང་སོགས་བཅའ་ལག་ཐམས་ཅད་གཙང་བ་སྐུ་ངག་གིས་ཕུལ་བས་ཁོང་སྒར་གཞི་གཙང་འགབ་མའི་ཁྲལ་དང་ཁྲིམས་ལ་གནས་པ་ནི། རྒན་པོ་ཀུན་ལ་གསལ་བ་ལྟར་རོ། །འཕྲོས་དོན་ནོ། །གཙང་བ་ལྕགས་མདུད་སྤྲུལ་སྐུ་སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ་ས་བོན་མི་རྙེད་ནའང་སྐུ་ཕྲེང་དང་པོ་ཤེས་རབ་རྒྱ་མཚོ་བོ་ཆུང་ནས་འཁྲུངས། སྐུ་ཕྲེང་གཉིས་པ་ཐེག་མཆོག་རྡོ་རྗེ་འདི་བ་ཚ་ཁོ་ནས་འཁྲུངས་། ཡག་མདོའི་གདན་སར་བཀོད། གཙང་བ་སྐུ་ངག་དང་སྒར་གཞིའམ་བླ་བྲང་གཅིག་ཡིན། ཁོང་རྟེན་སྔགས་འཆང་ཡིན་ལ་གཏེར་ཆོས་ཀྱང་འགའ་རེ་ཡོད་སྐད། ཁོང་གི་ཡུམ་པད་ནག་མགར་བ་ཀློང་ཡང་ཞེས་སུ་གྲགས་པའི་གཏེར་ཆེན་དེའི་སྲས་མོ་ཡིན་ལ། མཛེས་སྡུག་གི་ལང་ཚོ་ཁྱད་པར་དུ་འཕགས་ཤིང་མ་ངེས་པའི་ཆོ་རོལ་སྣ་ཚོགས་སུ་ཡོད་པས་ཌ་ཀཱིའི་རིགས་སྲས་སུ་གྲགས། ཁོང་ནུས་མཐུ་ཤིན་ཏུ་ཆེ་ཞིང་མཁྱེན་བརྩེ་ཡེ་ཤེས་རྡོ་རྗེའི་སྲས་རལ་གྲི་ཞེས་པ་དེའི་ཡང་སྲིད་དུ་ཞལ་གྱིས་བཞེས། སྟག་ཚང་ལྷ་མོ་ཉིན་ཞེས་པའི་ཆོས་སྡེ་དེའི་བདག་པོ་ཁྲི་རྒྱལ་མཚན་སེང་གེའི་ཡང་སྤྲུལ་ཞིག་གིས་སྐུ་གེགས་བསལ་བ་དང་། དེའི་སྐུ་སྲིང་ཞིག་ལ་ནད་ཚབ་ཆེན་ཕོག་པ་ལ་མེ་མདའ་བརྒྱབ་ཏེ་ནད་ལས་གྲོལ་བ། རང་གཏེར་གཟའ་ནག་གི་ལྷ་ཐོ་བརྩན་ཞིང་། གསོལ་མཆོད་ཀྱི་སྐོར་ཁྲི་རྒྱལ་མཚན་སེང་གེའི་ཡང་སྤྲུལ་ལ་གཏད་པ་སོགས་རྣམ་ཐར་མང་དུ་སྣང་ཡང་ས་བོན་ལེགས་པ་ཞིག་མ་མཐོང་ངོ་།། དེའི་ཡང་སྲིད་དུ་གྲགས་པ་མང་དུ་སྣང་སྟེ། རྔ་བའི་རྒྱ་སྟོད་སྤྲུལ་སྐུ། བྲག་དཀར་སྤྲེལ་རྫོང་གི་གཙང་བ་ལྕགས་མདུད་སྤྲུལ་སྐུ་ད་ལྟའང་གསེར་ཏིས་དགོན་པར་གདན་སར་བཀོད་ཡོད་ལ། སྤྲེལ་རྫོང་གཙང་བ་ཚང་གི་སྤྲུལ་སྐུ་སྐུ་ཞབས་ཨ་རོལ་རིན་པོ་ཆེ་དང་། རྡོ་སྦིས་ཤེས་རབ་རྒྱ་མཚོ་སོགས་བསྟེན་དེ་མཁས་བཙུན་བཟང་གསུམ་གྱི་རྣམ་ཐར་རྒྱ་ཆེ་བ་ཞིག་ཡིན་ནོ།།

