211389715_536953060835030_19034920647882289_n

༄༅། །འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་པོ་ ༸ སྤྱི་ནོར་ ༸ གོང་ས་ ༸ སྐྱབས་མགོན་རྒྱལ་དབང་ཐམས་ཅད་མཁྱེན་པ་མཆོག་དགུང་གྲངས་ ༨༦ ལ་ཕེབས་པའི་སྐུའི་འཁྲུངས་སྐར་ལ་མཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ།

༄༅། །ཞི་བདེའི་རྒྱང་འབོད།

རྒྱ་ཆེན་སྙི༵ང་རྗེ༵འི་རོལ་མཚོ་རྒྱལ་བསྟན་གྱི་མངའ་བདག །
འགྲོ་འདུལ་ས་བཅུའི་དབ༵ང་ཕྱུ༵ག་ངུར་སྨྲིག་གི་རྣམ་ཅན། །
མཆོག་གསུམ་སྤྱི་དང་བསླུ་མེད་རྟེན་འབྱུང་གི་མཐུ་ལས། །
མགོན་ཁྱོད་ཞབས་སེན་གླིང་བཞིའི་དབུ་རྩེ་རུ་བརྟན་མཛོད། །

ཕྱི་རུ་གཞན་དབང་གནམ་ལྕགས་ཐོག་སེར་གྱིས་གཙེས་ཏེ། །
ནང་གི་མཛའ་མཐུན་འོ་མའི་རྒྱ་མཚོ་ཡང་དཀྲུགས་ནས། །
ཆོས་ལྡན་གངས་ལྗོངས་རྒུད་པའི་མཐའ་མ་རུ་སླེབ་འདུག །
འཕགས་ཆེན་རྒྱལ་སྲས་དཔའ་བོའི་ཐུགས་རྗེ་རེ་མ་ཆུང་། །

མཐའ་དམག་མེ་རི་དམར་བོའི་རླབས་རྒྱུན་ཞིག་མཆེད་དེ། །
ལེགས་ཚོགས་ཚང་ཚིང་ལྗོན་པའི་གཟི་དཔལ་དེ་ཉམས་ཚེ། །
ཞི༵་བདེ༵འི་སྦྲང་ཆར་བསིལ་མའི་དངོས་གྲུབ་ལ་རེ་བའི། །
ཉམ་ཆུང་ཁུ་བྱུག་གཞོན་ནུའི་རྒྱ༵ང་འབོ༵ད་འདིས་བསྐུལ་ལོ། །

འཛམ་གླིང་ཞི་བདེའི་དེད་དཔོན་ས་སྟེང་རྒྱལ་བསྟན་ཡོངས་ཀྱི་མངའ་བདག་གངས་ཅན་བོད་ཀྱི་མགོན་དཔུང་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་སྐུ་ཕྲེང་བཅུ་བཞི་པ་མཆོག་མཚན་དཔེ་མངོན་པར་བཞད་ནས་ཕྱི་ལུགས་ལྟར་དགུང་གྲངས་༨༦ ལ་ཕེབས་པའི་དུས་ཆེན་ཁྱད་པར་ཅན་གྱི་ཉིན་མོར་གུས་འབངས་རྒྱལ་སྤྱིའི་ཇོ་ནང་པ་ཡོངས་ཀྱིས་དགའ་དད་སྤྲོ་གསུམ་གྱི་སྒོ་ནས་སོར་བཅུའི་འདབ་མ་སྙིང་ཁར་སྦྱར་སྟེ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ལན་བརྒྱར་ཞུ་བ་དང་། མགོན་པོ་གང་ཉིད་བསྟན་འགྲོའི་མགོན་དུ་སྐུ་ཚེ་མི་འགྱུར་རྡོ་རྗེ་ཆོས་བདུན་གྱི་ངོ་བོར་བཞུགས་ཤིང་། རླབས་ཆེན་ཐུགས་ཀྱི་བཞེད་དགོངས་མཐའ་དག་འཛམ་གླིང་ཡུལ་གྲུ་ཀུན་ལ་ཁྱབ་པའི་སྨོན་འདུན་དང་བཅས།

                                                     རྒྱལ་སྤྱིའི་ཇོ་ནང་འགྲོ་ཕན་ལྷན་ཚོགས་དབུས་རྒྱུན་ལས་ཁང་ནས།
                                                                         ཕྱི་ལོ་༢༠༢༡ ཟླ་༧ ཚེས་༦ ཉིན་གུས་ཕུལ།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།