མཛད་པ་པོ། ༧རྗེ་ངག་དབང་དངོས་གྲུབ་དཔལ།
བདེ་གཤེགས་བརྒྱད་ཀྱི་སྔོན་གྱི་སྨོན་ལམ་མཐུས། །
མཚན་ནས་བརྗོད་ཅིང་སྨོན་ལམ་བཏབ་པ་ཡིས། །
སྡུག་བསྔལ་རིགས་གྱུར་མཐའ་དག་ཞི་བ་དང་། །
ལེགས་ཚོགས་མ་ལུས་སྩོལ་བའི་ལྷ་ལ་འདུད། །
དེ་ལ་འདིར་རྟོན་པ་བཞི་ལྡན་ཇོ་ནང་ཀུན་མཁྱེན་དོལ་པོ་པ་ཤེས་རབ་རྒྱལ་མཚན་གྱིས་མཛད་པའི་རིན་ཆེན་ས་གཞི་མ་འཆད་པ་ལ། ཚིག་ལ་མཆན་བཀོད་པ་དང་། ཕན་ཡོན་གཉིས་ལས། དང་པོ་ནི། རྣམ་ཐར་ཁྱད་འཕགས་ལས། ལོ་ཙཱ་བ་བྱང་ཆུབ་རྩེ་མོ་ལ་སོགས་མཁས་པ་བརྒྱ་ཤར་ཙམ་ལ་སྨན་བླའི་རྗེས་གནང་མཛད་པའི་ཚེ་ན། ནམ་མཁར་བདེ་གཤེགས་བརྒྱད་གསལ་བར་བྱོན་ནས་མེ་ཏོག་གི་ཆར་བབ་ནས་གསུངས་པ་༼སྤྱན་འདྲེན་ནི། ༽རིན་ཆེན་ས་གཞི་མཚོ་རྫིང་ཡན་ལག་བརྒྱད། །ལྗོན་ཤིང་བྱ་ཚོགས་པད་མ་བཅལ་བཀྲམ་དབུས། །སེང་ཁྲི་པད་ཟླ་འོད་གསལ་རྒྱས་པའི་སྟེང་། །བདེ་གཤེགས་བརྒྱད་པོ་འཁོར་བཅས་གཤེགས་སུ་གསོལ། །༼དེ་ནས་བདེ་བར་གཤེགས་པ་བརྒྱད་ཀྱི་སྔོན་གྱི་སྨོན་ལམ་ལྟར་གསོལ་བ་འདེབས་པ་ལ་བརྒྱད་ལས།
དང་པོ་བདེ་གཤེགས་མཚན་ལེགས་ཀྱི་སྔོན་གྱི་སྨོན་ལམ་ལྟར་སྨོན་ལམ་འདེབས་པ་ནི། ༽ཤར་ཕྱོགས་གཞན་གྱིས་མི་ཐུབ་ཞིང་ཁམས་ནས། ། སངས་རྒྱས་མཚན་ལེགས་༼སྐུ་མདོག་སེར་བོ་གཡས་སྐྱབས་སྦྱིན་གཡོན་མཉམ་བཞག་གོ། །དེ་ལ་ཕྱག་འཚལ་ཞིང་སྨོན་ལམ་ལ་སོགས་པའི་མཐུས། དེ་བཞིན་གཤེགས་པ་མཚན་ལེགས་པར་ཡོངས་བསྒྲགས་དཔལ་གྱི་རྒྱལ་པོ་དེའི་སྔོན་གྱི་སྨོན་ལམ་ཁྱད་པར་ཅན་དང་མཐུན་པར་སྨོན་ལམ་བརྒྱད་པོ་ཉེ་བར་བསྡུས་པ་ནི། ༽སྙིགས་མའི་འགྲོ་བ་ཀུན། །༼ཏེ་བདག་ཅག་ལ་སོགས་པ་སེམས་ཅན་གང་དག་༽༡ནད་མང་༼ནད་སྣ་ཚོགས་ཀྱིས་ལུས་ཡོངས་སུ་གཟིར་ཞིང་། རིམས་དང་གཤེད་བྱེད་དང་། རོ་ལངས་དང་། འཇིགས་པ་སྣ་ཚོགས་ཀྱིས་གཙེས་པ་དེ་དག་ཐམས་ཅད་ཀྱི་གནོད་པ་དང་། ནད་ཐམས་ཅད་འཕྲལ་དུ་བྱང་ཞིང་གཏན་དུ་རབ་ཏུ་ཞི་བར་གྱུར་ཅིགབྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་རིམས་དང་སྡིག་པ་ཅན་གྱི་གདོན་རྣམས་མེད་པར་གྱུར་ཅིགརབ་ཏུ་ཞི་བར་གྱུར་ཅིག༽༢དབང་ཉམས་༼བདག་ཅག་ལ་སོགས་པ་སེམས་ཅན་གང་དག་ལོང་བ་དང་། འོན་པ་དང་། སྨྱོན་པ་དང་། ཤ་བཀྲ་དང་། ནད་ཚབས་པོ་ཆེས་བཏབ་པར་གྱུར་པ་དེ་དག་ཐམས་ཅད་བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་དབང་པོ་ཐམས་ཅད་ཡོངས་སུ་ཚང་བར་གྱུར་ཅིགསྡུག་བསྔལ་དང་ནད་ཐམས་ཅད་རྒྱུན་ཆད་པར་གྱུར་ཅིག༽༣ལོག་པའི་ལམ་དུ་ལྟུང་༼བདག་ཅག་ལ་སོགས་པ་སེམས་ཅན་གང་དག་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གིས་བསྒྲིབས་པ། མཚམས་མེད་པ་ལྔ་བྱེད་པ། བྱ་བ་མ་ཡིན་པའི་སྤྱོད་པ་མང་བ། དམ་པའི་ཆོས་སྤོང་བ། སྡིག་པ་མི་དགེ་བའི་ལས་སྣ་ཚོགས་བྱེད་པ། ངན་སོང་གསུམ་དང་། སེམས་ཅན་དམྱལ་བར་འགྲོ་བར་འགྱུར་བ་དང་། སེམས་ཅན་དམྱལ་བ་ཆེན་པོར་སྐྱེས་ནས་སྡུག་བསྔལ་གྱི་ཚོར་བ་མྱོང་བ་དེ་དག་ཐམས་ཅད་ཀྱི་མཚམས་མེད་པ་ལྔ་ལ་སོགས་པ་ལས་ཀྱི་སྒྲིབ་པ་ཐམས་ཅད་ཡོངས་སུ་བྱང་ཞིང་ཟད་པར་གྱུར་ཅིགསྡུག་བསྔལ་སྣ་ཚོགས་ཀྱི་རྒྱུན་འཕྲལ་དུ་ཆད་ཅིང་བདེ་བ་མཆོག་དང་ལྡན་པར་གྱུར་ཅིག། བླ་ན་མེད་པའི་བྱང་ཆུབ་ཏུ་སངས་རྒྱས་ཀྱི་བར་དུ་སུ་ཡང་སེམས་ཅན་དམྱལ་བ་དང་ངན་འགྲོར་འགྲོ་བར་མ་གྱུར་ཅིགལྷ་ཡུལ་བའི་བདེ་བ་དང་། མིའི་བདེ་བ་མྱོང་བར་གྱུར་ཅིག༽། ། ༤དབུལ་ཕོངས་༼བདག་ཅག་ལ་སོགས་པ་སེམས་ཅན་གང་དག་དབུལ་པོར་གྱུར་ཏེ། ཟས་དང་། སྐོམ་དང་། ནོར་དང་། འབྲུ་དང་། མལ་ཆ་དང་། སྤོས་དང་། ཕྲེང་བ་དང་། ཡོ་བྱད་མི་བདོག་པ་དེ་དག་ཐམས་ཅད་བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་དབྱིག་དང་། གོས་དང་། ནོར་དང་། འབྲུ་དང་། མལ་ཆ་དང་། སྤོས་དང་། ཕྲེང་བ་དང་། ཡོ་བྱད་འཕེལ་བར་གྱུར་ཅིག༽༥༼བདག་ཅག་ལ་སོགས་པའི་སེམས་ཅན་གང་དག་བཅིང་བ་དང་། བརྡེག་པ་དང་། གོ་རར་གཞུག་པ་དང་། མཚོན་ཆའི་ཚོགས་རྣམ་པ་སྣ་ཚོགས་ཀྱིས་ལུས་ཡོངས་སུ་གཟིར་བ་དེ་དག་ཐམས་ཅད་བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་བཅིང་བ་དང་། བརྡེག་པ་ཐམས་ཅད་ལས་ཡོངས་སུ་ཐར་བར་གྱུར་ཅིགལུས་ཀྱི་གདུང་བ་ཐམས་ཅད་རྒྱུན་ཆད་པར་གྱུར་ཅིག༽༦གཅན་གཟན་༼བདག་ཅག་ལ་སོགས་པ་སེམས་ཅན་གང་དག་མགོན་མེད་པར་གྱུར་པ་ལུས་ལ་གདུང་བའི་མེ་འབར་བ་དང་། སེང་གེ་དང་། སྟག་དང་། དོམ་དང་། དྲེད་དང་། སྦྲུལ་གདུག་པའི་ནང་དུ་ཆུད་དེ། སྲོག་ལ་འབབ་ཅིང་ཉམ་ཐག་པ་དེ་དག་ཐམས་ཅད་བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་ལུས་ལ་གདུང་བའི་མེ་ཐམས་ཅད་རབ་ཏུ་ཞི་བར་གྱུར་ཅིགསེང་གེ་དང་། སྟག་དང་། དོམ་དང་། དྲེད་དང་། སྦྲུལ་གདུག་པ་དེ་དག་ཀྱང་བྱམས་པ་ལ་གནས་པར་གྱུར་ཅིག༽༧དགྲ་༼བདག་ཅག་ལ་སོགས་པ་སེམས་ཅན་གང་དག་ཕན་ཚུན་འཐབ་རྩོད་ཅིང་འགྱེད་ལ། འཁྲུགས་ཤིང་འཇིགས་སྐྲག་ནས་སྡངས་པ་དེ་དག་ཐམས་ཅད་བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་འཐབ་རྩོད་དང་འགྱེད་པ་ཐམས་ཅད་རབ་ཏུ་ཞི་བར་གྱུར་ཅིགཕན་ཚུན་བྱམས་པ་ལ་གནས་པར་གྱུར་ཅིག༽༨འཇིགས་༼བདག་ཅག་ལ་སོགས་པ་སེམས་ཅན་གང་དག་ཆུའི་ནང་དུ་སོན་ཏེ་གྲུར་ཞུགས་པ། གླིང་མེད་པར་ཕྱིན་པ། སྲོག་འདོད་པ། ཆུ་ཀླུང་དང་། རྒྱ་མཚོའི་ནང་དུ་སོན་ཏེ། སྨྲེ་སྔགས་སྣ་ཚོགས་འདོན་པ། དེ་དག་ཐམས་ཅད་བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་ཆུ་ཀླུང་ཆེན་པོ་དེ་དག་ལས་དབུགས་འབྱིན་པ་སྦྱིན་པར་གྱུར་ཅིགའཇིགས་པ་མེད་པར་རྒལ་བར་གྱུར་ཅིག༽འདི་ལ་སྐྱོབས༼འདི་ནས་ཤི་འཕོས་ནས་ཀྱང