གདན་ས་འདིར་ལྕགས་མདུད་སྐུ་ཕྲེང་གསུམ་པ་དཀོན་མཆོག་དཔལ་འཛམ་ཐང་དུ་འཁྲུངས། སྐུ་ན་ཕྲ་མོ་ནས་གཙང་བ་སྐུ་ངག་གི་བདག་པོ་བྱས། ད་ལྟ་སྐུ་ངག་དགུང་གྲངས་བདུན་བཅུར་བརྒལ་བ་ན་གདན་སའི་བདག་པོ་ཡིན་པར་མགོ་ལོག་ཁུལ་དང་དགའ་བདེ་རྫོང་སྲིད་གཞུང་ལ་སྙན་གསན་ཡར་ཞུ་བྱས་ཏེ། དགོན་གྲོང་ཐམས་ཅད་ཀྱི་བདག་པོར་གསོལ་བ་ཡིན་ལ། འདི་ནི་སྐུ་ཚེ་སྔ་མ་དག་གི་མཛད་སྲོལ་ཡང་ཡིན་ནོ། གོང་སྨྲོས་གཙང་བའི་བླ་སྤྲུལ་དག་གི་ནང་ནས། ཆ་ལུང་བ་ངག་དབང་ཕྲིན་ལས་རྣམ་རྒྱལ་ནི་གོང་དུ་བཤད་པ་ལྟར་ལ། ཝ་ཤུལ་སྐུ་ངག་ཀྱང་ཐོབ་ཐམ་ཀ་རེ་ཡོད་ཚུལ་རྣམ་ཐར་བསྡུས་པའི་དཀྱུས་སུ་གསལ་ལོ།། ༧དགོན་པའི་བཤད་གྲྭ་ནི། གཙོ་བོ་ནི་ཀུན་མཁྱེན་ཇོ་ནང་པ་ཡབ་སྲས་རྣམས་ཀྱི་གསུང་དང་འབའ་མདའ་བ་ཐུབ་བསྟན་དགེ་ལེགས་རྒྱ་མཚོའི་བསྡུས་གྲྭའི་སྤྱི་དོན་དང་ཟུར་དཔྱད། ཕར་ཕྱིན་རྒྱས་བསྡུས། དབུ་མ་རྣམས་དང་། ཇོ་ནང་རང་ལུགས་ཀྱི་སྦྱོར་དྲུག་སྤྱི་དོན་རྣམས་གཙོ་བོར་བྱེད་པ་ལ། རིས་མེད་ཀྱི་གསུང་རབ་ལ་ཟུར་ལྟ་བྱེད་དོ།། དགོན་སྡེ་འདིའི་སློབ་གཉེར་བྱེད་སའི་གཞུང་ལ་མདོ་སྔགས་རིག་གནས་དང་བཅས་པ་ཡོད། མདོ་ཕྱོགས་ལ་འཛིན་གྲྭ་༡༤དང་། སྔགས་ཕྱོགས་ལ་འཛིན་གྲྭ་དྲུག རིག་གནས་འཛིན་གྲྭ་ལྔ་བཅས་ཡོད་ཅིང་། མདོ་ཕྱོགས་འཛིན་གྲྭ་བཅུ་བཞི་ནི། བསྡུས་ཆུང་། བསྡུས་ཆེན། རྟགས་རིགས། བློ་རིག་སྟེ་ཚད་མའི་འཛིན་གྲྭ་བཞི། གཞུང་འོག