བཅུ་དགུ་པ།
མཛད་པ་པོ། རྗེ་བཙུན་ཏཱ་ར་ནཱ་ཐ།
དེ་ནས་དཔལ་ལྡན་བླ་མ་དམ་པར་དཀའ་དྲིན་རྗེས་སུ་དྲན་པའི་ཡོན་མཚོན་བྱེད་ཙམ་ཕུལ་ཏེ། བརྟན་བཞུགས་རྒྱས་པའི་སྒོ་ནས་ཞབས་པད་བརྟན་པར་གསོལ་བ་བཏབ་བོ། །
སྔ་སོར་སྟག་ལོའི་ནང་དུ་སྐུ་ཁམས་བསྙེལ་བའི་ཚུལ་བསྟན་པ་དེ། འདིའི་བར་དུ་འཕྲོ་ལུས་པའི་རྣམ་པ་ཕྱག་ཡུལ་ཅུང་ཟད་མི་བདེ་བ་དང་། སྐུ་ཁམས་ཀྱང་བྱིང་པའི་རྣམ་པ་འདུག་ཕེབས་པ་ཞིག་ཡོད་ནའང༌། བརྟན་བཞུགས་ཕུལ་བ་འདི་ལས་བརྩམས་ཏེ། སྐུ་ཁམས་ཤིན་ཏུ་དྭངས་ཤིང་། སྐུ་གཟུགས་ཤིན་ཏུ་བཟང་བ་རང་དུ་གྱུར་པ་འདིས་ཀྱང་མོས་པའི་དགེ་བ་རྣམ་པར་དག་པའི་མཐུ་ཕུན་སུམ་ཚོགས་པ་བརྟན་པ་ཡིན་ནོ། །
འདི་སྐབས་བཟང་ལྡན་ཆོས་སྡེ་ནས་སློབ་དཔོན་བཀྲ་ཤིས་དབང་ཕྱུག་པ་དང་། བྱང་ནས་མི་སྣ་བདེ་གླིང་ནང་སོ་གཟི་འབར་བ་བྱུང༌། བཟང་ལྡན་དུ་ཚེས་བཞི་ལ་ལམ་འབྲས་ཚུགས་ངེས་དགོས་ཚུལ་དུ་འདུག་ཅིང༌། དེ་ནི་དོན་ལའང་དགོས་པར་ཡོད་མོད་ཀྱི། ཐམས་ཅད་དུས་ཐུག་ཅིང་དོག་སར་འཛོམ་པའི་འགག་ཐུག་སར་བརླ་བསྒྲད་པའི་དཔེ། དེའི་སྔོན་དུ་ངམ་རིང་དུ་ཁོར་ཙམ་མ་འབྱོར་ན་གཏན་མི་རུང་བའི་ནན་ཆགས་དང༌། གདོང་འགའ་ནས་ཀྱང་འབོར་མི་ཅར་སྡོད་ཞག་ཤས་སྡོད་དགོས་ཀྱི་ནན་ཆགས་སོགས་ཞེ་སུན་པོ་རང་ཞིག་བྱུང་བས། འདི་གོང་གམ་པ་ལ་འགྲོ་བའི་ཁས་ལེན་ཡོད་ཀྱང་བཤོལ།
བླ་མ་དམ་པའི་སྐུ་མཚམས་འོག་ཏུ་ཉིན་རེ་བཞིན་ཞལ་དཀྱིལ་མཇལ་བར་ཕྱིན་ཅིང༌། སྡེ་པ་ཞལ་ངོ་རྣམས་སུ་རྣལ་འབྱོར་མའི་བྱིན་རླབས་ཤིག་དགོས་ཕེབས་བྱུང་ནའང༌། ད་ལམ་འཇུག(མཇུག)གི་རྟེན་འབྲེལ་ཡིན་པས་ཕག་དཀར་ཤེས་རབ་གསལ་བྱེད་ཞིག(ཅིག)འགྱུར་རྙིང་པའི་ལུགས་བྱེད་བྱས་དེ(ཏེ)ཕུལ།
ཚེས་བཅུ་དགུ་ལ་ཆས། དེ་ནུབ་ཆུ་བབས་སུ་སྒྱོགས་མཁན་པ་ཚང་གི་དེར་བསྡད། དེ་ཉིན་ལམ་གྱི་ངལ་དུབ་ཤིན་ཏུ་ཆེ་བ་ཞིག་བྱུང་སྟེ་ཕྱིན་ན་མི་ལེགས་ཟེར་རྒྱུར་འདུག །