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཚན་ལེགས་པར་ཡོངས་བསྒྲགས་དཔལ་གྱི་རྒྱལ་པོའི་སངས་རྒྱས་ཀྱི་ཞིང་དུ་པདྨའི་སྙིང་པོའི་སེང་གེའི་ཁྲི་ལ་བརྫུས་ཏེ་སྐྱེ་ཞིང་སྐྱེས་མ་ཐག་ཏུ་གཟུངས་དང་ཏིང་ངེ་འཛིན་ལ་སོགས་པའི་ཡོན་ཏན་གྱི་ཚོགས་ཐམས་ཅད་མངོན་དུ་གྱུར་ཏེ། སྟོན་པ་བླ་ན་མེད་པ་མཚན་ལེགས་པར་ཡོངས་བསྒྲགས་དཔལ་གྱི་རྒྱལ་པོ་ལ་སོགས་པ་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ལས་བཀའ་ལུང་ཡང་དག་པར་ནོད་པ་དང་། ཐུགས་མཉེས་པར་བྱེད་ཅིང་སྐད་ཅིག་སྐད་ཅིག་ལ་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་ཐོགས་པ་མེད་པར་འཇུག་པར་གྱུར་ཅིགགཞན་ཡང་བདག་ཅག་ལ་སོགས་པ་སེམས་ཅན་ཐམས་ཅད་རེ་བ་ཐམས་ཅད་ཡོངས་སུ་རྫོགས་པར་གྱུར་ཅིགསངས་རྒྱས་ཀྱི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གྱུར་ཅིག༽།
༼གཉིས་པ་བདེ་གཤེགས་རིན་ཆེན་ཟླ་བའི་སྔོན་གྱི་སྨོན་ལམ་ལྟར་འདེབས་པ་ནི། ༽ཤར་ཕྱོགས་རིན་ཆེན་ལྡན་པའི་ཞིང་ཁམས་ནས། །༼རིན་ཆེན་ཟླ་བའི་སྐུ་མདོག་སེར་བོ་མཆོག་སྦྱིན་ཕྱག་རྒྱ་ཅན་གྱི་༽༼བཅོམ་ལྡན་འདས་རིན་པོ་ཆེ་དང་ཟླ་བ་དང་པདྨས་རབ་ཏུ་བརྒྱན་པ་མཁས་པ་གཟི་བརྗིད་སྒྲ་དབྱངས་ཀྱི་རྒྱལ་པོ་དེའི་སྔོན་གྱི་སྨོན་ལམ་ཁྱད་པར་ཅན་དང་མཐུན་པར། སྨོན་ལམ་བརྒྱད་པོ་བསྡུས་པ་ནི། ༽རིན་ཆེན་ཟླ་བས་དུས་ངན་སེམས་ཅན་ཀུན། ། ༡གཡེང་བཅས་༼བདག་ཅག་ལ་སོགས་པ་སེམས་ཅན་གང་དག་ཞིང་ལས་ཀྱི་མཐའ་དང་ཚོང་ལ་དགའ་སྟེ། གཡེང་བ་སྣ་ཚོགས་མང་བས་དགེ་བའི་ཆོས་རྣམས་དང་། བྱང་ཆུབ་ཀྱི་སེམས་ཡིད་ལ་བྱེད་པ་ལས་ཡོངས་སུ་ཉམས་ཏེ་འཁོར་བ་ན་འཁྱམས་ལ། སོ་སོར་འགྲོ་བའི་སྡུག་བསྔལ་རྒ་བ་དང་། ན་བ་དང་། རྒུད་པ་དང་། འཆི་བ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། མྱ་ངན་དང་། སྨེ་སྔགས་འདོན་པ་དང་། འཁྲུག་པ་སྣ་ཚོགས་སོ་སོར་མྱོང་བ་དེ་དག་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ཏུ་སངས་རྒྱས་ཀྱི་བར་དུ་བསམ་མ་ཐག་ཏུ་བཟའ་བ་དང་། བགོ་བ་དང་། བཏུང་བ་དང་། ལོངས་སྤྱོད་དང་། ནོར་དང་། འབྲུ་དང་། དབྱིག་དང་། གསེར་རྣམས་འབྱུང་ཞིང་འབྱོར་བ་ཕུན་སུམ་ཚོགས་པར་གྱུར་ཅིགདགེ་བའི་ཆོས་རྣམས་ཀྱིས་རྣམ་པར་འཕེལ་བར་གྱུར་ཅིགབྱང་ཆུབ་ཀྱི་སེམས་ཡིད་ལ་བྱེད་པ་དང་མི་འབྲལ་བར་གྱུར་ཅིགངན་སོང་གསུམ་དང་། སེམས་ཅན་དམྱལ་བ་ལ་སོགས་པ་འཁོར་བའི་སྡུག་བསྔལ་ཐམས་ཅད་ལས་ཡོངས་སུ་ཐར་བར་གྱུར་ཅིག༢སྐྱེ་སྡིག༼བདག་ཅག་ལ་སོགས་པ་སེམས་ཅན་གང་དག་གྲང་བ་དང་། ཚ་བ་དང་། བཀྲེས་པ་དང་། སྐོམ་པས་ལུས་ཡོངས་སུ་གདུངས་ཤིང་སྡུག་བསྔལ་གྱི་ཚོར་བས་ཉམ་ཐག་པ་དེ་དག་ཐམས་ཅད་ཀྱི་སྔོན་གྱི་ལས་ཀྱི་སྒྲིབ་པ་དེ་དག་ཡོངས་སུ་བྱང་བར་གྱུར་ཅིགབདེ་བ་དེ་ཡང་ཐ་མར་གྱུར་ཅིགབླ་ན་མེད་པའི་བྱང་ཆུབ་ཏུ་སངས་རྒྱས་ཀྱི་བར་དུ་སྐྱེ་བའི་སྡུག་བསྔལ་ཐམས་ཅད་ལས་ཡོངས་སུ་ཐར་བར་གྱུར་ཅིགལྷའི་བདེ་བ་མྱོང་བར་གྱུར་ཅིག༽༣ལུས་དམན་༼༣བུད་མེད་གང་དག་ནད་སྣ་ཚོགས་ཀྱིས་ལུས་ཡོངས་སུ་གང་ཞིང་བུད་མེད་ཀྱི་སྐྱེ་གནས་ལ་སྨོད་པ་དང་། སེམས་ཅན་གང་དག་བཙས་པའི་དུས་ཀྱི་སྡུག་བསྔལ་གྱི་ཚོར་བ་མྱོང་བ་དེ་དག་ཐམས་ཅད་དང་སྡུག་བསྔལ་ཐམས་ཅད་རྒྱུན་ཆད་པར་གྱུར་ཅིགསྐྱེ་བ་དེ་ཡང་ཐ་མ་པར་གྱུར་ཅིགབྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་སྐྱེས་པ་ཉིད་ཐོབ་པར་གྱུར་ཅིག༽༼༤བདག་ཅག་ལ་སོགས་པ་སེམས་ཅན་གང་དག་འཆི་བ་དང་། དགྲ་དང་དགོན་པའི་གནོད་པས་གཙེས་པ་དང་། ཕན་ཚུན་དུ་ཕ་མ་དང་། སྲིང་མོ་དང་། མཛའ་བཤེས་དང་། ཉེ་དུའི་མྱ་ངན་མྱོང་ཞིང་སྡུག་བསྔལ་བ་དང་། མྱ་ངན་གྱི་ཟུག་རྔུས་ལུས་ལ་ཟུག་པ་དེ་དག་ཐམས་ཅད་བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་འཆི་བ་དང་། དགྲ་དང་། དགོན་པའི་གནོད་པ་ཐམས་ཅད་རབ་ཏུ་ཞི་བར་གྱུར་ཅིགམྱ་ངན་དང་སྡུག་བསྔལ་དང་བྲལ་བར་གྱུར་ཅིག༽༥མུན་འཐིབས་༼བདག་ཅག་ལ་སོགས་པ་སེམས་ཅན་གང་དག་མཚན་མོ་མུན་པ་མུན་ནག་རྣམ་པར་རྒྱུ་བ། ལས་ཀྱི་མཐའ་རྣམ་པ་སྣ་ཚོགས་ལ་ཞུགས་པ། སྡིག་པ་ཅན་གྱི་གདོན་སྣ་ཚོགས་ཀྱིས་གཙེས་པ། འཇིགས་པས་སྨྲེ་སྔགས་སྣ་ཚོགས་འདོན་པ་དང་། དེ་དག་ཐམས་ཅད་བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་མུན་པ་མུན་ནག་ཐམས་ཅད་མེད་པར་གྱུར་ཅིགསྡིག་པ་ཅན་གྱི་གདོན་ཐམས་ཅད་བྱམས་པ་ལ་གནས་པར་གྱུར་ཅིགམཆོད་པ་དང་རིམ་གྲོ་བྱ་བ་སྣ་ཚོགས་ལ་མངོན་པར་བརྩོན་པར་གྱུར་ཅིག༽༦བདག་ཅག་ལ་སོགས་པ་སེམས་ཅན་གང་དག་དམན་པ་ལ་མོས་ཤིང་ཤེས་རབ་ཆུང་ལ་དྲན་པ་རྨོངས་ཏེ། དགེ་བའི་ཆོས་རྣམས་དང་སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་རྣམས་དང་། སངས་རྒྱས་དང་། ཆོས་དང་། དགེ་འདུན་རྗེས་སུ་དྲན་པ་ལས་ཡོངས་སུ་ཉམས་པ་དེ་དག་ཐམས་ཅད་བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་ཏིང་ངེ་འཛིན་དང་། དྲན་པ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། གཟུངས་ཀྱི་སྒོ་རྣམས་མངོན་དུ་གྱུར་ཅིགཤེས་རབ་ཆེན་པོ་རྗེས་སུ་རྒྱུ་བར་གྱུར་ཅིག༽དང་། ། ༧ཐེག་དམན་༼བདག་ཅག་ལ་སོགས་པ་སེམས་ཅན་གང་དག་དམན་པ་ལ་མོས་ཤིང་ཉན་ཐོས་ཀྱི་ཐེག་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་ལ་འདོད་པ་བསྐྱེད་དེ། དེ་ལ་གནས་ཤིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་རྒྱབ་ཀྱིས་ཕྱོགས་པར་གྱུར་པ་དེ་དག་ཐམས་ཅད་བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གྱུར་ཅིགཉན་ཐོས་དང་རང་སངས་རྒྱས་ཀྱི་ལས་ཡང་དག་པར་འདའ་བར་གྱུར་ཅིགབྱང་ཆུབ་ཡིད་ལ་བྱེད་པ་དང་། མི་འབྲལ་བར་གྱུར་ཅིག༽༨མྱ་ངན་༼བདག་ཅག་ལ་སོགས་པ་སེམས་ཅན་གང་དག་བསྐལ་པ་ཆེན་པོ་ཟད་པའི་ཚེ་འཛམ་བུའི་གླིང་ཀུན་དུ་འབར་ཞིང་རབ་ཏུ་འབར་བར་འཁྲུགས་པར་གྱུར་ཏེ། ངུ་ཞིང་མྱ་ངན་བྱེད་ལ་སྔོན་གྱི་མི་དགེ་བའི་ལས་ཀྱི་རྒྱུས་སྡུག་བསྔལ་མྱོང་ཞིང་སྐྱབས་མེད་མགོན་མེད་པ་དེ་དག་ཐམས་ཅད་སྡུག་བསྔལ་དང་། མྱ་ངན་དང་བྲལ་བར་གྱུར་ཅིགབསིལ་བའི་དངོས་པོ་ཐོབ་པར་གྱུར་ཅིགདེ་ནས་ཤི་འཕོས་ནས་ཀྱང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རིན་པོ་ཆེ་དང་ཟླ་བ་དང་པདྨས་རབ་ཏུ་བརྒྱན་པ་མཁས་པ་གཟི་བརྗིད་སྒྲ་དབྱངས་ཀྱི་རྒྱལ་པོ་དེའི་སངས་རྒྱས་ཀྱི་ཞིང་རྣམ་པར་དག་པར་པདྨའི་སྙིང་པོའི་སེང་གེའི་ཁྲི་ལ་བརྫུས་ཏེ་སྐྱེ་བར་གྱུར་ཅིགསྐྱེས་མ་ཐག་ཏུ་གཟུངས་དང་། ཏིང་ངེ་འཛིན་ལ་སོགས་པ་ཡོན་ཏན་གྱི་ཚོགས་ཐམས་ཅད་མངོན་དུ་གྱུར་ཏེ། སྟོན་པ་བླ་ན་མེད་པ་རིན་པོ་ཆེ་དང་ཟླ་བ་དང་པདྨས་རབ་ཏུ་བརྒྱན་པ་མཁས་པ་གཟི་བརྗིད་སྒྲ་དབྱངས་ཀྱི་རྒྱལ་པོ་ལ་སོགས་པ་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ལས་བཀའ་ལུང་ཡང་དག་པར་ནོད་པ་དང་། ཐུགས་མཉེས་པར་བྱེད་ཅིང་སྐད་ཅིག་སྐད་ཅིག་ལ་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་ཐོགས་པ་མེད་པར་འཇུག་པར་གྱུར་ཅིག༽སྐྱབས་མེད་འདི་ལ་སྐྱོབས། །༼གཞན་ཡང་བདག་ཅག་ལ་སོགས་པ་སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པ་རིན་པོ་ཆེ་དང་ཟླ་བ་དང་པདྨས་རབ་ཏུ་བརྒྱན་པ་མཁས་པ་གཟི་བརྗིད་སྒྲ་དབྱངས་ཀྱི་རྒྱལ་པོ་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་དགོངས་པར་གྱུར་ཅིགསྡིག་པ་དང་ལས་ཀྱི་སྒྲིབ་པ་ཐམས་ཅད་བྱང་བར་གྱུར་ཅིགའདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་བསྲབས་པར་གྱུར་ཅིགཡུན་རིང་དུ་འཚོ་ཞིང་ནད་མེད་པར་གྱུར་ཅིགགང་བསམས་པའི་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་གྱུར་ཅིགའཐབ་པ་དང་། འཐབ་མོ་དང་། རྩོད་པ་དང་། འགྱེད་པ་ཐམས་ཅད་རབ་ཏུ་ཞི་བར་གྱུར་ཅིག ༽
༼གསུམ་པ་བདེ་གཤེགས་གསེར་བཟང་གི་སྔོན་གྱི་སྨོན་ལམ་ལྟར་སྨོན་ལམ་འདེབས་པ་ནི། ༽ཤར་ཕྱོགས་སྤོས་ལྡན་ཞིང་ན་དེ་བཞིན་གཤེགས། །གསེར་བཟང་༼སྐུ་མདོག་སེར་བོ་ཆོས་འཆད་ཀྱི་ཕྱག་རྒྱ་ཅན་ནོ། ། དེ་བཞིན་གཤེགས་པ་གསེར་བཟང་དྲི་མེད་རིན་ཆེན་སྣང་བརྟུལ་ཞུགས་གྲུབ་པ་དེའི་སྔོན་གྱི་སྨོན་ལམ་ཁྱད་པར་ཅན་དང་མཐུན་པར་སྨོན་ལམ་བཞི་འདེབས་པ་ནི༽༡སྙིགས་མའི་སེམས་ཅན་ཚེ་ཐུང་ཞིང་། །༼བདག་ཅག་ལ་སོགས་པ་སེམས་ཅན་གང་དག་སྲོག་གཅོད་པ། སྲོག་གཅོད་པའི་མི་དགེ་བའི་ལས་རྣམ་པ་སྣ་ཚོགས་བྱེད་པ། སྲོག་ཆགས་རྣམ་པ་སྣ་ཚོགས་ཀྱི་སྲོག་གཅོད་པར་བྱས་པས་ཚེ་ཐུང་ཞིང་ནད་མང་བ་དང་། ཆུ་དང་། དུག་དང་། མཚོན་དང་། མེ་དང་། ནད་སྣ་ཚོགས་ཀྱིས་འཆི་བར་འགྱུར་བ་དེ་དག་ཐམས་ཅད་ལས་ཀྱི་སྒྲིབ་པ་དེ་ཡོངས་སུ་བྱང་སྟེ་ཚེ་རིང་བར་གྱུར་ཅིགསུ་ཡང་དུས་མ་ཡིན་པར་འཆི་བའི་དུས་བྱེད་པར་མ་གྱུར་ཅིག༢དབུལ་ཕོངས་༼བདག་ཅག་ལ་སོགས་པ་སེམས་ཅན་གང་དག་སྡིག་པ་མི་དགེ་བ་སྣ་ཚོགས་བྱ་སྟེ། གཞན་གྱི་རྫས་བརྐུས་ཕྲོགས་པས་དབུལ་པོའི་ཁྱིམ་དུ་སྐྱེས་ཏེ། སྒྲེན་མོ་དང་། བཀྲེས་པ་དང་། སྐོམ་པས་ལུས་ཡོངས་སུ་གདུངས་ཤིང་སྡུག་བསྔལ་མྱོང་བ་དེ་དག་ཐམས་ཅད་འཕྲལ་དུ་སྡིག་པ་ཐམས་ཅད་བྱང་སྟེ། བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་དབང་ཕྱུག་ཕུན་སུམ་ཚོགས་ཤིང་མ་ཚང་བ་མེད་པ་ཐོབ་པར་གྱུར་ཅིག༽༣འཐབ་རྩོད་ཉོན་མོངས་རིགས་ཅན་རྣམས། །༼བདག་ཅག་ལ་སོགས་པ་སེམས་ཅན་གང་དག་གཅིག་ལ་གཅིག་གནོད་སེམས་དང་ལྡན་ཞིང་ཕན་ཚུན་སྲོག་གཅོད་པར་བྱེད་པ་དང་། འཐབ་པ་དེ་དག་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ཏུ་སངས་རྒྱས་ཀྱི་བར་དུ་ཕན་ཚུན་ཕ་མ་ལྟར་བྱམས་པ་ལ་གནས་པར་གྱུར་ཅིག༽༤བསམ་ངན་འཆལ་བའི་ངང་ཚུལ་༼བདག་ཅག་ལ་སོགས་པ་སེམས་ཅན་གང་དག་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གིས་བསྒྲིབས་ཏེ། ཚུལ་ཁྲིམས་འཆལ་བར་གྱུར་ནས། སྡིག་པ་ཀུན་ཏུ་སྤྱོད་ཅིང་བསླབ་པ་དྲལ་ལ་དད་པས་བྱིན་པ་ལོངས་སྤྱོད་པས་ངན་སོང་གསུམ་དུ་ལྟུང་ཞིང་སེམས་ཅན་དམྱལ་བར་འགྲོ་བར་འགྱུར་བ་དེ་དག་ཐམས་ཅད་འཕྲལ་དུ་ལས་ཀྱི་སྒྲིབ་པ་ཐམས་ཅད་ཡོངས་སུ་བྱང་བར་གྱུར་ཅིགཉེ་བའི་ཉོན་མོངས་པ་རྣམས་དང་བྲལ་བར་གྱུར་ཅིགབྱང་ཆུབ་ཀྱི་སྙིང་པོ་ལ་ཐུག་གི་བར་དུ་ཚུལ་ཁྲིམས་ཡང་དག་པར་འཛིན་ཅིང་ལུས་དང་ངག་དང་ཡིད་སྡོམ་པ་ལ་གནས་པར་གྱུར་ཅིགབྱང་ཆུབ་ཀྱི་སེམས་ཡིད་ལ་བྱེད་པ་དང་མི་འབྲལ་བར་གྱུར་ཅིག༽འདི་རྣམས་སྐྱོབས། །༼འཆི་བའི་ཚེ་ཡང་བཅོམ་ལྡན་འདས་གསེར་བཟང་དྲི་མེད་རིན་ཆེན་སྣང་བརྟུལ་ཞུགས་གྲུབ་པས་དགོངས་པར་གྱུར་ཅིགཤི་འཕོས་ནས་ཀྱང་དེ་བཞིན་གཤེགས་པ་གསེར་བཟང་དྲི་མེད་རིན་ཆེན་སྣང་བརྟུལ་ཞུགས་གྲུབ་པའི་སངས་རྒྱས་ཀྱི་ཞིང་དུ་པདྨའི་སྙིང་པོའི་སེང་གེའི་ཁྲི་ལ་བརྫུས་ཏེ་སྐྱེ་ཞིང་སྐྱེས་མ་ཐག་ཏུ་གཟུངས་དང་། ཏིང་ངེ་འཛིན་ལ་སོགས་པ་ཡོན་ཏན་གྱི་ཚོགས་ཐམས་ཅད་མངོན་དུ་གྱུར་ཏེ། སྟོན་པ་བླ་ན་མེད་པ་གསེར་བཟང་དྲི་མེད་རིན་ཆེན་སྣང་བརྟུལ་ཞུགས་གྲུབ་པ་ལ་སོགས་པ་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ལས་བཀའ་ལུང་ཡང་དག་པར་ནོད་པ་དང་། ཐུགས་མཉེས་པར་བྱེད་ཅིང་སྐད་ཅིག་སྐད་ཅིག་ལ་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་ཐོགས་པ་མེད་པར་འཇུག་པར་གྱུར་ཅིག