གཞུང་གོང་། སྐབས་གཉིས་པ། སྐབས་བཞི་བ་སྟེ་ཕར་ཕྱིན་འཛིན་གྲྭ་བཞི། དབུ་མ་གསར་བ། དབུ་མ་རྙིང་བ་སྟེ་དབུ་མའི་འཛིན་གྲྭ་བཞི། མཛོད་གསར། བཀའ་འོག་སྟེ་མཛོད་འཛིན་གྲྭ་གཉིས། བཀའ་གསར། བཀའ་སྦུག་སྟེ་བཀའ་རམས་འཛིན་གྲྭ་གཉིས་བཅས་ཏེ་བཅུ་བཞིའོ། སྔགས་ཀྱི་འཛིན་གྲྭ་དྲུག་ནི། ཐུན་མོང་ལམ་སྦྱང་སྔོ་འགྲོ་འབུམ་ལྔ་དང་། སྦྱོར་བ་དབེན་གསུམ་དང་། དངོས་གཞི་སོར་བསམ་སོགས་ཡན་ལག་དྲུག་ཉམས་ལེན་བྱེད་པའི་འཛིན་གྲྭ་དང་། རྩ་རླུང་སྦྱོང་བའི་འཕྲུལ་འཁོར་གོང་མ་དང་། འཕྲུལ་འཁོར་འོག་མ་བཅས་སྦྱོར་དྲུག་འཛིན་གྲྭ་གསུམ། རྡོར་སེམས་སྒྲུབ་གྲྭ། བཀའ་བབ་འཛིན་གྲྭ། རྒྱུད་སྡེ་འཛིན་གྲྭ་བཅས་སོ། རིག་གནས་འཛིན་གྲྭ་ལ། སྐར་རྩིས་འཛིན་གྲྭ། སུམ་རྟགས་དག་གསུམ་སྙན་ངག་དང་བཅས་པ་ལ་འཛིན་གྲྭ་བཞི་བཅས་ཡོད། བཤད་གྲྭས་སློབ་གཉེར་བྱེད་སའི་གཞུང་གཙོ་བོ་ཀུན་མཁྱེན་དོལ་པོ་བ་ཤེས་རབ་རྒྱལ་མཚན་དང་། རིགས་པའི་དབང་ཕྱུག་ཉ་དབོན་ཀུན་དགའ་དཔལ་བཟང་། ཕྱོགས་རྒྱལ་བ། ས་བཟང་མ་ཏི་པན་ཆེན་སོགས་ཡབ་སྲས་རྣམས་ཀྱི་གཞུང་དང་། ཟབ་གསང་རྒྱ་མཚོའི་མངའ་བདག་ཀུན་མཁྱེན་ཏཱ་ར་ནཱ་ཐའི་གཞུང་སོགས་ཡིན། ཞར་བྱུང་དུ་འབའ་མདའ་བ་ཐུབ་བསྟན་དགེ་ལེགས་རྒྱ་མཚོའི་བསྡུས་གྲྭའི་སྤྱི་དོན་ཟུར་དཔྱད། ཕར་ཕྱིན་རྒྱས་བསྡུས་དང་རིས་མེད་ཀྱི་གསུང་རབ་ལ་ཟུར་ལྟ་བྱེད་པ་དང་། རྒྱུད་གྲྭ་སྦྱོར་དྲུག་པ་རྣམས་ཀྱིས་རྒྱུད་རྒྱལ་དུས་ཀྱི་འཁོར་ལོའི་དགོངས་དོན་སེམས་འགྲེལ་སྐོར་གསུམ་གྱི་མན་ངག་གིས་བརྒྱན་པའི་རྫོགས་རིམ་ཡན་ལག་དྲུག་གི་རྣལ་འབྱོར་ཞིང་ཀུན་སྤངས་བ་ཆེན