Tibetan Web Featured

༄༅། །རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་བདག་ཉིད་ཀྱི་རྣམ་ཐར་ངེས་པར་བརྗོད་པའི་དེབ་གཏེར་ཤིན་ཏུ་ཞིབ་མོ{སྒྲོ་སྐུར་ཀུན་སྤངས། གནས་ཚུལ་ཀུན་གསལ།}མ་བཅོས་ལྷུག་པའི་རྟོགས་བརྗོད་ཅེས་བྱ་བ་བཞུགས་སོ། །

དང་པོ།
མཛད་པ་པོ། རྗེ་བཙུན་ཏཱ་ར་ནཱ་ཐ།

ན་མོ་གུ་རུ་བུདྡྷ་བོ་དྷི་ས་ཏྭེ་བྷྱཿ ༀ་སྭ་སྟི་སརྦ་པྲ་ཛཱ་བྷྱཿ རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་བདག་ཉིད་ཀྱི་རྣམ་ཐར་ངེས་པར་བརྗོད་པའི་དེབ་གཏེར་ཤིན་ཏུ་ཞིབ་མོ{སྒྲོ་སྐུར་ཀུན་སྤངས། གནས་ཚུལ་ཀུན་གསལ།}མ་བཅོས་ལྷུག་པའི་རྟོགས་བརྗོད་ཅེས་བྱ་བ།

བླ་མ་རྣམས་ལ་ཕྱག་འཚལ་ལོ། །

རྟག་བརྟན་གཡུང་དྲུང་འོད་གསལ་རྡོ་རྗེའི་སེམས། །
གདོད་ནས་རྣམ་དག་མཁའ་བཞིན་འཕེལ་འགྲིབ་བྲལ། །
ཆོས་ཀུན་འབྱུང་བ་སངས་རྒྱས་ས་བོན་ཏེ། །
རང་སེམས་གདོད་མའི་མགོན་པོ་རྒྱལ་གྱུར་ཅིག །

གང་ཞིག་དངོས་གྲུབ་གཉིས་ཀྱི་རིན་ཆེན་གཏེར་གྱུར་བྱིན་རླབས་རླབས་འཕྲེང་གཡོ་བ་གདམས་པའི་ཆུ་གཏེར་རྩ་བརྒྱུད་བླ་མའི་ཚོགས་རྣམས་དང༌། །
གང་ལས་འགྲོ་རྣམས་སོ་སོའི་བསམ་པ་དང་མཐུན་ཚངས་པའི་འཁོར་ལོ་སྐོར་མཛད་དོན་གཉིས་ཕུན་སུམ་ཚོགས་གྱུར་རྫོགས་སངས་རྒྱས་རྣམས་དང༌། །
གང་འདིར་ཟབ་ཞི་སྤྲོས་བྲལ་རང་བཞིན་གདོད་ནས་དག་ཅིང་དྲི་མ་རྣམ་སྤངས་འགོག་པའི་བདེན་གྱུར་ལུང་རྟོགས་དང་བཅས་དམ་པའི་ཆོས། །
སྲིད་འདིར་ནག་ཕྱོགས་མུན་སེལ་མཐའ་དག་ཡོན་ཏན་ཆ་ཤས་རབ་རྫོགས་ཐེག་གསུམ་འཕགས་ཚོགས་རྣམས་ལའང་གུས་པས་དངོས་པོ་ཀུན་གྱིས་འདུད། །

སེམས་ཉིད་ཐོག་ཐ(མཐའ)མེད་པའི་བརྗོད་བྲལ་ལས། །
སྲིད་ཞི་ཀུན་ཏུ་འཆར་བ་གཉུག་མའི་ངང༌། །
འདི་ནི་ཆོ་འཕྲུལ་མཐའ་ཡས་སྟོན་པའི་ཕྱིར། །
དེ་འདྲ་མཐའ་དག་སུ་ཡིས་བརྗོད་པར་ནུས། །