༼བཞི་བ་བདེ་གཤེགས་མྱ་ངན་མེད་མཆོག་གི་སྔོན་གྱི་སྨོན་ལམ་ལྟར་སྨོན་ལམ་འདེབས་པ་ནི། ༽ཤར་ཕྱོགས་མྱ་ངན་མེད་པའི་ཞིང་ཁམས་ནས། །སངས་རྒྱས་མྱ་ངན་མེད་མཆོག་དཔལ་གྱི་རྒྱལ༼ནི་སྐུ་མདོག་དམར་སྐྱ་མཉམ་བཞག་ལྷུང་བཟེད་འཛིན་པའོ། ། ༽༼དེ་བཞིན་གཤེགས་པ་མྱ་ངན་མེད་མཆོག་དཔལ་དེའི་སྔོན་གྱི་སྨོན་ལམ་ཁྱད་པར་ཅན་དང་མཐུན་པར་སྨོན་ལམ་བཞི་འདེབས་པ་ནི་༽༡ལས་ངན་༼བདག་ཅག་ལ་སོགས་པ་སེམས་ཅན་གང་དག་མྱ་ངན་དང་། སྡུག་བསྔལ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་མང་བ་སྡུག་བསྔལ་སྣ་ཚོགས་མྱོང་བ་དེ་དག་ཐམས་ཅད་མྱ་ངན་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་ཐམས་ཅད་རབ་ཏུ་ཞི་བར་གྱུར་ཅིགསུ་ཡང་སྡུག་པ་དང་བྲལ་བའི་སྡུག་བསྔལ་མྱོང་བར་མ་གྱུར་ཅིགཚེ་རིང་བར་གྱུར་ཅིག༽སེམས་འཁྲུགས་༼༢བདག་ཅག་ལ་སོགས་པ་སེམས་ཅན་གང་དག་སྡིག་པ་མི་དགེ་བ་རྣམ་པ་སྣ་ཚོགས་བྱས་ཏེ། མནར་མེད་པའི་སེམས་ཅན་དམྱལ་བ་ཆེན་པོ་མུན་པ་མུན་ནག་ཆེན་པོ་ཅན་དུ་སྐྱེ་བར་འགྱུར་བའམ། སྐྱེས་པ་དེ་དག་ལ་དེ་བཞིན་གཤེགས་པ་མྱ་ངན་མེད་མཆོག་དཔལ་གྱི་སྐུ་ལས་འོད་ཟེར་གྱི་སྣང་བ་འཕྲོས་པ་བྱུང་བས་རེག་ཅིང་མཐོང་བར་གྱུར་ཏེ། དེ་མ་ཐག་ཏུ་སྡིག་པ་ཐམས་ཅད་བྱང་ནས་སེམས་ཅན་དམྱལ་བ་ཆེན་པོའི་སྡུག་བསྔལ་དེ་དག་ལས་ཡོངས་སུ་ཐར་བར་གྱུར་ཅིགསྡུག་བསྔལ་གྱི་ཚོར་བ་ཐམས་ཅད་རྒྱུན་ཆད་པར་གྱུར་ཅིགབྱང་ཆུབ་ཀྱི་སྙིང་པོ་ལ་ཐུག་གི་བར་དུ་ལྷ་དང་མིའི་བདེ་བ་མྱོང་བར་གྱུར་ཅིག༽༣འདོད་བྲལ་མུན་པ་༼བདག་ཅག་ལ་སོགས་པ་སེམས་ཅན་གང་དག་སྔོན་སྡིག་པ་མི་དགེ་བ་བགྱིས་ཏེ། གཞན་གྱི་རྫས་ཕྲོགས་པས་དབུལ་པོ་དམན་པའི་ཁྱིམ་དུ་སྐྱེས་ནས། གོས་དང་། བཟའ་བ་དང་། བཏུང་བ་དང་། མལ་ཆ་དང་། རྒྱན་མི་བདོག་པ་གྲང་བ་དང་། ཚ་བའི་སྡུག་བསྔལ་མྱོང་བ། བཀྲེས་པ་དང་། སྐོམ་པས་ལུས་གཟིར་ཅིང་མདོག་ངན་པར་གྱུར་པའམ་འགྱུར་བ་དེ་དག་ཐམས་ཅད་བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་བགོ་བ་དང་། བཟའ་བ་དང་། བཏུང་བ་དང་། མལ་ཆ་ཐམས་ཅད་ལ་ཡིད་བཞིན་དུ་ལོངས་སྤྱོད་པར་གྱུར་ཅིགལུས་ལ་ལྷའི་ལུས་ཀྱི་ཁ་དོག་གིས་བརྒྱན་པར་གྱུར་ཅིག༽དང་། ། ༤ཉམ་ཐག་བཀྲེས་པའི་ངང་ཚུལ་༼བདག་ཅག་ལ་སོགས་པ་སེམས་ཅན་གང་དག་གནོད་སྦྱིན་དང་། སྲིན་པོ་དང་། འབྱུང་པོ་དང་། ཤ་ཟ་རྣམས་ཀྱིས་གཙེས་ཤིང་མདངས་ཕྲོགས་ཏེ། ནད་ཀྱི་སྡུག་བསྔལ་སྣ་ཚོགས་མྱོང་བ་དེ་དག་ཐམས་ཅད་བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ། གནོད་སྦྱིན་དང་། སྲིན་པོ་དང་། འབྱུང་པོ་དང་། ཤ་ཟ་རྣམས་ཀྱིས་མདངས་ཕྲོགས་པ་དེ་དག་ཐམས་ཅད་རབ་ཏུ་ཞི་ཞིང་བྱམས་པ་ལ་གནས་པར་གྱུར་ཅིགནད་ཀྱི་སྡུག་བསྔལ་སྣ་ཚོགས་ལས་ཡོངས་སུ་ཐར་བར་གྱུར་ཅིག༽འདི་ལ་སྐྱོབས། །༼འདི་ནས་ཤི་འཕོས་ནས་ཀྱང་དེ་བཞིན་གཤེགས་པ་མྱ་ངན་མེད་མཆོག་དཔལ་གྱི་སངས་རྒྱས་ཀྱི་ཞིང་དུ་པདྨའི་སྙིང་པོའི་སེང་གེའི་ཁྲི་ལ་བརྫུས་ཏེ་སྐྱེ་ཞིང་སྐྱེས་མ་ཐག་ཏུ་གཟུངས་དང་ཏིང་ངེ་འཛིན་ལ་སོགས་པ་ཡོན་ཏན་གྱི་ཚོགས་ཐམས་ཅད་མངོན་དུ་གྱུར་ཏེ། སྟོན་པ་བླ་ན་མེད་པ་མྱ་ངན་མེད་མཆོག་དཔལ་ལ་སོགས་པ་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ལས་བཀའ་ལུང་ཡང་དག་པར་ནོད་པ་དང་། ཐུགས་གཉེས་པར་བྱེད་ཅིང་སྐད་ཅིག་སྐད་ཅིག་ལ་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་ཐོགས་པ་མེད་པར་འཇུག་པར་གྱུར་ཅིགགཞན་ཡང་བདག་ཅག་ལ་སོགས་པ་སེམས་ཅན་ཐམས་ཅད་ཀྱི་སྒྲིབ་པ་ཐམས་ཅད་ཡོངས་སུ་བྱང་བར་གྱུར་ཅིགབྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་ནམ་ཡང་སུ་ཡང་ལོག་པར་ལྟུང་བར་འགྲོ་བར་མ་གྱུར་ཅིགསྐྱེ་བ་དྲན་པར་གྱུར་ཅིག ལྷ་ཐམས་ཅད་ཀྱིས་རྗེས་སུ་གཟུང་བར་གྱུར་ཅིག
ལྔ་བ་བདེ་གཤེགས་ཆོས་བསྒྲགས་རྒྱ་མཚོའི་སྔོན་གྱི་སྨོན་ལམ་ལྟར་སྨོན་ལམ་འདེབས་པ་ནི། ༽ཤར་ཕྱོགས་ཆོས་ཀྱི་རྒྱལ་མཚན་ཞིང་ཁམས་ནས། །བདེ་བར་གཤེགས་པ་ཆོས་བསྒྲགས་རྒྱ་མཚོའི་དབྱངས། །༼སྐུ་མདོག་དཀར་པོ་ཆོས་འཆད་ཀྱི་ཕྱག་རྒྱ་ཅན་ནོ། །དེ་བཞིན་གཤེགས་པ་ཆོས་བསྒྲགས་རྒྱ་མཚོའི་དབྱངས་དེའི་སྔོན་གྱི་སྨོན་ལམ་ཁྱད་པར་ཅན་དང་མཐུན་པར་སྨོན་ལམ་བཞི་འདེབས་པ་ནི་༽༡ལོག་ལྟ་༼བདག་ཅག་ལ་སོགས་པ་སེམས་ཅན་གང་དག་ལོག་པར་ལྟ་བ་ཅན་གྱི་ཁྱིམ་དུ་སྐྱེས་པས། སངས་རྒྱས་དང་ཆོས་དང་དགེ་འདུན་ལ་སེམས་མ་དད་པ་བྱང་ཆུབ་ཀྱི་སེམས་ཡིད་ལ་བྱེད་པ་ལས་རིང་དུ་གྱུར་པ་དེ་དག་ཐམས་ཅད་ཀྱི་ལས་ཀྱི་སྒྲིབ་པ་དེ་ཟད་པར་གྱུར་ནས། བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་ཡང་དག་པའི་ལྟ་བ་ཅན་དུ་གྱུར་ཅིགསངས་རྒྱས་དང་ཆོས་དང་དགེ་འདུན་ལ་དད་པ་མི་ཕྱེད་པ་དང་ལྡན་པར་གྱུར་ཅིགབྱང་ཆུབ་ཀྱི་སེམས་ཡིད་ལ་བྱེད་པ་ལས་ཕྱིར་མི་ལྡོག་པར་གྱུར་ཅིག༽༢སྡིག་ཕྱོགས་༼བདག་ཅག་ལ་སོགས་པ་སེམས་ཅན་གང་དག་གང་ན་སངས་རྒྱས་ཀྱི་སྒྲ་མི་གྲག་པ། ཆོས་ཀྱི་སྒྲ་མི་གྲག་པ། དགེ་འདུན་གྱི་སྒྲ་མི་གྲག་པའི་ཡུལ་མཐའ་འཁོབ་ཏུ་སྐྱེས་ཏེ། མི་དགེ་བའི་བཤེས་གཉེན་གྱི་དབང་གིས་སྡིག་པའི་ལས་བྱེད་པ་དེ་དགདེ་ནས་ཤི་འཕོས་ནས་ངན་སོང་དུ་ལྟུང་ཞིང་། དགེ་བའི་ཆོས་རྣམས་ལས་ཡོངས་སུ་ཉམས་པར་གྱུར་པ་དེ་དག་ལ། དེ་བཞིན་གཤེགས་པ་ཆོས་བསྒྲགས་རྒྱ་མཚོའི་དབྱངས་ཀྱི་མཚན་རྣ་ལམ་དུ་གྲགས་པར་གྱུར་ཅིང་། ཆོས་ཀྱི་སྤྲིན་དང་། རྒྱ་མཚོའི་སྒྲ་འབྱུང་བར་གྱུར་ཅིགདེ་དག་གིས་ཆོས་ཀྱི་སྒྲ་དེ་ཐོས་ནས་སྔོན་གྱི་ལས་ཟད་པར་གྱུར་ཏེ། བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