མཛད་པ་པོ། ཇོ་ནང་ཀུན་མཁྱེན་ཕྱོགས་ལས་རྣམ་རྒྱལ།
ༀ་ཨཱཿ ཧཱུཾ་ཧོ། དྲི་མ་སྦྱོང་བའི་གཞི་བདེ་གཤེགས་སྙིང་པོ་ལ་ཕྱག་འཚལ་ལོ། །དྲི་མ་སྦྱོང་བྱེད་ཀྱི་ལམ་རྡོ་རྗེའི་རྣལ་འབྱོར་ལ་ཕྱག་འཚལ་ལོ། །དྲི་མ་སྦྱངས་པའི་འབྲས་བུ་འོད་གསལ་ཆོས་ཀྱི་སྐུ་ལ་ཕྱག་འཚལ་ལོ། །
བདེན་གཉིས་རྣམ་དབྱེ་ཤེས་པ་རྣམས། །
ཐུབ་པའི་བཀའ་ལ་མི་རྨོངས་ཏེ། །
དེ་དག་མ་ལུས་ཚོགས་བསགས་ནས། །
ཕུན་ཚོགས་ཕ་རོལ་འགྲོ་བ་ཉིད། །
ཅེས(དབུ་མ་བདེན་གཉིས་ལས)གསུངས་ཤིང༌། ཆོས་རྗེ་རིན་པོ་ཆེའི་ཞལ་སྔ་ནས་ཀྱང༌། མཉམ་བཞག་ཏུ་ལ་ཟློ། རྗེས་ཐོབ་ཏུ་ཤན་འབྱེད་ཅེས་གསུངས་པས། བདེན་གཉིས་ཀྱི་རྣམ་པར་དབྱེ་བ་ལ་མཁས་པར་བྱ་བའི་ཕྱིར་ཅུང་ཟད་ཅིག་བརྗོད་པར་བྱའོ། །
དྲིན་ཅན(ཀུན་མཁྱེན)གྱི་བླ་མ་ཆོས་རྗེ་ཡི། །
གདམས་ངག་གི་མཐར་ཐུག་འདི་ཡིན་ཏེ། །
མཉམ་བཞག་ཏུ་མི་ཟློ་མི་བསམ་ཞིང༌། །
རྗེས་ཐོབ་ཏུ་བདེན་གཉིས་ཤན་འབྱེད་པའོ། །
བདེན་གཉིས་སུ་ཆོས་རྣམས་ཀུན་འདུས་ཤིང༌། །
དེ་གཉིས་ཀྱང་ཚུལ་ལུགས་ཐ་དད་དེ། །
ཀུན་རྫོབ་ནི་སྣང་ཡང་བདེན་མེད་པས། །
སྒྱུ་མ་ལྟར་རང་སྟོང་ཞེས་གསུངས་ཤིང༌། །
དོན་དམ་ནི་རང་ཉིད་སྟོང་མིན་གྱི། །
ཀུན་རྫོབ་ཀྱིས་སྟོང་བས་གཞན་སྟོང་གསུངས། །
ཀུན་རྫོབ་ནི་འཁྲུལ་པའི་སྣང་བ་སྟེ། །
དོན་དམ་ནི་མ་འཁྲུལ་སྣང་བ་ཡིན། །
ཀུན་རྫོབ་ནི་འཁྲུལ་སྣང་ཙམ་དུ་བདེན། །
དོན་དམ་ནི་དོན་ལ་གྲུབ་པས་བདེན། །
ཀུན་རྫོབ་ནི་འདུས་བྱས་བསླུ་བའི་ཆོས། །
དོན་དམ་ནི་མི་བསླུ་འདུས་མ་བྱས། །
ཀུན་རྫོབ་ནི་མི་རྟག་ཆོས་ཅན་ཏེ། །
དོན་དམ་ནི་རྟག་པའི་ཆོས་ཉིད་ཡིན། །
ཀུན་རྫོབ་ནི་འཁོར་བ་སྡུག་བསྔལ་ཏེ། །
དོན་དམ་ནི་མྱང་འདས་བདེ་བ་ཡིན། །
ཀུན་རྫོབ་ནི་མ་རིག་རྣམ་ཤེས་ཏེ། །