དེ་ནུབ་ཀྱི་ཐོ་རངས་སྔ་ཟུར་ཙམ་ལ་གཏིང་སྐྱེས་ནས་འདྲེན་དཔོན་ཚེ་རིང་སླེབ(སླེབས)པའི(པས)། སྡེ་པ་མ་ཆེན་དྲུང་ཁ་སང་དགོངས་ཕྱོགས་ནས་སྐུ་བསྙེལ་བའི་སྐུ་ཁམས་ཐུ་བར་བྱུང་བས། འཕྲལ་དུ་ལྡོག་ཡོང་དགོས་ཚུལ་དུ་འདུག་པ། རླུང་ལྟས་སོགས་འཕྲལ་གྱི་ལྟས་ལ་བརྟགས་པས་ཉེས་སྐྱོན་གཅིག་ཀྱང་མི་འདུག་པས། དེ་ཕྱིན་བཟང་ལྡན་གྱི་ཆོས་འདི་ཡང་ཕྱིས་འགྲུབ་དཀའ་ཞིང་། དགེ་འདུན་གྱི་བྱ་བ་བཤོལ་དུ་མི་རུང་བར་འདུག་སྙམ་པས། ད་ལམ་སྐྱོན་མི་ཡོང་བ་ཁག་ཐེག་པས་ཡོང་མི་དགོས་པར་འདུག་བྱས། ཞུ་ལན་ཡང་དེ་འཕྲལ་ཕུལ།
རིམ་པས་གདོང་དགར་སླེབ(སླེབས)། ཞག་བདུན་སྡོད་དགོས་བྱུང་ཞིང༌། སྐྱེས་རབས་སོ་བཞི། མཛད་བཅུ། གནས་བརྟན་བཅུ་དྲུག་སོགས་ཀྱི་ཞལ་ཐང་གསར་བཞེངས་རྣམས་ལ། བཅོམ་ལྡན་འདས་དཔལ་འཁོར་ལོ་སྡོམ་པའི་རྡུལ་ཚོན་གྱི་དཀྱིལ་འཁོར་བཞེངས་སུ་གསོལ་ཏེ། རབ་གནས་ཉིན་གསུམ་པའི་ཆོ་གས་བགྱིས་པ་དང་སྟབས་བསྟུན་དུ་དབང་བསྐུར་ཞིག་ཀྱང་བྱས། གཞན་ཡང་ཚེ་དབང་བརྒྱ་ཚར་དང༌། འཇམ་དཔལ་སྨྲ་སེང་དང༌། ཞལ་བཞི་པའི་རྗེས་གནང་སོགས་བརྗེད་ཆོས་འགའ་ཤས་དང༌། གདོང་དགའ་སློབ་དཔོན་པ་དང་། རགས་རྫོང་སློབ་དཔོན་པ་གཉིས་ལ་ནག་པོ་རིམ་བཞིའི་ཁྲིད་ཞིག(ཅིག)ཀྱང་བཤད།
གནས་རྙིང་རྗེ་དྲུང་ཡེ་ཤེས་རྒྱ་མཚོ་པ་ཡང་ཆོས་ཞུ་བ་ལ་འདི་སྐབས་ནས་ཕེབས་བྱུང་ཞིང་། རིམ་པས་ངམ་རིང་དུ་སླེབ(སླེབས)།
དེ་ཉིད(ཉིན)དཔལ་ལྡན་སྡིངས་སུ་ཞབས་དྲུང་ལྕམ་སྲིང་ཕེབས་འདུག །{རྗེ་བཙུན་ངག་དབང་དྲུང་དཔོན་གཡོག་རྣམས་བསུ་བར་ཕེབས་ཤིང་།} བསམ་འགྲུབ་དགའ་ལྡན་པ་དང༌། རྩེར་བཞུགས་ཀྱི་དགེ་འདུན་རྣམས་གྱིས་སེར་འཕྲེང་དང་བཅས་བསུ་བ་གཟབ་མ་གནང༌། འདི་སྐབས་ཞག་གསུམ་བསྡད་པ་ལ། ཞལ་ངོ་སྤྱིར་ཚེ་དབང་བརྒྱ་ཚར་དང་། དྲག་པོའི་རྗེས་གནང{གཉིས་དང་། ཞབས་དྲུང་དུ་གུར་ཡུམ་ཅན་གྱི་རྗེས་གནང་། སེང་གདོང་མ་དང་མགོན་པོ་ཞལ་གྱི་སྐོར}འགའ་ཞིག་ཕུལ། གཞན་སོ་སོར་འདོད་ཆོས་ཐང་ཐུང་འདྲ་བཤད།