་བྱང་ཆུབ་ཀྱི་སེམས་ཡིད་ལ་བྱེད་པ་དང་མི་འབྲལ་བར་གྱུར་ཅིག༽༣དབུལ་ཕོངས་༼བདག་ཅག་ལ་སོགས་པ་སེམས་ཅན་གང་དགགོས་དང་། རྒྱན་དང་། སྤོས་དང་། ཕྲེང་བ་དང་། བྱུག་པ་དང་། མལ་ཆ་དང་། ན་བའི་གསོས་སྨན་དང་བྲལ་ཞིང་མི་ལྡན་པའི་དབང་གིས་སྡུག་བསྔལ་མྱོང་ཞིང་སྡིག་པའི་ལས་བྱེད་པ་དེ་དག་ཐམས་ཅད་གོས་དང་། རྒྱན་དང་། སྤོས་དང་། ཕྲེང་བ་དང་། བྱུག་པ་དང་། མལ་ཆ་དང་། ན་བའི་གསོས་སྨན་དང་། ཡོངས་སུ་སྤྱད་པ་དང་། ལོངས་སྤྱོད་རྣམས་བསགས་མ་ཐག་ཏུ་འབྱུང་ཞིང་མི་ལྡན་པ་མེད་པར་གྱུར་ཅིགབྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་སུ་ཡང་ཅི་ལ་ཡང་མི་ལྡན་པ་མེད་དེ། དཔལ་ཕུན་སུམ་ཚོགས་པ་ལ་དབང་འབྱོར་བར་གྱུར་ཅིག༽༤འཐབ་རྩོད་དང་། །གསོད་པའི་མཚོན་ཆ་འགྱེད་པ་༼བདག་ཅག་ལ་སོགས་པ་སེམས་ཅན་གང་དག་སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པས་ཕན་ཚུན་འཐབ་མོ་དང་འཐབ་པ་དང་། རྩོད་པ་དང་། འགྱེད་པར་གྱུར་ཅིང་གཅིག་ལ་གཅིག་གནོད་པར་བྱ་བ་དང་། གསད་པར་བྱ་བའི་ཕྱིར་བརྟུལ་བ་མཚོན་དང་མདའ་དང་དབྱུག་པ་དག་གིས་བསྣུན་པས་སྡུག་བསྔལ་བར་གྱུར་པའམ་འགྱུར་བ་དེ་དག་ཐམས་ཅད་མདའ་དང་མཚོན་དང་དབྱུག་པ་ལ་སོགས་པ་སླར་ལོག་ཅིང་ཕྱིར་ཕྱོགས་པར་གྱུར་ཅིགདགྲ་ཐམས་ཅད་ཀྱང་བྱམས་པ་ལ་གནས་པར་གྱུར་ཅིགསུའི་སྲོག་གི་དབང་པོ་ཡང་འགག་པར་མ་གྱུར་ཅིགབྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་རང་རང་གི་རྫས་དང་། ལོངས་སྤྱོད་དང་དབང་ཕྱུག་དག་གིས་ཆོ་ག་ཤེས་པར་གྱུར་ཅིག༽འདི་རྣམས་སྐྱོབས།༼འདི་ནས་ཤི་འཕོས་ནས་ཀྱང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་བསྒྲགས་རྒྱ་མཚོའི་དབྱངས་ཀྱི་སངས་རྒྱས་ཀྱི་ཞིང་དུ་པདྨའི་སྙིང་པོ་སེང་གེའི་ཁྲི་ལ་བརྫུས་ཏེ་སྐྱེ་ཞིང་སྐྱེས་མ་ཐག་ཏུ་གཟུངས་དང་། ཏིང་ངེ་འཛིན་ལ་སོགས་པའི་ཡོན་ཏན་གྱི་ཚོགས་ཐམས་ཅད་མངོན་དུ་གྱུར་ཏེ། སྟོན་པ་བླ་ན་མེད་པ་ཆོས་བསྒྲགས་རྒྱ་མཚོའི་དབྱངས་ལ་སོགས་པ། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ལས་བཀའ་ལུང་ཡང་དག་པར་ནོད་པ་དང་། ཐུགས་མཉེས་པར་བྱེད་ཅིང་སྐད་ཅིག་སྐད་ཅིག་ལ་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་ཐོགས་པ་མེད་པར་འཇུག་པར་གྱུར་ཅིགགཞན་ཡང་བདག་ཅག་ལ་སོགས་པ་སེམས་ཅན་ཐམས་ཅད་ཀྱི་སྡིག་པ་ཐམས་ཅད་ཡོངས་སུ་བྱང་བར་གྱུར་ཅིགསངས་རྒྱས་ཀྱི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གྱུར་ཅིགསྐྱེ་བ་ཐམས་ཅད་དུ་ཚེ་རབས་དྲན་པར་གྱུར་ཅིགཚེ་རབས་ཐམས་ཅད་དུ་དེ་བཞིན་གཤེགས་པ་དང་ཕྲད་པར་གྱུར་ཅིགརྟག་ཏུ་ནད་མེད་ཅིང་ཚེ་རིང་བར་གྱུར་ཅིག ལོག་པར་ལྟུང་བར་ནམ་ཡང་འགྲོ་བར་མ་གྱུར་ཅིག
དྲུག་པ་བདེ་གཤེགས་རིན་ཆེན་རྒྱ་མཚོའི་སྔོན་གྱི་སྨོན་ལམ་ལྟར་སྨོན་ལམ་འདེབས་པ་ནི། ༽ཤར་ཕྱོགས་རིན་ཆེན་རྒྱ་མཚོའི་ཞིང་ཁམས་ནས། །མངོན་མཁྱེན་རྒྱལ་པོའི་༼སྐུ་མདོག་དམར་པོ་གཡས་མཆོད་སྦྱིན་གཡོན་མཉམ་བཞག་ལྷུང་བཟེད་འཛིན་པའོ། །དེ་བཞིན་གཤེགས་པ་ཆོས་རྒྱ་མཚོ་མཆོག་གི་རྣམ་པར་རོལ་པ་མངོན་པར་མཁྱེན་པ་དེའི་སྔོན་གྱི་སྨོན་ལམ་ཁྱད་པར་ཅན་དང་མཐུན་པར་སྨོན་ལམ་བཞི་འདེབས་པ་ནི་༽དུས་ངན་སེམས་ཅན་གྱི། །ཞིང་ལས་ཉོ་ཚོང་༼༡བདག་ཅག་ལ་སོགས་པ་སེམས་ཅན་གང་དག་ཞིང་ལས་དང་ས་བོན་འདེབས་པ་དང་། ཚོང་བྱེད་པ་དང་། འཐབ་མོ་དང་རྩོད་པ་ལ་སྤྲོ་བ། སྡིག་པའི་ལས་བྱེད་པ་དེ་དག་ཐམས་ཅད་བསམས་མ་ཐག་ཏུ་འཚོག་ཆས་ཐམས་ཅད་འབྱོར་པར་གྱུར་ཅིགགནོད་སེམས་མེད་པར་གྱུར་ཅིགརྟག་ཏུ་དགེ་བའི་སེམས་སྤྱོད་པར་གྱུར་ཅིག༽༢མི་དགེ་ཀུན་ལ་སྤྱོད༼བདག་ཅག་ལ་སོགས་པ་སེམས་ཅན་གང་དག་མི་དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པར་བླངས་པས་སེམས་ཅན་དམྱལ་བར་འགྲོ་བར་འགྱུར་བ་དེ་དག་ཐམས་ཅད་དགེ་བ་བཅུའི་ལས་ཀྱི་ལམ་དང་ལྡན་པར་གྱུར་ཅིགསེམས་ཅན་གང་ཡང་དམྱལ་བར་འགྲོ་བར་མ་གྱུར་ཅིག༽། ། ༣བཅིངས་རྡེག་༼བདག་ཅག་ལ་སོགས་པ་སེམས་ཅན་གང་དག་གཞན་གྱི་དབང་དུ་སོང་སྟེ། ཆད་པས་བཅད་པ་དང་། བརྡེག་པ་དང་། གོ་རར་གཞུག་པ་དང་། བསད་པའི་འོས་སུ་གྱུར་པ་དེ་དག་ཐམས་ཅད་བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་བཅིང་བ་དང་བརྡེག་པ་ལ་སོགས་པ་ལས་ཐར་བར་གྱུར་ཅིགབླ་ན་མེད་པའི་རང་དབང་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར་ཅིག༽ཚེ་ཐུང་༼བདག་ཅག་ལ་སོགས་པ་སེམས་ཅན་གང་དག་ཚེ་ཐུང་བར་འགྱུར་བའི་སྡིག་པ་མི་དགེ་བ་རྣམ་པ་སྣ་ཚོགས་བྱས་ཏེ། འཆི་བར་འགྱུར་བ་དེ་དག་ཐམས་ཅད་སྡིག་པའི་ལས་ཐམས་ཅད་ཡོངས་སུ་བྱང་སྟེ་ཚེ་རིང་ཞིང་དུས་མ་ཡིན་པར་འཆི་བར་འགྱུར་བས་ནམ་ཡང་འགའ་ཡང་འཆི་བར་མ་གྱུར་ཅིག༽འདི་ཀུན་མྱུར་དུ་སྐྱོབས། །༼འཆི་ཀར་ཡང་དེ་བཞིན་གཤེགས་པ་ཆོས་རྒྱ་མཚོ་མཆོག་གི་བློས་རྣམ་པར་རོལ་པ་མངོན་པར་མཁྱེན་པའི་མཚན་རྣ་ལམ་དུ་གྲགས་ཤིང་རྗེས་སུ་དྲན་ནས། བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་སྐྱེ་བར་གྱུར་ཅིགབྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་ལྷ་དང་མིའི་བདེ་བ་མྱོང་བར་གྱུར་ཅིགའདི་ནས་ཤི་འཕོས་ནས་ཀྱང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་རྒྱ་མཚོ་མཆོག་གི་བློས་རྣམ་པར་རོལ་པ་མངོན་པར་མཁྱེན་པའི་སངས་རྒྱས་ཀྱི་ཞིང་དུ་པདྨའི་སྙིང་པོའི་སེང་གེའི་ཁྲི་ལ་རྫུས་ཏེ་སྐྱེ་ཞིང་། སྐྱེས་མ་ཐག་ཏུ་གཟུངས་དང་ཏིང་ངེ་འཛིན་ལ་སོགས་པ་ཡོན་ཏན་གྱི་ཚོགས་ཐམས་ཅད་མངོན་དུ་གྱུར་ཏེ། སྟོན་པ་བླ་ན་མེད་པ་ཆོས་རྒྱ་མཚོ་མཆོག་གི་བློས་རྣམ་པར་རོལ་པ་མངོན་པར་མཁྱེན་པ་ལ་སོགས་པ་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ལས་བཀའ་ལུང་ཡང་དག་པར་ནོད་པ་དང་། ཐུགས་མཉེས་པར་བྱེད་ཅིང་སྐད་ཅིག་སྐད་ཅིག་ལ་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་ཐོགས་པ་མེད་པར་འཇུག་པར་གྱུར་ཅིག