དོན་དམ་ནི་རང་རིག་ཡེ་ཤེས་ཡིན། །
ཀུན་རྫོབ་ནི་རྟེན་ཅིང་འབྲེལ་འབྱུང་སྟེ། །
དོན་དམ་ནི་རང་བྱུང་ཡེ་ཤེས་ཡིན། །
ཀུན་རྫོབ་ནི་ཀུན་གཞི་རྣམ་ཤེས་ཏེ། །
དོན་དམ་ནི་ཀུན་གཞི་ཡེ་ཤེས་ཡིན། །
ཀུན་རྫོབ་ནི་སྤང་བར་བྱ་བ་སྟེ། །
དོན་དམ་ནི་འཐོབ་པར་བྱ་བ་ཡིན། །
ཀུན་རྫོབ་ནི་གློ་བུར་དྲི་མ་སྟེ། །
དོན་དམ་ནི་བདེ་གཤེགས་སྙིང་པོ་ཡིན། །
ཀུན་རྫོབ་ནི་ཆོས་སྐུའི་སྒྲིབ་བྱེད་དེ། །
དོན་དམ་ནི་མཐར་ཐུག་ཆོས་སྐུ་ཡིན། །
ཀུན་རྫོབ་ནི་ཀུན་བརྟགས་གཞན་དབང་སྟེ། །
དོན་དམ་ནི་འགྱུར་མེད་ཡོངས་གྲུབ་ཡིན། །
ཀུན་རྫོབ་ནི་སྲིད་གསུམ་མུན་ནག་སྟེ། །
དོན་དམ་ནི་སྲིད་གསུམ་འོད་གསལ་ཡིན། །
ཀུན་རྫོབ་ལ་འདུས་བྱས་འདུས་མ་བྱས། །
འདུས་མ་བྱས་ནམ་མཁའ་ལྟ་བུའོ། །
ཀུན་རྫོབ་ལ་དག་དང་མ་དག་གཉིས། །
དག་པ(འི་ཀུན་རྫོབ)ནི་ལམ་བདེན(མཐར་ཕྱིན་པའི་སངས་རྒྱས་ཀྱི)གཟུགས་སྐུ(ལོངས་སྤྲུལ)གཉིས། །
གཟུགས་ནས་ནི་རྣམ་མཁྱེན་བར་ལ་ཡང༌། །
ཀུན་བཏགས(ཀྱི་གཟུགས་སོགས)དང་གཞན་དབང(གི་གཟུགས་སོགས)ཡོངས་གྲུབ་ཀྱི། །
གཟུགས་སོགས(ནས་རྣམ་མཁྱེན་གྱི་བར)ཀྱི་སྡེ་ཚན་གསུམ(ཉི་ཁྲི་ལས)གསུངས་པས། །
གཟུགས་ཉིད་ནི་གཟུགས་ཀྱིས་སྟོང་པ་དང༌། །
རྣམ་མཁྱེན་ཡང་རྣམ་མཁྱེན(གྱིས)སྟོང་པ་རུང༌། །
གསུངས་པ(ཡུམ་ནས)ཡི་དགོངས་པ་ནི་འདི་ཡིན་ཏེ། །
ཀུན་བརྟགས་དང་གཞན་དབང(གི་གཟུགས)ནི་རང་ཉིད(ཀྱིས)སྟོང(བ་དང)། །
ཡོངས་གྲུབ(ཀྱི་གཟུགས་སོགས)ནི་གཉིས་པོ(ཀུན་བརྟག་དང་གཞན་དབང)ཡིས(གཟུགས་སོགས་ཀྱིས)སྟོང་པའོ། །
ཀུན་བརྟགས(དང)རང་གཞན་དབང་ནི་སྤང་བྱ་སྟེ། །
ཡོངས་གྲུབ་ཀྱི་གཟུགས་སོགས་ནི་འཐོབ་བྱ་ཡིན། །
ཀུན་རྫོབ་ཀྱི་གཟུགས་སོགས་ལྔ་སྒྲིབ་པ་སྟེ། །
དོན་དམ་གྱི་གཟུགས་སོགས་ནི་རྒྱལ་བ་ལྔ། །