ཧོར་ཟླ་དྲུག་པའི་ཚེས་གསུམ་གྱི་ཉིན་ངམ་རིང་ནས་སྔ་བར་ཆས་ཏེ། དཔལ་བཟང་ལྡན་གྱི་ལུང་པའི་ཕུའི་མཚོ་ཁ་དེར། ཆེ་བགྲེས་སློབ་དཔོན་རྣམས་ཀྱང་བསུ་བ་ལ་ཕེབས་ཤིང༌། དགེ་འདུན་རྣམས་ཀྱི་སེར་འཕྲེང་གི་བཀོད་པ་རྒྱ་ཆེན་པོ་དང་བཅས་བཟང་ལྡན་ཆོས་སྡེ་ཆེན་པོར་སླེབ(སླེབས)། དེ་ཉིན་འཇམ་དབྱངས་ཆོས་ཁྲིའི་སྟེང་ནས་དགེ་འདུན་རྣམས་ལ་བྱིན་རླབས་ཙམ་ཞིག་བྱས། དེའི་སང་ཉིན་བོད་སྤྱིའི་འདོད་པ་ལ་བདེན་བཞིའི་ཆོས་འཁོར་གྱི་དུས་ཆེན་ཡིན་ཟེར་བ་ལ། གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་གདམས་ངག་གི་བྱུང(འབྱུང)ཁུངས་སོགས་བཤད་དབུ་ཚུགས་པར་བྱས།
ཚེས་ལྔ་ནས་བརྩམས་ཏེ། སྔ་ཆོས་དགོངས(དགོང)ཆོས་ཀྱི་ཆོས་ཐུན་གཉིས་གཉིས་ཐུན་ཤིན་ཏུ་ཆེ་བར་བཤད་ཅིང༌། སྣང་གསུམ་སྐབས་ཚོགས་པ་ངོས་མ་སྟོང་རྭ་ཅན་ཙམ་དང༌། ཞོར་ཉན་པ་ཉིས་བརྒྱ་སྐོར་བྱུང་ཞིང༌། རྒྱུ་དབང་དབང་ཆ་བཞི་བཅུ་རྒལ(བརྒལ)ངེས་པ་དང༌། རྒྱུད་གསུམ་མན་ཆད་སྣ་ཚོགས་པ་ངོས་མ་དྲུག་བརྒྱ་མི་ཆད་པ{བྱུང་བས}། ལམ་དབང་དབང་ཆ་ཉེར་ལྔ་ཙམ་བྱུང་ཞིང་། སྣང་གསུམ་གྱི་སྐབས་ཁྲིད་དམིགས་གང་ངེས་དང་། བཤད་པའང་མཐའ་ཆོད་པར་བགྱིས། བླ་མ་བརྒྱུད་པའི་རྣམ་ཐར་ངོ་མཚར་སྣང་བ་དང༌། རྗེ་བཙུན་གྲོལ་མཆོག་གི་རྣམ་ཐར་རྒྱས་པའི་ལུང་ཙམ་ཞིག་སོང༌།
ཚེས་ལྔ་དེ་ཉིད(ཉིན)ནས་བརྩམས་ཏེ། གནས་རྙིང་རྗེ་དྲུང་སོགས་ལ་གུང་སེང་ལ་ཤངས་ཆོས་སྐོར་རྣམས་བགྱིས་ཤིང༌། ཟླ་བ་དེ་ཉིད་ཀྱི་ཚེས་བཅུ་གཅིག་ནས་བརྩམས་ཏེ། སྔ་ཆོས་དགོངས(དགོང)ཆོས་ཀྱི་བར་དང་། དབང་གི་སེང་སོགས་ཀྱི་ཉིན་གུང་ལ་ཚོགས་པ་རགས་བསྡུས་བརྒྱ་སྐོར་ལ་ལམ་སྐོར་ཕྱི་མ་རྣམས་བཤད་ཅིང༌། {ཚུགས་ནས}སྔ་དྲོ་རེ་བཞིན་ཚོགས་པ་གང་ཡོད་ཀྱི་སྟེང་དུ་ཉེ་སྐོར་གྱི་ཡོན་བདག་འདྲ་དང་བཅས་པ་ལ་རྗེས་གནང་ཟུར་བཀའ་གཉིས་ཙམ་རེ་ཆག་མེད་དུ་བགྱིས།