བདུན་པ་བདེ་གཤེགས་སྨན་པའི་རྒྱལ་པོའི་སྔོན་གྱི་སྨོན་ལམ་ལྟར་སྨོན་ལམ་འདེབས་པ་ནི། ༽ཤར་ཕྱོགས་བཻ་ཌཱུར་སྣང་བའི་ཞིང་ཁམས་ནས། ། སངས་རྒྱས་སྨན་པའི་རྒྱལ་པོ་བཅོམ་ལྡན་འདས། །༼སྐུ་མདོག་མཐིང་ཁ་གཡས་མཆོད་སྦྱིན་སྨན་མཆོག་འཛིན་པ་གཡོན་ལྷུང་བཟེད་འཛིན་པ་ཡིན་ནོ། ། དེ་བཞིན་གཤེགས་པ་སྨན་གྱི་བླ་བཻ་ཌཱུརྱའི་འོད་ཀྱི་རྒྱལ་པོ་དེའི་སྔོན་གྱི་སྨོན་ལམ་ཁྱད་པར་ཅན་དང་མཐུན་པར་སྨོན་ལམ་བཅུ་གཉིས་འདེབས་པ་ནི། ༽༡མུན་ནག་༼བདག་ཅག་ལ་སོགས་པ་སེམས་ཅན་ཐམས་ཅད་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུས་ལེགས་པར་བརྒྱན་པ། དེ་བཞིན་གཤེགས་པ་དེ་ཅི་འདྲ་བ་དེ་བཞིན་དུ། སེམས་ཅན་ཐམས་ཅད་ཀྱང་དེ་འདྲ་བར་གྱུར་ཅིགལུས་ཀྱི་འོད་ཀྱིས་འཇིག་རྟེན་གྱི་ཁམས་གྲངས་མེད་དཔག་གིས་མི་ལང་བ། ལྷམ་མེ། ལྷན་ནེ། ལྷང་ངེར་གྱུར་ཅིག༢བདག་ཅག་ལ་སོགས་པ་སེམས་ཅན་ཐམས་ཅད་ལུས་ནོར་བུ་རིན་པོ་ཆེ་བཻ་ཌཱུརྱ་ཅི་འདྲ་བ་དེ་འདྲ་བར་ཕྱི་ནང་ཤིན་ཏུ་ཡོངས་སུ་དག་པ་དང་། དྲི་མ་མེད་ལ་འོད་གསལ་བ་དང་། ཁོ་ལག་ཡངས་ཤིང་ཆེ་བ་དང་། དཔལ་དང་གཟི་བརྗིད་འབར་བ་དང་། ལེགས་པར་གནས་པ་དང་། ཉི་མ་དང་ཟླ་བ་ལས་ལྷག་པའི་འོད་ཟེར་གྱི་དྲ་བ་རྣམས་ཀྱིས་ལེགས་པར་བརྒྱན་པར་གྱུར་པ། དེ་བཞིན་གཤེགས་པ་སྨན་གྱི་བླ་བཻ་ཌཱུརྱའི་འོད་ཀྱི་རྒྱལ་པོ་ཅི་འདྲ་བ་དེ་འདྲ་བར་གྱུར་ཅིགསེམས་ཅན་གང་དག་འཇིག་རྟེན་གྱི་བར་དག་ཏུ་སྐྱེས་པ་དག་དང་། མིའི་འཇིག་རྟེན་ན་མཚན་མོ་མུན་པ་མུན་གནག་གི་ནང་ན། ཕྱོགས་ཐ་དད་པར་འགྲོ་བ་དེ་དག་དེ་བཞིན་གཤེགས་པ་དེའི་འོད་ཀྱིས་ཕྱོགས་བཅུའི་དགའ་མགུར་འགྲོ་ཞིང་ལས་ཀྱང་བྱེད་པར་གྱུར་ཅིག། ༣དེ་བཞིན་གཤེགས་པ་སྨན་གྱི་བླ་བཻ་ཌཱུརྱའི་འོད་ཀྱི་རྒྱལ་པོ་དེ་ཤེས་རབ་དང་ཐབས་དཔག་ཏུ་མེད་པས། བདག་ཅག་ལ་སོགས་པ་སེམས་ཅན་གྱི་ཁམས་དཔག་གིས་མི་ལང་བ་དག་ལོངས་སྤྱོད་ཟད་མི་ཤེས་པ་དང་ལྡན་པར་གྱུར་ཏེ། སུ་ཡང་ཅིས་ཀྱང་བྲེལ་བ་མེད་པར་གྱུར་ཅིག༽༤ལམ་ངན་༼བདག་ཅག་ལ་སོགས་པ་སེམས་ཅན་གང་དག་ལམ་ངན་པར་ཞུགས་པ་དང་། ཉན་ཐོས་དང་རང་སངས་རྒྱས་ཀྱི་ལམ་དུ་ཞུགས་པ་དེ་དག་ཐམས་ཅད་ཐེག་པ་ཆེན་པོ་བླ་ན་མེད་པའི་ལམ་ལ་ཞུགས་པར་གྱུར་ཅིག༽༥ཁྲིམས་འཆལ་༼བདག་ཅག་ལ་སོགས་པ་སེམས་ཅན་གང་དག་དེ་བཞིན་གཤེགས་པ་དེའི་དྲུང་ན་ཚངས་པར་སྤྱད་པ་སྤྱོད་པ་དང་། སེམས་ཅན་དཔག་ཏུ་མེད་ཅིང་དཔག་གིས་མི་ལང་བ་དེ་དག་ཐམས་ཅད་བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ། སྡོམ་པ་གསུམ་གྱིས་བསྡོམས་པ་དང་། ཚུལ་ཁྲིམས་ཉམས་པ་མེད་པར་གྱུར་ཅིགསུ་ཡང་ཚུལ་ཁྲིམས་ལོག་པར་ཞུགས་ཏེ་ངན་འགྲོར་འགྲོ་བར་མ་གྱུར་ཅིག༽༦མདོག་ངན་༼བདག་ཅག་ལ་སོགས་པ་སེམས་ཅན་གང་དག་ལུས་ངན་པ་དང་། དབང་པོ་མ་ཚང་བ་དང་། མདོག་མི་སྡུག་པ་དང་། བེམ་པོ་དང་། ཡན་ལག་སྐྱོན་ཅན་དང་། སྒུར་པོ་དང་། ཤ་བཀྲ་ཅན་དང་། ཞར་བ་དང་། ལོང་བ་དང་། འོན་པ་དང་། སྨྱོན་པ་དང་། ལུས་ལ་ནད་ཀྱིས་བཏབ་པ་དེ་དག་ཐམས་ཅད་ལས་ཀྱི་སྒྲིབ་པ་ཐམས་ཅད་བྱང་ནས་དབང་པོ་ཚང་ཞིང་ཡན་ལག་ཡོངས་སུ་རྫོགས་པར་གྱུར་ཅིག༧བདག་ཅག་ལ་སོགས་པ་སེམས་ཅན་གང་དག་ནད་སྣ་ཚོགས་ཀྱིས་ལུས་གཟིར་བ། སྐྱབས་མེད་པ། མགོན་མེད་པ། འཚོག་ཆས་དང་། སྨན་མི་བདོག་པ། དཔུང་གཉེན་མེད་པ། དབུལ་བ། སྡུག་བསྔལ་བ་དེ་དག་གི་ནད་ཐམས་ཅད་རབ་ཏུ་ཞི་བར་གྱུར་ཅིགབྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་ནད་མེད་ཅིང་གནོད་པ་མེད་ལ། ཡོ་བྱད་ཕུན་སུམ་ཚོགས་པས་གནས་པར་གྱུར་ཅིག༽དང་། ། ༨སྐྱེ་དམན་༼བུད་མེད་གང་དག་བུད་མེད་ཀྱི་སྐྱོན་བརྒྱད་དག་གིས་ཀུན་ནས་ཉོན་མོངས་པར་གྱུར་པ། བུད་མེད་ཀྱི་དངོས་པོ་ལ་མི་དགའ་བ། བུད་མེད་ཀྱི་སྐྱེ་གནས་ལས་ཐར་བར་འདོད་པ་དེ་དག་ཐམས་ཅད་བུད་མེད་ཀྱི་དངོས་པོ་ལས་ལོག་པར་གྱུར་ཅིགབྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་སྐྱེས་པའི་དབང་པོ་དང་ལྡན་པར་གྱུར་ཅིག༩བདག་ཅག་ལ་སོགས་པ་སེམས་ཅན་གང་དག་བདུད་ཀྱི་ཞགས་པ་ལས་ཡོངས་སུ་ཐར་བར་གྱུར་ཅིགལྟ་བ་ཐ་དད་པ་མི་མཐུན་པ་གཟིང་གཟིང་བའི་མི་མཐུན་པ་དག་སྤངས་ཏེ། ཡང་དག་པའི་ལྟ་བ་ལ་གནས་པར་གྱུར་ཅིགབྱང་ཆུབ་ཀྱི་སྤྱོད་པ་རླབས་པོ་ཆེ་རྫོགས་པར་གྱུར་ཅིག༽༡༠ཚ་གྲང་སྡུག་བསྔལ་༼༡༠བདག་ཅག་ལ་སོགས་པ་སེམས་ཅན་གང་དག་རྒྱལ་པོས་འཇིགས་སྐྲག་པ་བཅིང་བ་དང་། བརྡེག་པ་དང་། གོ་རར་གཞུག་པ་དང་། བསད་པར་འོས་པ་རྒྱུ་དུ་མས་ཀུན་དུ་གཙེས་པ། ང་རྒྱལ་དང་བྲལ་བ། ལུས་དང་ངག་དང་། སེམས་སྡུག་བསྔལ་གྱིས་ཉེན་པ་དེ་དག་ཐམས་ཅད་གནོད་པ་ཐམས་ཅད་ལས་ཡོངས་སུ་ཐར་བར་གྱུར་ཅིག༡༡བདག་ཅག་ལ་སོགས་པ་སེམས་ཅན་གང་དག་བཀྲེས་པ་དང་། སྐོམ་པའི་མེ་རབ་ཏུ་འབར་བ། ཁ་ཟས་འཚོལ་བ་ལ་རབ་ཏུ་བརྩོན་པ། སྡིག་པའི་ལས་བྱེད་པ་དེ་དག་ཐམས་ཅད་ཁ་དོག་དྲི་དང་རོར་ལྡན་པའི་བཟའ་བཏུང་གིས་ཚིམ་པར་གྱུར་ཅིགདམ་པའི་ཆོས་ཀྱི་རོས་ཤིན་ཏུ་བདེ་བ་ལ་གནས་པར་གྱུར་ཅིག༡༢བདག་ཅག་ལ་སོགས་པ་སེམས་ཅན་གང་དག་སྒྲེན་མོ་བགོ་བ་མེད་པ། དབུལ་བ། སྡུག་བསྔལ་བ། གྲང་བ་དང་། ཚ་བ་དང་། སྦྲང་བུ་དང་། ཤ་སྦྲང་དག་གིས་ཉིན་མཚན་དུ་སྡུག་བསྔལ་གྱི་ཚོར་བ་མྱོང་བ་དེ་དག་ཐམས་ཅད་གོས་སྣ་ཚོགས་དང་། རིན་པོ་ཆེའི་རྒྱན་དང་། སྦུད་པ་དང་། ཕྲེང་བ་དང་། བྱུག་པ་དང་། རོལ་མོ་སྣ་ཚོགས་ཀྱིས་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་ཤིང་འཕགས་པ་དགྱེས་པའི་ཚུལ་ཁྲིམས་ཀྱི་དགའ་བ་དང་ཡང་ལྡན་ཏེ། ཉོན་མོངས་པ་སྣ་ཚོགས་ཀྱི་གནོད་པས་མི་བརྫི་བར་རྣམ་པར་གྲོལ་བའི་བདེ་བ་ལ་གནས་པར་གྱུར་ཅིག༽འདི་རྣམས་སྐྱོབས། །༼འདི་ནས་ཤི་འཕོས་ནས་ཀྱང་དེ་བཞིན་གཤེགས་པ་སྨན་གྱི་བླ་བཻ་ཌཱུརྱའི་འོད་ཀྱི་རྒྱལ་པོའི་སངས་རྒྱས་ཀྱི་ཞིང་དུ་པདྨའི་སྙིང་པོའི་སེང་གེའི་ཁྲི་ལ་བརྫུས་ཏེ་སྐྱེ་ཞིང་། སྐྱེས་མ་ཐག་ཏུ་གཟུངས་དང་། ཏིང་ངེ་འཛིན་ལ་སོགས་པ་ཡོན་ཏན་གྱི་ཚོགས་ཐམས་ཅད་མངོན་དུ་གྱུར་ཏེ། སྟོན་པ་བླ་ན་མེད་པ་སྨན་གྱི་བླ་བཻ་ཌཱུརྱའི་འོད་ཀྱི་རྒྱལ་པོ་ལ་སོགས་པ་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ལས། བཀའ་ལུང་ཡང་དག་པར་ནོད་པ་དང་། ཐུགས་མཉེས་པར་བྱེད་ཅིང་སྐད་ཅིག་སྐད་ཅིག་ལ་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་ཐོགས་པ་མེད་པར་འཇུག་པར་གྱུར་ཅིགདེ་ཡན་གྱི་སྨོན་རྣམས་ནི་དེ་བཞིན་གཤེགས་པ་བདུན་གྱི་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པའི་མདོ་སྡེའི་མན་ངག་གི་ཚིག་ཟིན་ལྟར་བཀོད་པའོ། །
བརྒྱད་པ་བསྟན་པའི་བདག་པོའི་སྔོན་གྱི་སྨོན་ལམ་ལྟར་སྨོན་ལམ་འདེབས་པ་ནི། ༽སྤོས་ལྡན་བྱ་རྒོད་ཕུང་པོའི་ཞིང་ཁམས་སུ། །བསྟན་པའི་བདག་པོ་སངས་རྒྱས་བཅོམ་ལྡན་འདས། །༼སྐུ་མདོག་གསེར་བཙོ་མའི་མདོག་དང་ལྡན་པ། བདེ་གཤེགས་བརྒྱད་ནི་སྤྲུལ་སྐུའི་ཆ་ལུགས་ཅན་ནོ། ། ༽ལས་སྒྲིབ་༼རྣམས་དང་༽ནད་༼རིགས་༽མང་༼བ་དང་སྡུག་བསྔལ་སྣ་ཚོགས་ཀྱི་༽མྱ་ངན་གདུངས་པ་ཡི། ། ཉམ་ཐག་༼པའི་༽འགྲོ་ཀུན་མ་ལུས་བསྐྱབ་ཏུ་གསོལ། ། དམ་ཆོས་ཚུལ་འཛིན་རིགས་གསུམ་མགོན་པོ་༼དེ་གསུམ་ལོངས་སྐུའི་ཆ་ལུགས་ཅན་ནོ། ། ༽དང་། ། བསྟན་སྐྱོང་ཚངས་པ་བརྒྱ་བྱིན་རྒྱལ་ཆེན་བཞི། ། ཕྱོགས་སྐྱོང་གནོད་སྦྱིན་བཅུ་གཉིས་བཀའ་སྡོད་བཅས། ། བདག་གི་ས་ལམ་བར་ཆད་བསལ་དུ་གསོལ། ། གང་ཞིག་རྒྱལ་བ་སྲས་བཅས་འདི་དག་གི། མཚན་ནས་བརྗོད་དེ་སྨོན་ལམ་བཏབ་པའི་མཐུས། ། གནས་སྐབས་ཀུན་ཏུ་བདེ་སྐྱིད་ཕུན་སུམ་ཚོགས། ། མཐར་ཐུག་བདེ་གཤེགས་སྙིང་པོ་ཐོབ་པར་ཤོག། ༼ཚིག་དེ་དག་གོ་སླའོ། ། ༽
གཉིས་པ་ཕན་ཡོན་ནི། བདེ་བར་གཤེགས་པ་དེ་དག་གི་མཚན་ནས་བརྗོད་ཅིང་སྨོན་ལམ་བྱས་པས་ཕན་ཡོན་མང་པོ་ཡོད་དེ། དེ་བཞིན་གཤེགས་པ་བདུན་གྱི་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པའི་མདོ་སྡེའི་མན་ངག་ལས། སྟོན་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དཔལ་ཤཱཀྱ་ཐུབ་པས་བདག་ཅག་ལ་སོགས་པ་སེམས་ཅན་གང་དག་ལས་ཀྱི་སྒྲིབ་པ་སྣ་ཚོགས་ཀྱིས་བསྒྲིབས་པ། ནད་སྣ་ཚོགས་ཀྱིས་གཟིར་བ། མྱ་ངན་དང་སྡུག་བསྔལ་སྣ་ཚོགས་ཀྱིས་གཙེས་པ། ཕོངས་པར་གྱུར་པ་ཐམས་ཅད་རྗེས་སུ་བཟུང་ཞིང་ལྷ་དང་མི་རྣམས་ཀྱི་དོན་དང་། སྨན་པ་དང་བདེ་བའི་སླད་དུ། དེ་བཞིན་གཤེགས་པ་བདུན་གྱི་ཐབས་མཁས་པ་དང་། སྔོན་གྱི་སྨོན་ལམ་ཁྱད་པར་རྒྱལ་བའི་བྱིན་གྱིས་བརླབས་ཤིང་དཔལ་གྱི་མགུར་ནས་འདི་སྐད་དུ། འཇམ་དཔལ་དེ་ལྟ་བས་ན་ཡོན་ཏན་དོན་དུ་གཉེར་བ་རྣམས་ཀྱིས་ཉོན་མོངས་པ་དང་མ་འདྲེས་པར་དེ་བཞིན་གཤེགས་པ་མཚན་ལེགས་པར་ཡོངས་བསྒྲགས་དཔལ་གྱི་རྒྱལ་པོ་དེའི་མཚན་གཟུང་བར་བྱ། བཀླག་པར་བྱ། རབ་ཏུ་གུས་པས་མཆོད་པར་བྱས་ན། དེའི་སྡིག་པ་ཐམས་ཅད་དང་། ལས་ཀྱི་སྒྲིབ་པ་ཐམས་ཅད་དང་། ནད་ཐམས་ཅད་རབ་ཏུ་ཞི་བར་འགྱུར། རེ་བ་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར། སངས་རྒྱས་ཀྱི་བྱང་ཆུབ་ལ་ཕྱིར་མི་ལྡོག་པར་འགྱུར་རོ་ཞེས་ཇི་སྐད་བཀའ་སྩལ་པ་དང་། ཡང་འདི་སྐད་དུ་འཇམ་དཔལ་དེ་ལྟ་བས་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རིན་པོ་ཆེ་དང་ཟླ་བ་དང་པདྨས་རབ་ཏུ་བརྒྱན་པ་མཁས་པ་གཟི་བརྗིད་སྒྲ་དབྱངས་ཀྱི་རྒྱལ་པོ་དེའི་མཚན་ཉིན་ལན་གསུམ་མཚན་ལན་གསུམ་ཡིད་ལ་བྱ། གུས་པར་གཟུང་ཞིང་དད་པར་བྱ། སྐུ་གཟུགས་བྱ། མེ་ཏོག་དང་། བདུག་པ་དང་། སྤོས་དང་། ཕྲེང་བ་དང་། བྱུག་པ་དང་། རོལ་མོའི་སྒྲ་དང་། མར་མེ་རྣམས་ཀྱིས་མཆོད་པར་བྱ། ཡན་ལག་བརྒྱད་པའི་བསྙེན་གནས་ལ་ཉེ་བར་གནས་ལ་ཉིན་བདུན་གཙང་མར་བྱས་ཏེ། ས་ཕྱོགས་གཙང་མར་བྱས་ཤིང་སངས་རྒྱས་ཀྱི་ཞིང་དེར་སྐྱེ་བར་སྨོན་ལམ་གདབ། སེམས་ཅན་ཐམས་ཅད་ལ་བྱམས་པ་དང་། སྙིང་རྗེ་བའི་སེམས་སུ་བྱས་ནས། དེ་ལ་དེ་བཞིན་གཤེགས་པ་རིན་པོ་ཆེ་དང་ཟླ་བ་དང་པདྨས་རབ་ཏུ་བརྒྱན་པ་མཁས་པ་གཟི་བརྗིད་སྒྲ་དབྱངས་ཀྱི་རྒྱལ་པོ་དེས་དགོངས་པར་འགྱུར། བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱང་སེམས་པར་འགྱུར། སྡིག་པ་ཐམས་ཅད་དང་ལས་ཀྱི་སྒྲིབ་པ་ཐམས་ཅད་བྱང་བར་འགྱུར། བྱང་ཆུབ་ཀྱི་སེམས་ཡིད་ལ་བྱེད་པ་དང་མི་འབྲལ་བར་འགྱུར། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དང་བྲལ་བར་འགྱུར། ཡུན་རིང་དུ་འཚོ་ཞིང་ནད་མེད་པར་འགྱུར། གང་བསམས་པའི་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར། འཐབ་པ་དང་། འཐབ་མོ་དང་། རྩོད་པ་དང་། འགྱེད་པ་ཐམས་ཅད་རབ་ཏུ་ཞི་བར་འགྱུར། འདི་ནས་ཤི་འཕོས་ནས་ཀྱང་སྡིག་པ་ཐམས་ཅད་ཟད་པར་འགྱུར་ནས། དེ་བཞིན་གཤེགས་པ་རིན་པོ་ཆེ་དང་ཟླ་བ་དང་པདྨས་རབ་ཏུ་བརྒྱན་པ་མཁས་པ་གཟི་བརྗིད་སྒྲ་དབྱངས་ཀྱི་རྒྱལ་པོ་དེའི་སངས་རྒྱས་ཀྱི་ཞིང་དེར་པདྨའི་སྙིང་པོའི་སེང