་པོ་ནས་བརྒྱུད་པའི་ལག་ལེན་མན་ངག་མཐོང་བ་བརྒྱུད་པའི་ཕྱག་བཞེས་འཁྲུལ་མེད་ཀྱི་སྒོ་ནས་ལོ་གསུམ་ཕྱོགས་གསུམ་ལ་ཉམས་ལེན་ལ་གཞོལ་བ་དང་། རྡོར་སེམས་སྒྲུབ་གྲྭ། འདི་ཡི་གེ་བརྒྱ་བ་བྱེ་བ་བཅད་རྒྱ་བྱས་ཏེ་བཟླས་པ་གྲུབ་དགོས། ཤངས་ལུགས་ནཻ་གུ་ཆོས་དྲུག་འདི་ཤངས་བ་བཀའ་བརྒྱུད་པའི་ཆོས་རྒྱུན་རྫེ་བཙུན་ཏཱ་ར་ནཱ་ཐས་བདག་གིར་མཛད་དེ་ཁྲིད་ཡིག་ཐང་བརྡལ་མ་བརྩམས་པ་ནས་བཟུང་ཆོས་རྒྱུན་གྱི་དབང་བཀའ་མི་ཆད་པར་ཇོ་ནང་པ་ལ་ཡོད། ཇོ་ནང་རྗེ་བཙུན་ཀུན་དགའ་གྲོལ་མཆོག་ལ་མཁའ་འགྲོ་མ་ནཻ་གུས་དངོས་སུ་གནང་སྟེ་ཤངས་ཆོས་འདི་དར་བར་བྱས། དེ་ནས་བཟུང་ད་ལྟའི་བར་ལ་བརྒྱུད་པ་བར་མ་ཆད། འདི་དག་གི་ལོ་རྒྱུས་ཏིལ་གོང་རྣམ་གཉིས་ཀྱི་རྣམ་ཐར་དང་། ཀཿ ཐོག་གི་གདན་རབས་ན་གསལ་ལོ།། ༨དགོན་འདིར་ལོ་རེ་བཞིན་ཟླ་བ་དང་པོར། ཀུན་མཁྱེན་ཁྲི་མཆོད་ཆེན་མོ་ཉིན་བརྒྱད། རྟ་མགྲིན་གསང་སྒྲུབ་གྱི་སྒྲུབ་མཆོད་དབོན་སྟོན་སྐྱེར་སྒང་བའི་ལུགས་ཉིན་བདུན། ཟླ་གཉིས་པར་བླ་མ་དཔལ་ལྡན་གྲགས་པའི་གདུང་མཆོད་ཉིན་གསུམ། ཟླ་གསུམ་པར་རྗེ་བཙུན་ཏཱ་ར་ནཱ་ཐའི་གདུང་མཆོད་ཉིན་གཅིག སྨྱུང་གནས་ཆོས་ཚོགས་ཉིན་བཅུ་དྲུག འདིར་སྐྱ་སེར་ཀུན་ཕལ་ཆེར་འཚོགས། ཟླ་བཞི་བར་ས་ག་ཟླ་བའི་དུས་འཁོར་སྒྲུབ་མཆོད་ཆེན་མོ་ཉིན་བཅུ་བཞི་ལ་འཚོགས། ཟླ་དྲུག་པའི་ཚེས་༡༦ ནས་དབྱར་ཁས་ལེན། ཟླ་བརྒྱད་པའི་ནང་དུས་འཁོར་སྒྲུབ་མཆོད། སྐུ་གསུམ་ཆོ་གའི་སྒྲུབ་མཆོད། གདུགས་ཀར་དང་མགོན་པོའི་བཟློག་བསྒྱུར་ཞག་བཅུ་དྲུག