འདིར་དེ་ལྟར་ཆོས་བཤད་པའི་རིམ་པ་མདོ་ཙམ་ནི། གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་གདམས་ངག་སྨིན་རྒྱས། ལྟ་བ་བསྐྱེད་རྫོགས་རྣམས་དང་། མདོ་རྒྱུད་སྤྱི་སྒོས་ཀྱི་བཤད་པ་མཐའ་ཆོད་པ་དང༌། ལམ་འབྲས་རང་རྐང་གི་ཆོས་སྐད་ཐུན་མོང་མ་ཡིན་པ་རྣམས་ཞིབ་མོ་འཐེམས་ནན་དང༌། དམིགས་པ་རྣམས་ལ་བསྐྱར་ཆོས་ཀྱི་སྒོ་ནས་ཤིན་ཏུ་ངེས་པར་བྱས།
ཨིཎྜ་བྷུ་ཏིའི་ལམ་སྐོར་མ་གཏོགས། ལམ་སྐོར་ཕྱི་མ་རྣམས་ཀྱི་དམིགས་ཁྲིད་ངེས་ཅན་དང༌། སོ་སོའི་གོ་བབས་ཀྱི་བཤད་པ་རྣམས་ཀྱང་། གཅིག་ལ་གཅིག་རྒྱས་འགེབས་ཀྱི་རང་བཟོར་མ་སོང་བའི་ཐུན་མོང་མ་ཡིན་པའི་རང་སྐད་ཁོ་ནའི་སྒོ་ནས་མཐའ་ཆོད་ཅིང་། སྒོམ་དོན་ལ་འདྲིལ་བར་བྱས། སེམས་བསྐྱེད་ཀྱི་སྐབས་མཆོད་པའི་བཀོད་པ་ཡང་ཤིན་ཏུ་རྒྱས་པ་དང༌། ཞུ་མཁན་ཡང་སྟོང་ཕྲག་གཉིས་ལྷག་ངེས་པ་བྱུང༌།
{དེ་དག་དང་འབྲེལ་བར}བདག་མེད་ལྷ་མོ་བཅོ་ལྔའི་དབང་དང༌། རྗེ་བཙུན་བདག་མེད་མའི་ལུས་དཀྱིལ་བྱིན་རླབས་རྒྱས་པ། ལམ་ཟབ་ཕྱི་ནང༌། བིར་བསྲུངས་ཕྱི་ནང༌། སངས་རྒྱས་སྤྱན་མའི་བཟླས་ལུང༌། ཨཥྚའི་བཟླས་ལུང༌། ཡིག་བརྒྱའི་བཟླས་ལུང༌། བླ་མ་རིན་འབྱུང༌། བླ་མའི་རྣལ་འབྱོར་ཚར་གསུམ་ཁུག་པ། བླ་མ་དོན་གྲུབ་ཀྱི་ཚར་གསུམ་ཁུག་པ། དབང་བཞི་ངོ་སྤྲོད། བརྡའ་དོན་གསལ་བ། མགོན་རྐྱང་གི་རྗེས་གནང༌། རྣམ་འཇོམས་བིར་ལུགས་ཀྱི་བྱིན་རླབས། སྒྲུབ་པ་ལུང་འབྱིན་གྱི་བར་དུ་བྱིན་རླབས་ཀྱི་རིམ་པ་ཡང་མཐའ་རྒྱས་དང༌། དེ་བཞིན་དུ་བསམ་མི་ཁྱབ་ཀྱི་བྱིན་རླབས། ཕྱག་ཆེན་ཡི་གེ་མེད་པའི་བྱིན་རླབས། རགས་བསྡུས་ལ་ནཱ་རོ་མཁའ་སྤྱོད་ཀྱི་བྱིན་རླབས་ཆ་དྲུག །མཻ་ཏྲི་མཁའ་སྤྱོད་དང་ཨིནྡྲ་མཁའ་སྤྱོད་ཀྱི་བྱིན་རླབས་ཚར་རེ། དམར་པོ་སྐོར་གསུམ་གྱི་རྗེས་གནང༌། བདེ་མཆོག་ནག་པོ་པ་དང༌། འཇིགས་བྱེད་རོ་ལངས་བརྒྱད་སྐོར་དབང་ཆ་རེ་རེ། ཤངས་ཆོས་པ་རྣམས་ལ་སྒྱུ་ལུས་དབང་མོ་ཆེ། གའུ་མའི་བཀའ་ཆེ་ཆུང་གཉིས་མཁའ་སྤྱོད་བཀའ་ལྔ། འཆི་མེད་འཁྲུལ་འཁོར་གྱི་བྱིན་རླབས་སོགས་དང༌། གསེར་ཆོས་ལྔའི་ཁྲིད། འཆི་མེད་འཁྲུལ་འཁོར་གྱི་ལག་ལེན། ལུང་ཆོས་སྐོར་པོ་ཏི་གཉིས་སོང{གཉིས་ཙམ་གྱི་ལུང}།
ཚོགས་ཆེན་དུ་བྱིན་རླབས་དང་རྗེས་གནང་གི་རིམ་པ། བདེ་མཆོག་ལྷན་སྐྱེས་དང་། ཀྱཻ་རྡོར་ལྷན་སྐྱེས་ཀྱི་བྱིན་རླབས། བཀའ་གདམས་ལྷ་བཞི་སོ་སོའི་རྗེས་གནང༌། རྗེ་བཙུན་འཕགས་མ་སྒྲོལ་མ་ཉིན་ཞི་མཚན་ཁྲོ། རྡོ་རྗེ་གདན་པའི་ཐུགས་དམ་ལྷ་དྲུག །མི་གཡོ་བ་ཕྱག་བཞི་པ། མི་གཡོ་བ་ཞབས་བཞི་པ། མི་གཡོ་སྤྲེའུ་བརྒྱད་མ། ཨོ་རྒྱན་སྒྲོལ་མ། སྤྱན་རས་གཟིགས་ཡིད་བཞིན་ནོར་བུ་སོགས་ཟུར་བཀའ་བརྒྱད་ཅུ་ལྷག་པ་དང༌། དེ་དག་ལ་བརྟེན་པའི་ཡིག་ལུང་ཅི་རིགས་པ་དང་བཅས་པ། དོན་གཉེར་འགའ་ཞིག་ལ་བྱ་བ་སྤྱི་རྒྱུད་གསུམ་དང༌། གསང་འདུས་ཀྱི་རྒྱུད་གཞུང་འགའ་ཤས་དང༌། ཁྱད་པར་གསང་འདུས་རིམ་ལྔ་ལ་འབྲུ་བཤད་མཐའ་གཅོད་རྒྱས་པ་དང་བཅས་པ།
གཞན་ཡང་དགེ་འདུན་ཉིས་བརྒྱ་ཙམ་ལ་རས་ཆུང་ལུགས་ཀྱི་ཚེ་ཁྲིད་སོགས། མདོར་ན་ཉིན་མཚན་དུ་ཆོས་བཤད་ཀྱིས་དུས་འདའ་བར་སོང༌།
གོང་དུ་ཆོས་ཚུགས་སྟོན་རང་ལ་གཤིན་དོན་གྱི་མང་ཇ་ཞིག་བྱུང་བ་ལ་རྟོག་པ་ཅུང་ཟད་ཟ་བ་ཞིག་བྱུང་བ་ལྟར། རྒྱུད་གསུམ་གྱི་འགོ་ཚུགས་ཙམ་ན། སྤྲང་བོ་མང་པོ་ནད་ཀྱིས་ཤི་བའི་རྐྱེན་གྱིས་གྲྭ་བ་གསུམ་བཞི་ལ་ནད་དེས་འགོས། དེ་མཚམས་རི་ཁྲོད་མའི་རྗེས་གནང་སོགས་བགྱིས་པས། དེ་ཕྱིན་ཆད་དགོན་ཁོངས་སུ་མཆེད་པ་གཅིག་ཀྱང་མ་བྱུང༌།
འདི་སྐབས་ཕྱོགས་མཐའ་ཐམས་ཅད་ན་ནད་ཟླ་མང་བ་རང་འདུག་ནའང༌། བཟང་ལྡན་རང་དུ{ས་གཙང་བ}ཆོས་ཤིན་ཏུ་འཕེལ་བའི་ངོས་ནས། ཧོར་ཟླ་བརྒྱད་པའི་ཚེས་བཅུ་ལ་ལམ་འབྲས་ཀྱང་གྲོལ། དེ་སྐབས་ངམ་རིང་ནས་གསུང(གསུངས)ཕེབས།
{ཧོར་ཟླ་བདུན་པའི་མཇུག་ཙམ་ན་དཔོན་སའི་ཕེབས་སྒོར།} དེ་ན་ནད་རིམས་ཡོད་འདུག་པས། {ལམ་འབྲས་གྲོལ་ནས། རེ་ཞིག་དེ་ཁར་ཟླ་བ་གཅིག་གཉིས་མཚམས་བྱེད་པའམ། ཡང་ན་ཇོ་ནང་ལྟ་བུར་ཟླ་གཅིག་ཙམ་ནད་བགས་བསང་བར་འགྲོ་དགོས་གསུང(གསུངས)པ་ཞིག་བྱུང་བས། དེ་ལྟར་ན་བྲེལ་བ་འགའི་སྟབས་རེ་ཞིག་ཕྱོགས་མཐའ་འདྲ་ལ་དགོངས་པ་ཞུས་པས། སླར་ཕེབས་སྒོ}ཞག་བཅུ་སྐོར་དེ་ཁར་སྡོད་པ་དང༌། དེ་ནས་བགས(བག)བསང་བ་སོགས་ལ་ཤུག་ཁྲོད་དུ་ངེས་པར་འགྲོ་དགོས་ཚུལ་དང༌། དེ་མཚམས་ངམ་རིང་དུ་ཡོང་དགོས་ཕེབས་བྱུང་བས། དེ་སྐབས་ཟེར་ཚད་ཉན་པའི་སྤྲེའུའི་ཁུང་རང་བྱས།
{དེ་ག་ལྟར}བཟང་ལྡན་རང་དུ་མཚམས་ཞག་བདུན་མ་ཞིག་དང{བྱས}། དེ་གྲོལ་ནས་ཤུགས(ཤུག)ཁྲོད་དུ་ཞག་བརྒྱད་བསྡད་ཅིང༌། སྒྲུབ་སྡེ་རྣམས་ལ་བདེ་མཆོག་ནག་པོ་པའི་དབང་ཞིག་བྱས།
ཧོར་ཟླ་དགུ་པའི་ཚེས་གཅིག་ལ་ངམ་རིངས་སུ་སླེབ(སླེབས)། དེའི་སང་ཉིན་རང་ནས་ཆོས་ཀྱི་རིམ་པ་རྣམས་ཚུགས་ཤིང༌། ཧོར་ཟླ་བཅུ་པའི་ཚེས་བཅུ་བཞིའི་བར་དུ། གཙོ་བོར་ཞབས་དྲུང་ཉིད་དང༌། གཞན་ཡང་གང་འོས་ཀྱི་དོན་གཉེར་སོ་སོ་དང་བཅས་པ་རྣམས་ལ་སོ་སོར། དཔལ་གསང་བ་འདུས་པ་འཇམ་པའི་རྡོ་རྗེ། མ་ཧཱ་མཱ་ཡ། སངས་རྒྱས་ཐོད་པ། རྡོ་རྗེ་འཇིགས་བྱེད་བཅུ་གསུམ་མ། ས་ལུགས་རོ་ལངས་བརྒྱད་བསྐོར། ཞེ་དགུ་མ། སྐྱོ་ལུགས་དྲག་པོའི་རྗེས་གནང་དང་བཅས་པ། བདེ་མཆོག་ནག་པོ་པ། རྡོ་རྗེ་གདན་བཞི། མི་གཡོ་བླ་མེད་དེ་བླ་མེད་ཀྱི་དཀྱིལ་ཆེན་བཅུ་དང༌། གཟུངས་གྲྭ་ལྔ་དང༌། ཚེ་དཔག་མེད་ལྷ་དགུ་སྟེ་བྱ་རྒྱུད་ཀྱི་གཉིས། གྲི་གུག་ལྷ་ལྔ། གུར་ལྷ་བཅུ་གཉིས་མ། གྱི་ལྗང་ལྷ་བཅུ་བདུན་མ་སྟེ་མགོན་པོའི་དབང་བསྐུར་གསུམ། ཡོངས་བསྒྲིལ་དབང་བསྐུར་བཅོ་ལྔ་བྱས།
དཔོན་ས་ཡུམ་དྲུང་གིས་ཀྱང་འདི་དག་གི་ནང་ནས་དྲུག་ཙམ་ཞུ་བ་མཛད། ལུ་ཕུ་གདན་ས་པ་དང་། ལྷུན་སྡིངས་གདན་ས་པ་སོགས་ཀྱིས་ཀྱང་སོ་སོའི་འདོད་པ་དང་བསྟུན་པའི་དེ་དག་ཅི་རིགས་པ་ཞུས།
དེ་བཞིན་དུ་མ་ཧཱ་མཱ་ཡའི་ཁྲིད། {ཀུ་ཀུ་རི་པའི་ཆོས་བདུན་དང་། རྒྱུད་འགྲེལ་རིགས་གསུམ་ཙམ་དང་། མན་ངག་ཐོར་བུ་བ་དང་བཅས་པའི་ལུང་།} འཇིགས་བྱེད་རྭ་རྩེ་སེམས་འཛིན་གྱི་ཁྲིད་སོགས་ཁྲིད་ལུང་རྗེས་གནང་རྣམ་གྲངས་མང་པོ་རང་སོང༌།