བླུན་པོས་བརྗོད་པ་ཇི་ལྟར་འབད་ན་ཡང༌། །
གཞན་གྱི་དོན་དུ་འགྱུར་བ་མ་མཐོང་བས། །
རེ་ཞིག་མི་སྨྲའི་བརྟུལ་ཞུགས་འཛིན་པ་མཆོག །
སྨྲ་ན་འཕགས་པའི་རྣམ་ཐར་བརྗོད་པར་སྨོན། །

རང་གི་ཡོན་ཏན་བརྗོད་པ་དམན་པའི་ལུགས། །
རྫུན་དུ་བརྗོད་ན་འཕགས་པ་རྣམས་ཀྱིས་ཁྲེལ། །
ཁྱད་འཕགས་ཡོན་ཏན་བདག་ལ་བརྗོད་རྒྱུ་མེད། །
གནས་ཚུལ་སྒྲོ་སྐུར་མེད་པར་བརྗོད་ན་ཀོ །

གཞན་གྱིས་ནན་ཏན་བསྐུལ་བའི་ཕྱིར། །
རང་གི་རྣམ་ཐར་མདོ་ཙམ་བཤད། །
དུས་ཀྱང་དྲོན(གྲོན)དུ་འགྱུར་མོད་ཀྱི། །
ཤེས་ལྡན་ཐམས་ཅད་བཟོད་པར་མཛོད། །

དེ་ཡང་གདོད་མའི་མགོན་པོ་དང༌། དེ་བཞིན་ཉིད་དང༌། ཟག་པ་མེད་པའི་དབྱིངས་དང༌། ཆོས་ཉིད་ཀུན་ཏུ་འགྲོ་བ་དང༌། དེ་བཞིན་གཤེགས་པའི་སྙིང་པོ་དང༌། རང་བཞིན་གྱི་འོད་གསལ་བ་དང༌། དང་པོའི་སངས་རྒྱས་དང༌། རྒྱུའི་རྡོ་རྗེ་འཆང་བ་ལ་སོགས་པ་མཚན་གྱི་རྣམ་གྲངས་བརྗོད་ཀྱི(ཀྱིས)མི་ལང་བས་སྙད(བསྙད)པར་བྱ་བ།

སེམས་ཉིད་རིག་པའི་སྐྱེས་བུ་ཆེན་པོ་གང་དེའི་མཛད་འཕྲིན་རྨད་དུ་བྱུང་བ་ནི། རྣམ་པར་བྱང་བའི་ཆོས་མཐའ་དག་ཡོངས་སུ་སྤེལ་བ་དང༌། ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང༌། ཡེ་ཤེས་དང༌། ཡོན་ཏན་དང་མཛད་པ་འཕྲིན་ལས་ཐམས་ཅད་འདུས་བྱས་ཀྱི་དབུས་སུ་ཉམས་པར་མི་འགྱུར་བའི་གཏེར་ཆེན་པོ། མི་འདྲུལ་ཞིང་བསྲུང་བར་མཛད་པ་དང༌། ནམ་ཞིག་རིགས་ཡོངས་སུ་སད་པ་ནས་བརྩམས་ཏེ། གཏེར་གྱི་བུམ་བཟང་དེ་ཉིད་རིམ་པས་ཕྱུང་སྟེ། རང་བཞིན་གྱི་འདོད་དགུ་བདེ་བླག་ཏུ་སྩོལ་བར་མཛད་པ་ནི། སྲིད་ཞི་ཐམས་ཅད་ཀྱི་མགོན་པོ་དཔལ་ཡོངས་གྲུབ་ཆེན་པོའི་རྣམ་ཐར་བཟང་པོ་འཕེལ་འགྲིབ་མེད་པའོ། །