ཀུན་རྫོབ་ཀྱི་ཉོན་མོངས་ལྔ་སྒྲིབ་པ་སྟེ། །
དོན་དམ་གྱི་ཉོན་མོངས་ལྔ་ཡེ་ཤེས་ལྔ། །
ཀུན་རྫོབ་ཀྱི་སེམས་ཉིད་ནི་བཅོས་མ་སྟེ། །
དོན་དམ་གྱི་སེམས་ཉིད་ནི་རང་བཞིན་ཡིན། །
ཀུན་རྫོབ་ཀྱི་སེམས་ཉིད་ནི་གློ་བུར་བ། །
དོན་དམ་གྱི་སེམས་ཉིད་ནི་གཉུག་མ་ཡིན། །
ཀུན་རྫོབ་འདི་རྟག(པར)འཛིན་ན་རྟག་ལྟར་ལྷུང༌། །
དོན་དམ་ཉིད་མེད(པར)འཛིན་ན་ཆད་ལྟར་ལྷུང༌། །
ཀུན་རྫོབ་འདི(དོན་དམ་ལ)མེད་ལྟ་ན་སྐྱོན་མེད་དེ། །
དོན་དམ་ཉིད་ཡོད(པར)ལྟ་ན་སྐྱོན་མེད་ཡིན། །
མཉམ་བཞག་ཏུ་སྨྲ་བསམ་དང་བརྗོད་འདས་ཀྱང༌། །
རྗེས་ཐོབ་ཏུ་ཐ་སྙད་ཀྱིས་གཏན་ལ་འབེབས། །
མཉམ་བཞག་ཏུ་བསྒོམ་བྱ(དང)སྒོམ་བྱེད་མེད། །
རྗེས་ཐོབ་ཏུ་སྣང་བ་འདི་སྒྱུ་མར་བསྒོམ། །
མཉམ་བཞག་ཏུ་སྒོ་གསུམ་གྱི་སྤྲོས་བྲལ་ཡང༌། །
རྗེས་ཐོབ་ཏུ་སྒོ་གསུམ་གྱི་དགེ་ལ་འབད། །
མཉམ་བཞག་གི་རྣལ་འབྱོར་བརྟན་གྱུར་ན། །
ལུས་ངག་གི་དགེ་བ་རྩོལ་མི་བྱ། །
འཚུབ་དུས་སུ་རློད(ལྷོད)ཅིང་དྲན་པས་བཟུང༌། །
ལྟེངས་དུས་སུ་ལུས་གནད་ལྟ་སྟངས་གཅུན། །
མཉམ་བཞག་དང་རྗེས་ཐོབ་ཐམས་ཅད་དུ། །
དྲན་འཛིན་དང་མ་བྲལ་བ་ཤིན་ཏུ་གཅེས། །
(ཐོག་མར)གཞན་དོན་གྱི་སེམས་བསྐྱེད་དྲན་པ་ཡིས། །
(བར་དུ)མཉམ་རྗེས་ཀྱི་དགེ་བ་ཇི་སྙེད་རྣམས། །
(མཇུག་ཏུ)བསྔོ་བ་དང་སྨོན་ལམ་གྱིས་རྒྱས་བཏབ་སྟེ། །
ཉམས་ལེན་གྱི་མན་ངག་དེ་ལས་མེད། །
ཕ་བླ་མའི་བྱིན་རླབས་ཞུགས་པ་ཡིས། །
བུ་བདག་གིས་སེམས་ལ་ཤར་བ་རྣམས། །
དོན་ཅུང་ཟད་ཙམ་རེ་བརྗོད་པ་ལགས། །
ཕ་བགྲེས་པའི་ཉམས་ལེན་མཛད་པར་ཞུ། །
འདི་ནི་ཇོ་ནང་རི་ཁྲོད་ཀྱི་དབེན་གནས་དམ་པ་བསམ་གཏན་རྫོང་དུ་དགེ་སློང་ཕྱོགས་ཀྱི་མིང་ཅན་བདག་གིས་བྲིས་པའོ། །འགྲོ་བ་མང་པོ་ལ་ཕན་ཐོགས་པར་གྱུར་ཅིག །མངྒ་ལཾ། བྷ་ཝནྟུ།