{རྭ་པོད་ཆ་ཚང་སོགས་ལུང་གི་སྐོར་པོ་ཏི་ཆེ་ངེས་པ་ཞིག་སོང་། བདེ་དགྱེས་དུས་གསུམ་ལྷན་སྐྱེས་ཀྱི་བཀའ་དང་། དམར་པོ་སྐོར་གསུམ། རྣལ་འབྱོར་མའི་བྱིན་རླབས། རྟ་མགྲིན། སེང་གདོང་མ། ཕྱག་དྲུག་པ་ས་ར་ཧའི་ལུགས། མགོན་པོ་གཟི་ལྡན་གཟི་མདངས་སྐྱེད་པ་དང་། རྒྱུད་འཇམ་པར་བྱེད་པ། གུར་ཞལ་ཟངས་གྲི་སྐོར་གསུམ། ཞལ་བཞི་སྒྲུབ་དུས་ཐུན་མོང་མ་ཡིན་པའི་རྗེས་གནང་། ཕྱག་རྒྱ་བཞིའི་སྙིང་པོའི་བྱིན་རླབས་དང་། བདེ་མཆོག་བླ་སྒྲུབ་ཀྱི་བྱིན་རླབས། གུ་རུ་ཟླུམ་པོ་བཞིའི་དབང་།མགོན་དཀར། ལོ་མ་གྱོན་མ་སེར་དམར་སྔོ་གསུམ་གྱི་རྗེས་གནང་སོགས་ཕུལ། དཔོན་ས་ཞལ་ངོ་སོ་སོས་དེ་དག་ཅི་རིགས་པ་གསན།}
ཞལ་ངོ་ཚོ་ཚན་སོ་སོར་བཅད་པས། ཚེ་དབང༌བརྒྱ་རྩ་ལན་བཞི་དགོས་པ་བྱུང༌། རྡོ་རྗེ་འཇིགས་བྱེད་བཅུ་གསུམ་མ་དང༌། བདེ་མཆོག་ལ་རྡུལ་ཚོན་གྱི་དཀྱིལ་འཁོར་བཞེངས་ཐུབ། གཞན་རྣམས་རིས་བྲིས་ཀྱི་སྟེང་ནས་བསྒྲུབས།
གསེང་ཞིག་ལ་སྐྱ་བོ་ཁག་ཐང་དུ་ས་སྐྱ་པ་ཆེན་པོའི་སྐུ་འབུམ་མཇལ་བར་ཕྱིན། སྐུ་འབུམ་ལ་གསོལ་བ་འདེབས་ཀྱིན་བསྡད་སྐབས་ཤིག་མེ་ཏོག་གི་ཆར་ཆེན་པོ་མངོན་སུམ་དུ་བབས་པ་ཐམས་ཅད་ཀྱིས་མིག་ལམ་དུ་ཕེབས། ཞོར་ལ་བྱམས་ཆེན་ཡང་མཇལ{ཙམ་བྱས། ཞབས་དྲུང་ས་སྐྱ་པ་ཆེན་པོའི་སྐུ་འབུམ་གྱི་ལྷ་ཁང་དུ་རྒྱུ་དབང་ཞིག་ཞུ་བའི་བཞེད་པ་ཐུན་མོང་མ་ཡིན་པའི་བཀའ་བཀོད་ཡང་ཡང་ཕེབས་ཀྱིན་འདུག་ནའང་། ཡུམ་གྱི་དགོངས་པ་མ་འཁྲོལ།}
ངེད་ཀྱིས་སྔ་གོང་བདེ་མཆོག་ནག་པོ་པའི་དབང་ལ་བཀའ་ཡངས་པ་རང་བྱེད་ཀྱིན་ཡོད་ཅིང༌། བར་སྐབས་ཤིག་བཀའ་དོག་པོ་བྱས་ན་ལེགས་པའི་ལྟས་ཤིག་བྱུང་ནས། ཕལ་ཆེར་བཀའ་དོག་པར་བྱས་ནའང༌། བར་སྐབས་དེ་དང་དེར་མང་དུ་བྱེད་དགོས་བྱུང་བས། གསལ་སྣང་དང་བདེ་སྟོང་གི་ཉམས་ལ་གནོད་པར་བྱུང༌།
དེ་བས་ན་རྡོ་རྗེ་ཐེག་པའི་ཆོས་ཟབ་མོ་ཅི་རུང་རུང་ལ་སྦྱིན་པ་ནི་རང་གཞན་གྱི་དོན་གང་ཡང་མ་ཡིན་ལ། སྐལ་བ་དང་ལྡན་པ་ལ་དམ་དུ་སྤེལ་བ་ཉིད་རང་དང་གཞན་གྱི་དོན་སྔ་ན་མེད་པར་འགྱུར་བའི་གནད་དམ་པར་སྣང་ངོ༌།།