དེ་ལྟར་ཡང༌། དེ་བཞིན་ཉིད་ནི་ཐམས་ཅད་ལ། །ཁྱད་པར་མེད་ཀྱང་དག་གྱུར་པ། །དེ་བཞིན་གཤེགས་ཉིད་དེ་ཡི་ཕྱིར། །འགྲོ་ཀུན་དེ་ཡི་སྙིང་པོ་ཅན། །ཅེས(ཞེས)གསུངས་པ་ལྟར། གཅིག་པུར་མ་བས་ཏེ་མཁའ་ཁྱབ་ནམ་མཁའི་རྡོ་རྗེ་ཅན་དང༌། ཆ་མེད་དང༌། ཀུན་འགྲོ་དང༌། ཁྱབ་བདག་དང༌། ཀློང་ཡངས་དང༌། ཁྱབ་གདལ་ཆེན་པོ་ཡིན་ནོ། །

དེ་ལྟ་བུའི་གདོད་མའི་ཡེ་ཤེས་དེ་དང་ལྷན་གཅིག་སྐྱེས་པ་ངོ་བོ་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པ་ཀུན་གཞི་རྣམ་པར་ཤེས་པ་ཞེས་བྱ་བ། སྲིད་པའི་བདག་པོ་ཞིག་ཡོད་དེ། ཇི་སྐད་དུ། དེ་བཞིན་ཀུན་གཞིའི་ཆུ་བོ་ཡང༌། །རྟག་ཏུ་ཡུལ་གྱི་རྐྱེན་གྱིས་འབྱུང༌། །རྣམ་ཤེས་རྦ་རླབས་སྣ་ཚོགས་ཀྱིས། །རབ་ཏུ་གཡོ་བས་གར་བྱེད་དོ། །ཅེས(ཞེས)པ{དང་། ལེན་པའི་རྣམ་པར་ཤེས་པ་ཟབ་ཅིང་ཕྲ། །ས་བོན་ཐམས་ཅད་ཆུ་བོའི་རྒྱུན་བཞིན་འབབ། །བདག་ཏུ་རྟོགས་པར་གྱུར་ན་མི་རུང་ཞེས། །བྱིས་པ་རྣམས་ལ་འདི་ནི་ངས་མ་བསྟན། །ཞེས་པ}ལྟར། ལས་དང་ཉོན་མོངས་པའི་ཆུ་ཀླུང་བྱེ་བ་ཕྲག་བརྒྱ་འབབ་ཅིང་བསྟེན་པའི་རྒྱ་མཚོ་ཆེན་པོ་སྲིད་པ་ཐོག་མ་མེད་པ་ནས། ཡང་དག་པའི་མཐའ་མངོན་དུ་མ་བྱས་པ་དེ་སྲིད་དུ་རྟག་ཏུ་འབབ་པ་རྣམ་པར་ཤེས་པའི་ཚོགས་བདུན་དང༌། སྣ་ཚོགས་པའི་ཚོར་བ་དང༌། འདུ་ཤེས་ཐ་དད་པ་དང༌། གཞལ་དུ་མེད་པའི་འདུ་བྱེད་དང་བཅས་པའི་ཚོགས་ཀྱི་རླབས་འཕྲེང་གཡོ་བ། གནས་སྣོད་ཀྱི་འཇིག་རྟེན་དང༌། དོན་གཟུགས་སོགས་ཡུལ་ལྔ་དང༌། ལུས་དབང་པོ་ལྔ་རུ་སྣང་བའི་རྣམ་རིག་གི་གཟུགས་བརྙན་རྣམ་པར་བཀྲ་བ་རྟག་ཏུ་འཆར་ཞིང་ནུབ་པར་བྱེད་པའི་ཀུན་གཞིའི་ཆུ་གཏེར་ཆེན་པོ་དེ་ལས། འགྲོ་བ་དྲུག་ཏུ་བརྒྱུད་མ་ནས་བརྒྱུད་མར་འཁོར་བའི་རྣམ་པར་ཐར་པའི་མཚན་མ་ཡ་མ་ཟུང་བརྗོད་པའི་ཡུལ་ལས་འདས་པ་དག་ཡོད་མོད་ཀྱི། འཁོར་བ་ཐོག་མ་མེད་པ་ནས་སྲིད་པར་འཁྱམས་པའི་སྣང་ཚུལ་དེ་ལྟ་བུ་ནི་བརྗོད་ཀྱིས་ཀྱང་ག་ལ་ལང་ཞིང༌། མ་རིག་པའི་སྒྲིབ་གཡོགས་ཀྱི་གཞན་དབང་ལས་ཕལ་ཆེར་དྲན་པའི་ལམ་ན་མི་སྣང་བས་དེར་བས་ལ། རྫུ་འཕྲུལ་ལ་སོགས་པའི་མངོན་པར་ཤེས་པ་དྲུག་དང༌། ཏིང་ངེ་འཛིན་དང༌། གཟུངས་དང༌། ཡེ་ཤེས་ལ་སོགས་པ་ས་དང་ལམ་གྱི་ཡོན་ཏན་ཁྱད་པར་ཅན་མ་ཐོབ་པའི་ཕྱིར། མི་ཆོས་བླ་མ་ལས་གྱུར་པ་ཡང་དག་པ་མ་ཡིན་པའི་ཚིག་གིས་ལས་ཀྱི་སྒྲིབ་པ་མཆོག་ཏུ་ལྕི་བ་སྒྲུབ་པར་ག་ལ་སྤོབས།