ཟླ་དགུ་བའི་ཉེར་གཉིས་ལ་སྒྲུབ་གྲྭ་སོ་སོར་དུས་ཁྲིད་ཆེན་མོ་འདེབས། ཉིན་དེར་གོས་སྐུ་ཆེན་མོའི་མཆོད་མཇལ་དང་། མཚན་ཆོས་ཕར་ཕྱིན་རབས་འབྱམས་པའི་དམ་བཅའ་ཆེན་མོ། ཟླ་བཅུ་བའི་ཚེས་དྲུག་ལ་ཇོ་ནང་དྲུག་མཆོད་ཆེན་མོ། ཟླ་བཅུ་བའི་ཚེས་ཉེར་ལྔ་ལ་དགའ་ལྡན་ལྔ་མཆོད། ཟླ་བཅུ་གཅིག་པའི་ནང་ལ་ཕུར་བའི་སྒྲུབ་ཆེན་ཞག་དགུ། ཟླ་བཅུ་གཉིས་པའི་ཚེས་བཅུ་དགུ་ལ་སེང་གདོང་མ་དང་མགོན་པོའི་གཏོར་བཟློག ཟླ་དེའི་ཚེས་ཉེར་དགུ་ལ་དམར་ཆེན་གཏོར་བཟློག་སྟེ། གཏོར་བཟློག་ཕལ་ཆེར་ཞག་གསུམ་རེའི་ཡུན་ཚད་ཅན་ནོ། ༩ ༡༠

དགོན་པ་འདི་བཏབ་པ་ནས་མ་ཇག་གིས་འཁྲུགས་ཟིང་བཟོས་ཏེ་ཚོགས་ཆོས་གྲྭ་མཚམས་འཇོག་དགོས་པ་ལན་འགའ་རེ་བྱུང་། རིག་གནས་གསར་བརྗེའི་སྐབས་རྟེན་བརྟེན་པ་ཕལ་ཆེར་ཉམས་པ་སོགས་སོ།། ༡༡བཅོས་བསྒྱུར་སྔོན་ཇོ་བོའི་ལྷ་ཁང་། སྦྲ་གུར་གྱི་འདུ་ཁང་གསུམ། གྲྭ་ཤགས་སྦྲ་ཆུང་དང་གུར་བརྒྱད་ཅུ་ཡས་མས། མཆོད་རྟེན་རེ་གཉིས་བཅས་སོ།། དགོན་གནས་ཀར་ཚེས་སྒོམ་ཁང་ཡིན་ནོ།། ད་སྐབས་འདུ་ཁང་གཉིས་ས་ཁྱོན་རྨིད་གྲུ་བཞི་མ ༡༠༤༢ལྷག་དང་། ལྷ་ཁང་བཞི་ལ་རྒྱ་ཁྱོན་རྨིད་གྲུ་བཞི་མ་༢༦༢ ལྷག གྲྭ་ཤགས་ཉིས་བརྒྱ་ལྔ་བཅུ་ལྷག་ལ་ཁྱོན་རྨིད་གྲུ་བཞི་མ་༣༧༥༠ལྷག འཁོར་ཁང་ཆེ་བ་བཅོ་ལྔ། འཁོར་ཆུང་དགུ་བརྒྱ་ཉེར་གསུམ་ལ་ཁྱོན་རྨིད་གྲུ་བཞི་མ་༡༠༩༦ལྷག སྨན་འདམ་གྱི་སྐུ་ཆེ་བ་བཅུ་གསུམ། མཆོད་རྟེན་ཆེ་ཆུང་སུམ་བཅུ་རྩ་གསུམ་ལ་རྨིད་གྲུ་བཞི་མ་༢༥ ལྷག་གོ །ཆོས་ལུང་མདོའི་ཐང་སྟེ་དགོན་པའི་ཉེ་འདབས་སུ་ས་ག་ཟླ་བའི་བསྙུང་གནས་འཚོགས། རྡོ་ཁ་ན།བཅོས་བསྒྱུར་སྔོན་མ་ཎི་བླ་མ་པདྨ་སིདྡྷིས་མ་ཎི་འཚོགས་སྐབས་བཞེངས་བའི་མཆོད་རྟེན་ཆ་བརྒྱད། མགར་ར་བླ་མ་བདེན་རྟོགས་ཚང་གིས་བཞེངས་བའི་བདུད་འདུལ་མཆོད་རྟེན། ཡུམ་དག་ཚར་རྡོ་ལ་བསྐོས་པ་རྣམས་བཞུགས་ལ།ད་ལྟ་ཀུན་གྱི་རེ་བ་ལྟར་བླ་མ་ལེགས་བཤད་ཀྱིས་ཐུགས་འགན་བཞེས་ཏེ་བསྐྱར་གསོ་བྱས་པ། བཀའ་འགྱུར་རྡོ་བསྐོས། བཟང་སྤྱོད་རྡོ་བསྐོས་ཚར་སྟོང་། མ་ཎི་སོགས་གཟུངས་སྔགས་སྣ་ཚོགས་རྡོ་བསྐོས་མཆོད་རྟེན་ལུས་ཚད་ལས་བརྒལ་བ་སུམ་བརྒྱ་ལྷག་བཅས་བཞུགས་ཤིང་། ཡུན་རིང་པོར་མང་ཚོགས་ཀྱིས་ཁ་གསོས་བྱེད་བཞིན་དུ་གནས་སོ།། ༡༢ བསྟན་པ་ཡང་དར་གྱི་སྐབས་སུ་སྒོ་ཕྱེ་སྐབས། ༡༩༨༤ ལོའི་སྤྱི་ཟླ་བརྒྱད་པའི་ནང་། ཁུལ་དང་རྫོང་མི་རིགས་ལས་དོན་ཅུའུ་དང་། དེ་དག་གིས་བརྩེ་གཟིགས་འོག་ནས་ཆོག་མཆན་ཐོབ། ༡༣ ད་ལྟ་ལག་ཁྱེར་ཅན་གྱི་གྲྭ་བ་བརྒྱད་ཅུ་ཐམ་པ་དང་ལག་ཁྱེར་མེད་པའི་གྲྭ་བ་བརྒྱ་དང་དྲུག་ཅུ་ཡོད། རྒྱལ་ཁབ་གྱིས་ཁས་ལེན་པའི་བླ་སྤྲུལ་གཙང་བ་སྐུ་ངག་དང་། སྤྲུལ་སྐུ་བསྟན་འཛིན། ༡༤ དགོན་པར་དམངས་དག་ཨུ་ཡོན་ལྷན་ཁང་གི་མི་སྣ་ཡོན་ཏན་རྒྱ་མཚོ་དང་། ཡེ་ཤེས་དཔལ། མི་འགྱུར། པཎ་ཆེན། བསོ་ཉི། རྡོར་བཟང་། ཡེ་ཤེས་བསྟན་འཛིན་དང་བདུན་ནོ།། ༡༥ སྐུ་གསུང་ཐུགས་རྟེན་ནི་འདུ་ཁང་སོགས་བཤད་སྐབས་ཀྱི་དེ་དག་ལས་ཤེས་སོ།། ༡༦ གཞན་ལོ་རྒྱུས་སྟེང་དུ་འཇོག་འོས་པ་ནི་གཙང་བ་གྲུབ་ཆེན་བྱམས་པ་ཆོས་འཛིན་གྱི་རྣམ་ཐར་དང་གསུང་འབུམ་སོགས་ཀྱི་ལོ་རྒྱུས་སོགས། གཙང་བ་སྐུ་ངག་གི་སྐུ་གོང་མ་ཆ་ལུང་བའི་རྣམ་ཐར་མདོ་ཙམ་གོང་སྨྲོས་ལྟར། སྡེ་སྲིད་བེེ་སེར་ན་ཡོད་པས་གནའ་བོའི་ལོ་རྒྱུས་ཀྱི་མི་སྣ་ཁྱད་པར་ཅན་ཡིན་པ་དེས་ཤེས་སོ།། འདི་བའི་དགོན་གཞི་དང་རྟེན་བཞེངས་སྐོར་ད་ལྟ་སི་ཁྲོན་ཞིང་ཆེན་དང་མཚོ་སྔོན་ཞིང་ ཆེན་གཉིས་ཀ་ན་ཡོད་པས་རྒྱ་ཅུང་ཆེ་ལ། གཙང་བ་ལྕགས་མདུད་ཀྱི་སྤྲུལ་སྐུ་སྔ་མའི་རྣམ་ཐར་ནི་ཀན་སུའི་སྟག་ཚང་ལྷ་མོའི་ཉིན་དགོན་གྱི་གདན་རབས་ནའང་བཀོད་ཡོད་པས། རང་རེ་མགོ་ལོག་གི་ལོ་རྒྱུས་སྟེང་ལ་རྒྱས་འགོད་བྱེད་འོས་སོ།།

གཙང་ཞོལ་མ་དགོན་པའི་ལོ་རྒྱུས་བསྡུས་དོན་འདིའང་གཙང་བ་སྐུ་ངག་གིས་བཀའ་མ་ལྡོག་པར་རབ་རྒྱས་ཀྱིས་སོ་ཞེས་པའི་སྟེང་རྗེ་ཆ་ལུང་བ་སྐུ་ཕྲེང་དང་པོའི་རྣམ་ཐར་ཁོ་བོས་བསྣན་རྗེས་དེར་སྤེལ་བ་ཡིན་ནོ། མགོ་ལོག་ཁུལ་དུ་རྒྱལ་བ་ཇོ་ནང་པའི་ཆོས་བརྒྱུད་དར་ཚུལ་དང་དགོན་སྡེའི་ལོ་རྒྱུས་སོགས་ལ་ཞིབ་འཇུག་གནང་མཁན་དག་ལ་ཕན་ཕྱིར་སྤོས་ཁང་སྒྲོལ་བཟང་གིས་འོས་སྦྱོར་ཞུས་པའོ། ཁོ་བོ་ཡང་དགོན་འདིར་གཞན་སྟོང་བགྲོ་གླེང་སྐབས་བཅར་མྱོང་ཡོད་ལ་འདི་ན་བདག་གི་ཆོས་འབྲེལ་ཞུས་སའི་བླ་མ་ཡང་བཞུགས་ལ་ཆོས་གྲོགས་ཀྱང་མང་ལྷག་ཏུ་དེ་གའི་གྲྭ་དཔལ་ལྡན་རྒྱ་མཚོ་ལགས་དང་ལྷན་དུ་ཇོ་ནང་ཞལ་འདོན་ཕྱོགས་བསྒྲིགས་དེབ་མི་འདྲ་བ་གཉིས་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་དང་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་སོ་སོ་ནས་དེབ་གྲངས་ཁྲི་ཉིས་ལྷག་དཔར་སྐྲུན་འགྲེམ་སྤེལ་ཞུས་པ་ཡིན་ནོ། དེ་ལྟར་ཞུ་དགོས་པ་ཡང་དེང་སྐབས་དྲ་ཐོག་ནས་ཇོ་ནང་པའི་ཆོས་འབྱུང་སྐོར་ལ་འཆད་ཁྲིད་གནང་མཁན་ཁ་ཤས་མཇལ་བྱུང་ཡང་ཆོས་འབྱུང་དངོས་ལ་ཞིབ་ཕྲ་མེད་པར་གཡག་ཞར་གྱི་དཔེ་ལྟར་འཁྲིད་མཁན་མང་བས་དེ་དག་ལ་ཕན་ཕྱིར་དུ་ཡང་སྤེལ་བ་ཡིན་ནོ། ༢༠༢༢/༡༠/༩/
ནང་དོན་ཡོངས་ཁུངས། ཆུ་ཚང་རིག་གནས་སྤྲོ་འཛོམས་ཁང་།