ཞབས་དྲུང་གིས་དབུ་རྒྱན་སེའུ་མ་ལེགས་པ་ཞིག་ཡོན་དུ་གནང་ནས། མ་ཧཱ་མཱ་ཡའི་ཁྲིད་ཡིག་ཅིག་རྩོམ་དགོས་ཕེབས་པ་འཕྲལ་དུ་བརྩམས། ཞབས་དྲུང་ཆོས་སྐད་ལ་དགྱེས་ཤིང་། སྒོ་ཡངས་པས་ཞལ་གདམས་འགའ་ཡང་ཡི་གེར་བྲིས་ནས་ཕུལ།
དེ་ལྟར་ན་ཟླ་བ་ཕྱེད་དང་གཉིས་ཀྱི་བར་ལ་རྡོ་རྗེ་སློབ་དཔོན་གྱི་མཚན་ཅན་མདོ་རྒྱུད་ཀྱི་དོན་མཁྱེན་པར་མངོན་པའི་ང་རྒྱལ་ཅན་འགས་ལོ་སྦྲེལ་ནས་ཀྱང་བཤད་པར་མི་ནུས་པ་ཙམ་འགྲུབ། ལར་ནི་སྐལ་མེད་ལ་ཆོས་བཤད་བྱེད་པ་ལ་བག་ཆགས་འཇོག་ཐུབ་པའི་ཕན་ཡོན་གཅིག་ཀྱང་བདོག །
དབང་བསྐུར་མང་པོ་དང་། དམ་ཉམས་མང་པོའི་དཔེ་ཉེས་དམིགས་གཅིག་ཀྱང་གདའ་སྟེ། ཆོས་ལར་མི་འཆད་པ་ལས་འཆད་པ་དེ་ཀ་ལོས་དྲག །རང་རེའི་ལས་སྐལ་དུའང་འདུག་གོ །དམ་ཚིག་ཉམས་པ་ཚོ་རེ་ཤིག(ཞིག)དམྱལ་བར་སྐྱེ་སྟེ། ཕྱིས་འཁོར་བ་མཐའ་ཅན་ཡིན། མཐའ་ཅན་གཞན་ལས་ཀྱང་ཉེའོ། །
དེ་སྐབས་ཞབས་དྲུང་བདག་པོས་རྒྱ་དྲིལ་རྭ་ལོག་མ་སྤུས་གཙང་བ་ཞིག་ཡོན་དུ་གནང་ནས། ཀུན་དགའ་དཔལ་བཟང་བརྒྱུད་ནས་ཕེབས་སྒོར། དངོས(ངོས)ཅག་གི་རྣམ་ཐར་ཞིབ་མོ་ཞིག་རྩོམ་དགོས་ཕེབས་པའི་བཀའ་ནན་མ་ཆོགས་པ་དང༌། གཞན་ཡང་སྔ་ཕྱིར་བསྐུལ(སྐུལ)བ་པོ་མང་པོའང་ཡོད་པས། དེ་ནས་མི་རིང་བ་རང་ལོ་ཉེར་དགུ་ནས་སུམ་ཅུར་འཕོས་པའི་མཚམས། རྒྱལ་གྱི་ཟླ་བའི་ནང་དུ་འདི་ཡན་ཆད་བྲིས་པ་ལགས་སོ།། །།ཕྱིས་ཚིག་སྣ་ཅུང་ཟད་བསྲིངས་པ་ནི་ཡོད། བཀྲ་ཤིས། ཤུ་བྷཾ།
རང་རྣམ་འདིའི་མ་དཔེ་ནི་རྟག་བརྟན་པར་མ་དང་ཛམ་ཐང་པར་མ་གཉིས་ཡིན་མོད། {}མཆན་ཁུང་འདིའི་ནང་དུ་བཀོད་ཡོད་པ་དག་ནི་རྟག་བརྟན་དང་ཛམ་ཐང་པར་མ་དེ་གཉིས་སུ་མེད་ཅིང་། འབྲས་སྤུངས་གནས་བཅུ་ལྷ་ཁང་ནས་བྱུང་བའི་དཔེ་རུ་ཡོད་པ་དག་དྲངས་པ་ཡིན། ()མཆན་ཁུང་འདིའི་ནང་དུ་བཀོད་ཡོད་པ་ནི་ཡིག་ནོར་རེད་སྙམ་པ་དག་མ་བཅོས་པར་རང་སོར་བཞག་སྟེ་མཆན་གྱི་ཚུལ་དུ་བཀོད་པའི་ཁུལ་ཡིན།【】མཆན་ཁུང་འདི་རུ་ཡོད་པ་ནི་ཆད་འདུག་སྙམ་པ་དག་ཡིན་ནོ། །