དེར་མ་ཟད་རྒྱས་བ་སྲས་བཅས་ཀྱི་ཡོན་ཏན་ཁྱད་པར་ཅན་བརྗོད་དུ་ཡོད་བཞིན་དུ། སོ་སོ་སྐྱེ་བོ་ཉོན་མོངས་པའི་འདམ་དུ་བྱིང་བ། རྨོངས་པས་རྣམ་པར་གཡོགས་པ། སྲིད་པའི་ཆུ་བོ་ལས་མ་བརྒལ་བ། སྲེད་པས་བཅིངས་པ། ཡང་དག་པའི་དོན་ལ་ཁོ་རེ་ཆུང་བ། བདག་ལྟ་བུའི་ལས་སྣང་གི་འཆར་སྒོ་ཡི་གེར་དགོད་པར་རྩོམ་པ་ནི་ངལ་བ་ཁོ་ནའི་རྒྱུ་ཡིན་མོད་ཀྱི། བསྐུལ(སྐུལ)བ་པོ་ཤིན་ཏུ་མང་པོ་དག་གི་ངོ་མ་ཆོག་པས་ཅུང་ཟད་སྨྲ་བར་བགྱི་ན།

སྔོན་དམ་པའི་ཆོས་ཀྱི་ཕྱོགས་སུ་ཅུང་ཟད་བྱ་བ་བྱས་ཤིང༌། སྨོན་ལམ་རྣམ་པར་དག་པ་ལན་འགའ་ཟུང་བཏབ་པ་འདྲ་སྟེ། ཚེ་འདིར་དམ་པའི་ཆོས་ཀྱི་བྱ་བ་སྒྲུབ་པ་ལ་བར་ཆད་ཀྱི་སྒོ་མེད་པའི་ཁྱིམ་དུ་སྐྱེས་ཤིང༌། གང་གིས་ཁྱིམ་དུ་སྲོག་གཅོད་པ་སྤངས་ཤིང་དཀོན་མཆོག་གསུམ་དང༌། ཡི་དམ་གྱི་ལྷ་རྣམས་དང་ཆོས་སྐྱོང་དམ་པ་ཡེ་ཤེས་ཀྱི་སྤྱན་ལྡན་རྣམས་གུས་པས་བསྟེན་པ་དང་མཆོད་པ་ལ་བརྩོན་ཞིང་བཟླས་བརྗོད་དང་སྒྲུབ་པས་དུས་འདའ་བའི་རིགས་སུ་སྐྱེ་བ་ཉེ་བར་བཟུང༌། ཆུང་ངུ་ནས་རྗེ་བཙུན་ཐུགས་རྗེ་ཅན་རྣམས་ཀྱི་བཀའ་དྲིན་ལས་ཆོས་ཀྱི་སྣང་བས་དུས་འདས་ཆོག་པ་བྱུང་བ་དང༌། ངར་འཛིན་གྱི་སྣང་བ་ཅུང་ཟད་སྲབ་ཅིང༌། དམ་པའི་ཆོས་ཀྱི་གཏམ་ཟབ་མོ་དང༌། སངས་རྒྱས་ཀྱི་མཛད་པ་རྨད་དུ་བྱུང་བ་དང༌། སྐྱེས་པའི་རབས་རྣམས་དང༌། བླ་མ་དམ་པ་རྣམས་ཀྱི་རྣམ་པར་ཐར་པ་མཐོང་བའམ་ཐོས་ན་ཡིད་དགའ་བ་དང་སྐྱོ་བ་ཟུང་དུ་འབྲེལ་བས་ཁྱབ་ཅིང་བ་སྤུ་ལྡང་བ་དང༌། གཏིང་ནས་མཆི་མ་འཁྲུག་པའི་དད་པ་གསུམ་ལྷག་པར་སྟོབས་སུ་གྱུར་པས། ཆོས་བརྒྱད་ཀྱི་སྣང་བ་རགས་པ་འཕྲལ་དུ་འགོག་ནུས་པ་ཙམ་རྟག་ཏུ་འོང་ཞིང༌། ཁྱད་པར་བྱིས་པ་མནོ་མི་ཤེས་པའི་དུས་ནས་ཀྱང༌། གསང་སྔགས་ཀྱི་ལྷའི་སྐུ་བརྙན་མཐོང་བའམ། ཆོ་ག་དང་བཟླས་བརྗོད་བྱེད་པ་དང༌། ཀུན་སྤང་གི་སྤྱོད་པ་ཅན་དག་མཐོང་བ་དང༌། བསྐྱེད་རྫོགས་ཀྱི་གཏམ་དང་ཆེ་བ་ཅུང་ཟད་ཐོས་པ་དང༌། མི་རྟོག་པ་དང་ལུང་སྒོམ་པ་ལ་སོགས་པའི་རྣམ་ཆ་མཐོང་བའི་ཚེ། བདག་ཀྱང་འདི་ལྟ་བུར་གྱུར་ན་ཅི་མ་རུང་སྙམ་པ་དང༌། དགའ་བདེས་ཉེ་བར་དྲངས་ཏེ་ཉིན་མཚན་གྱི་སྣང་བ་ཡུལ་ཡུལ་པོར་འགྱུར་བ་དང༌། འགྲོ་བ་ལ་བརྩེ་སེམས་ཀྱང་ཆུང་ངུའི་དུས་ནས་ཅུང་ཟད་འཆར་བ་དང༌། སངས་རྒྱས་ཐོབ་འདོད་ཀྱི་བསམ་པ་གཏིང་ཚུགས་པ་ཞིག་ཀྱང་དྲན་པ་རྙེད་ཙམ་ཉིད་ནས་ཡོད་ཅིང༌། ད་ལྟ་ཟབ་མོའི་ཆོས་མང་པོ་ལ་སྙིང་ཐག་པ་ནས་ངེས་པ་ཅུང་ཟད་སྐྱེ་བར་སྣང་བའི་ཕྱིར་རོ། །

འདིར་སྨྲས་པ།

རང་བློ་རང་ལ་ལྐོག་ཏུ་མ་གྱུར་བས། །
འདི་དག་རང་གིས་རང་ལ་མ་ཁྲེལ་ཙམ། །
འདི་ཙམ་རྫུན་མེད་འདི་ལས་ལྷག་པའང་མེད། །
གང་གི་དཔང་པོར་སྤྱན་ལྡན་འཕགས་རྣམས་བཞུགས། །

{ཅེས(ཞེས)པ་ནི་རང་གི་གནས་ཚུལ་བརྗོད་པའི་རྣམ་པར་ཐར་པ་ལས་སྙིང་པོའི་དོན་མདོ་ཙམ་སྤེལ་བ་ཏེ(སྟེ)དགེ་མཚན་དང་ལྡན་པའི་རིམ་པར་ཕྱེ་བ་དང་པོའོ། །}

ནང་དོན་ཡོངས་ཁུངས། འོད་འཛིན་རྩོམ་སྟེགས།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།