་གེའི་ཁྲི་ལ་བརྫུས་ཏེ་སྐྱེ་བར་འགྱུར་ཞིང་སྐྱེས་མ་ཐག་ཏུ་ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་རྣམས་མངོན་དུ་འགྱུར་རོ་ཞེས་ཇི་སྐད་བཀའ་སྩལ་པ་དང་། ཡང་འདི་སྐད་དུ་གྲོགས་པོ་དག་དེ་བཞིན་གཤེགས་པ་གསེར་བཟང་དྲི་མེད་རིན་ཆེན་སྣང་བརྟུལ་ཞུགས་གྲུབ་པའི་མཚན་དང་། གཟུངས་ཀྱི་ཚིག་འདི་དག་ཉིན་ལན་གསུམ་མཚན་ལན་གསུམ་དུ་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་བའི་སེམས་ཀྱིས་མེ་ཏོག་ལ་སོགས་པས་མཆོད་དེ། གཙང་མར་བྱས་ནས་འཕགས་པའི་ལམ་ཡན་ལག་བརྒྱད་དང་ལྡན་པར་བྱས་ན། དེའི་མཚམས་མེད་པ་ལྔ་ལ་སོགས་པ་སྡིག་པ་ཐམས་ཅད་ཡོངས་སུ་བྱང་བར་འགྱུར། འདི་ནས་ཤི་འཕོས་ནས་ཀྱང་འཇིག་རྟེན་གྱི་ཁམས་དེར་པདྨའི་སྙིང་པོའི་སེང་གེའི་ཁྲི་ལ་བརྫུས་ཏེ་སྐྱེ་བར་འགྱུར། ནད་ཐམས་ཅད་རབ་ཏུ་ཞི་བར་འགྱུར། འཆི་བ་དང་། དགྲ་དང་། དགོན་པའི་གནོད་པ་ཐམས་ཅད་རབ་ཏུ་ཞི་བར་འགྱུར། འཆི་བའི་དུས་ཀྱི་ཚེ་ཡང་དེ་བཞིན་གཤེགས་པས་དགོངས་པར་འགྱུར། རེ་བ་དང་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་རོ་ཞེས་ཇི་སྐད་བཀའ་སྩལ་པ་དང་། ཡང་འདི་སྐད་དུ་འཇམ་དཔལ་གང་དག་གིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མྱ་ངན་མེད་མཆོག་དཔལ་དེའི་མཚན་ཐོས་ཏེ། ཉིན་ལན་གསུམ་མཚན་ལན་གསུམ་བརྗོད་པ་དང་། སེམས་ཅན་ཐམས་ཅད་ལ་བྱམས་པས་གནས་པར་བྱ་སྟེ། དེ་བཞིན་གཤེགས་པ་མྱ་ངན་མེད་མཆོག་དཔལ་དེ་ལ་མཆོད་པ་བྱེད་པ་དེ་དག་གི་ལས་ཀྱི་སྒྲིབ་པ་ཐམས་ཅད་ཡོངས་སུ་བྱང་བར་འགྱུར། མྱ་ངན་དང་། སྡུག་བསྔལ་དང་། འཁྲུག་པ་ཐམས་ཅད་ལས་ཡོངས་སུ་ཐར་བར་འགྱུར། བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་ལོག་པར་ལྟུང་བར་འགྲོ་བར་མི་འགྱུར། དེ་བཞིན་གཤེགས་པ་མྱ་ངན་མེད་མཆོག་དཔལ་དེའི་སངས་རྒྱས་ཀྱི་ཞིང་དུ་རིན་པོ་ཆེ་སྣ་བདུན་གྱི་པདྨའི་སྙིང་པོའི་སེང་གེའི་ཁྲི་ལ་བརྫུས་ཏེ་སྐྱེ་བར་འགྱུར། ལྷ་ཐམས་ཅད་ཀྱིས་རྗེས་སུ་གཟུང་བར་འགྱུར་རོ་ཞེས་ཇི་སྐད་བཀའ་སྩལ་པ་དང་། ཡང་འདི་སྐད་དུ་དེ་བཞིན་གཤེགས་པ་ཆོས་བསྒྲགས་རྒྱ་མཚོའི་དབྱངས་དེའི་མཚན་ཐོས་པ་དང་། འཛིན་པ་དང་། དད་པར་བྱེད་པ་དང་། རབ་ཏུ་གུས་པས་མཆོད་པར་བྱེད་པ་དེ་སྡིག་པ་ཐམས་ཅད་ཡོངས་སུ་བྱང་ནས་སངས་རྒྱས་ཀྱི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར། ཚེ་རབས་ཐམས་ཅད་དུ་ཚེ་རབས་དྲན་པར་འགྱུར། ནམ་དུ་ཡང་བྱང་ཆུབ་ཀྱི་སེམས་དང་འབྲལ་བར་མི་འགྱུར། སྐྱེ་བ་ཐམས་ཅད་དུ་དེ་བཞིན་གཤེགས་པ་དང་ཕྲད་པར་འགྱུར། རྟག་ཏུ་ནད་མེད་ཅིང་ཚེ་རིང་བར་འགྱུར། འདི་ནས་ཤི་འཕོས་ནས་ཀྱང་དེ་བཞིན་གཤེགས་པ་ཆོས་བསྒྲགས་རྒྱ་མཚོའི་དབྱངས་ཀྱི་སངས་རྒྱས་ཀྱི་ཞིང་དེར་སྐྱེ་བར་འགྱུར། གཞན་ཡང་ལོག་པར་ལྟུང་བར་འགྲོ་བར་མི་འགྱུར། གང་དང་གང་དུ་སྐྱེས་པར་བསམས་མ་ཐག་ཏུ་གོས་དང་། རྒྱན་དང་། སྤོས་དང་། ཕྲེང་བ་དང་། མལ་ཆ་དང་། ན་བའི་གསོས་སྨན་དང་། ཡོ་བྱད་དང་། ལོངས་སྤྱོད། དབང་ཕྱུག་དང་ལྡན་པར་འགྱུར་རོ་ཞེས་ཇི་སྐད་བཀལ་སྩལ་པ་དང་། ཡང་འདི་སྐད་དུ། འཇམ་དཔལ་གང་ལ་ལ་ཞིག་གིས་ཡང་དག་པར་རྫོགས་པའི་སངས་རྒྱས་བདུན་པོ་དེ་དག་གི་མཚན་ཐོས་ལ་ཐོས་ནས་ཀྱང་འཛིན་པ་དང་། ནང་པར་ལངས་ནས་ཡིད་ལ་བྱེད་པ་དང་། དད་པར་བྱེད་པ་དང་། མེ་ཏོག་དང་། སྤོས་དང་། ཕྲེང་བ་དང་། བྱུག་པ་དང་། རོལ་མོའི་སྒྲ་དང་། སིལ་སྙན་དང་། ཕེབ་རྡོབ་པ་དག་གིས་མཆོད་པ་དང་། གླེགས་བམ་དུ་བྲིས་ཏེ་འཆང་བ་དང་། ཆོས་ཀྱི་རྣམ་གྲངས་འདི་ཡི་གེར་འབྲི་བ་དང་། ཡི་གེར་འབྲིར་འཇུག་པ་དང་། སེམས་བཏུད་དེ་གཞན་ལས་ཉན་པ་དང་། ཆོས་སྨྲ་བ་དེ་དག་ལ་ཡང་འཚོག་ཆས་དང་། ཡོ་བྱད་ཐམས་ཅད་ཀྱིས་མཆོད་པ་བྱེད་པ་དེ་སངས་རྒྱས་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པར་འགྱུར་ཏེ། སངས་རྒྱས་ཀྱི་བྱང་ཆུབ་ཀྱི་བར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ་ཞེས་ཇི་སྐད་བཀལ་སྩལ་པ་དང་། ཡང་འདི་སྐད་དུ། འཇམ་དཔལ་དེ་བཞིན་གཤེགས་པ་སྨན་གྱི་བླ་བཻ་ཌཱུརྱའི་འོད་ཀྱི་རྒྱལ་པོ་དེའི་སྨོན་ལམ་དང་ཐབས་མཁས་པ་ཚད་མེད་ཅིང་བསྐལ་པ་བས་ལྷག་པར་ཡང་བརྗོད་མི་ནུས་སོ། ། ཞེས་གསུངས་པའི་ཕྱིར་རོ། ། ༽ཞེས་བསྟོད་པའི་ཚེ་ན་བདེ་བར་གཤེགས་པ་བརྒྱད་འཁོར་བཅས་མངོན་སུམ་དུ་མཐོང་ནས་བུ་སློབ་ཀུན་གྱིས་མོས་གུས་ལྷག་པར་སྐྱེས་སོ། །༼ཞེས་གསུངས་སོ། །
སྨྲས་པ།
འདི་བྲིས་དགེ་བས་འགྲོ་རྣམས་ཀུན། །
སྡུག་བསྔལ་ནད་ལས་མྱུར་ཐར་ནས། །
བདེ་གཤེགས་བརྒྱད་ཀྱི་སྐུ་གསུང་ཐུགས། །
དེ་འདྲར་འགྲོ་རྣམས་འགྱུར་བར་སྨོན། །
ཞེས་རིན་ཆེན་ས་གཞི་མའི་འགྲེལ་བ་གཞན་ཕན་སྨན་མཆོག་ཨ་རུ་ར་ཞེས་བྱ་བ་འདི་ནི་སྔོན་ཆད་རིན་ཆེན་ས་གཞི་མ་ཇོ་ནང་དགོན་སྡེ་ཕལ་ཆེ་བས་འདོན་གྱིན་མེད་ལ། བདག་གིས་བཤད་གྲྭ་སོ་སོར་ཆོས་ཁྲིད་འགྲོ་སྐབས་འདོན་དུ་བཅུག་པས། ད་ལྟར་ཕལ་ཆེ་བས་འདོན་གྱིན་ཡོད་པས་ཚིག་དོན་ཤེས་ན་ཕན་ཡོན་ཆེ་སྙམ་ནས་ངག་དབང་དངོས་གྲུབ་དཔལ་གྱིས་སྤོས་ལྡན་གྱི་གྲོང་ཁྱེར་ནས་བྲིས་པའོ། །འདིས་ཀྱང་སྡུག་བསྔལ་ནད་གྱིས་མནར་བ་རྣམས་ལ་ཕན་པར་གྱུར་ཅིག། ། །
One Response
སྤྱིར་བཏང་དེའི་མཚན་ལ་སྨན་བླའི་ཆོ་ག་མེ་ཏོག་ཆར་འབེབ་ཞུ་བ་རེད། ང་ཆུང་དུས་སུ་འདོན་མྱོང་ལ། ངའི་ཕ་ཡུལ་དུ་དེ་འདོན་མཁན་མང་པོ་ཡོད།
ཐོག་མར་འདི་མཇལ་མ་ཐག ཀུན་མཁྱེན་དོལ་པོ་སངས་རྒྱས་ཀྱི་གསུང་དཔེ་དཀོན་ཞིག་གི་འགྲེལ་བ་རེད་སྙམ་པ་བྱུང་། གང་ལྟར་མཁན་ཆེན་དམ་པ་དངོས་གྲུབ་དཔལ་མཆོག་ལ་བཀའ་དྲིན་ཆེ་ཞུ།