
?
མིང་ཚིག པུ་དགོན་ནམ་སྤུ་དགོན་བདེ་ཆེན་ཆོས་གླིང་ནི་ཀུན་མཁྱེན་དོལ་པོ་སངས་རྒྱས་ཀྱིས་ཕྱག་བཏབ་པའི་དགོན་པ་ཞིག་ཡིན། ས་གནས་དོལ་པོ་པཎ་ཚང་མི་བདག་ཛྙ་ན་ཡེ་ཤེས་སམ། ཡེ་ཤེས་དབང་ཕྱུག་ཚང་གི་ཞིང་རྟ་ཐང་རིང་མོ་ཞེས་ཀ་ཡོ་རིའི་ཐད་དུ་ཡོད། ལོ་ངོ་བདུན་བརྒྱ་ཡས་མས་ཀྱི་ལོ་རྒྱུས་ལྡན། པུ་དགོན་བདེ་ཆེན་ཆོས་གླིང་དུ་ཡོད་པའི་རྗེ་ཉིད་ཀྱི་སྐུ་ཚད་མའམ་ཡོངས་གྲགས་སྐུ་གཟུགས་མཆོད་རྟེན་ཞེས་པའི་མཆོད་རྟེན་ཆུང་ཆུང་ཞིག་ཡོད། ཡུལ་དེའི་ངག་རྒྱུན་ལྟར་ན། དེ་ནི་ཀུན་མཁྱེན་དོལ་པོ་སངས་རྒྱས་ཀྱི་སྐུ་གཟུགས་ཀྱི་མཐོ་ཚད་དང་གཅིག་མཚུངས་སུ་རྗེ་ཉིད་ཀྱིས་བཞེངས་པར་གྲགས་ལ། དུས་ད་ལྟ་ཡང་མ་ཉམས་པར་བཞུགས་ཡོད། འདུ་ཁང་ནང་དུའང་ཀུན་མཁྱེན་དོལ་པོ་སངས་རྒྱས་ཉིད་ཀྱིས་བཟོས་པས་གཏེར་བུམ་ཁ་ཤས་ཡང་ཡོད།
དགོན་འདི་སྔོན་མ་ཞིག་རལ་དུ་སོང་ནས་ལོ་མང་འགོར། རྗེས་སུ་ཀོ་མང་སྤྲུལ་སྐུའི་ཁུ་བོ་ཀརྨ་ལྷུན་གྲུབ་ཅེས་པ་རྟེན་སྔགས་འཆང་དང་སྨན་པ་གཉིས་ཀ་ཡིན་པའི་བླ་མ་རྩ་ཆེན་ཞིག་ཡོད་པ་ཁོང་གིས་ལོ་ཉི་ཤུའི་སྔོན་དུ་ཞིག་གསོ་མཛད་དེ། འདུ་ཁང་ཆུང་ཆུང་གཅིག་དང་། གྲྭ་ཁང་ཁ་ཤས་ཤིག་བཞེངས་ཡོད། ཁོང་སྐུ་གཤེགས་རྗེས་སུ། ཀོ་མང་སྤྲུལ་སྐུ་རིན་པོ་ཆེ་མཆོག་གིས་བསྐྱངས། ཕྱི་ལོ་ ༢༠༡༣ ལོར་རྗེ་བཙུན་ཏཱ་ར་ནཱ་ཐའི་འཕྲིན་ལས་ཀྱི་སྤྲུལ་པར་གྲགས་པ་མཆོག་སྤྲུལ་རིན་པོ་ཆེ་བཀྲ་ཤིས་རྒྱལ་མཚན་དཔལ་བཟང་པོ་སོགས་བླ་སྤྲུལ་དུ་མ་གདན་ཞུས་ལྟར་ཆེད་ཕེབས་མཛད། ཡུལ་དེ་གའི་བླ་སྤྲུལ་ཚོགས་སྡེ་རྣམས་ཀྱིས་དགོན་འདི་ཁོང་ལ་ཕུལ་བ་ངོས་ལེན་བྱས་ཤིང་། ཇོ་ནང་པུ་དགོན་བདེ་ཆེན་ཆོས་གླིང་ཞེས་བཏགས་ཤིང་དུས་ཀྱི་འཁོར་ལོའི་སྒྲུབ་མཆོད་ཉིན་གསུམ་རིང་མཛད། སྡེ་བ་གོང་འོག་རྣམས་ཀྱི་སེར་སྐྱ་མང་ཚོགས་ཡོངས་ལ་དུས་ཀྱི་འཁོར་ལོའི་དབང་དང་། ཚེ་དབང་། བཀའ་སློབ་ཟབ་རྒྱས་སོགས་གནང་ནས་ཕན་ཚུན་ཆོས་དམ་ཚིག་གི་འབྲེལ་བ་ཟབ་མོ་ཆགས་པ་དང་དོལ་པོ་སྡེ་བའི་དགེ་འདུན་པ་ཡང་བཅུ་ཕྲག་བདུན་བརྒྱད་ཙམ་བལ་ཡུལ་ཇོ་ནང་དགོན་དུ་བཞུགས་ཡོད།

