Tibetan Web Featured

༄༅། །རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་བདག་ཉིད་ཀྱི་རྣམ་ཐར་ངེས་པར་བརྗོད་པའི་དེབ་གཏེར་ཤིན་ཏུ་ཞིབ་མོ{སྒྲོ་སྐུར་ཀུན་སྤངས། གནས་ཚུལ་ཀུན་གསལ།}མ་བཅོས་ལྷུག་པའི་རྟོགས་བརྗོད་ཅེས་བྱ་བ་བཞུགས་སོ། །

ཉེར་བཞི་པ།

མཛད་པ་པོ། རྗེ་བཙུན་ཏཱ་ར་ནཱ་ཐ།

འདི་སྐབས་བླ་མའི་དོན་དུ་རྟེན་བཞེངས་པའི་རྟེན་འབྲེལ་གྱིས་མི་རིང་བར་ལོངས་སྤྱོད་མངའ་ཐང་ཇེ་འཕེལ་དུ་སོང༌། འགའ་ཞིག་བླ་མའི་ཕྱིར་དུ་རྟེན་སོགས་ལ་འབད་ཀྱང༌། མཐོང་ཆོས་ཀྱི་ཕན་ཡོན་འཕྲལ་དུ་མི་ཡོང་བ་དེ། ཕལ་ཆེར་བསམ་པ་མ་དག་པའི་སྐྱོན་དུ་སྣང་ཞིང༌། ཁ་ཅིག་ནི་བླ་མ་རང་གི་ཡང་སྐྱོན་ནོ་སྙམ་མོ། །

འདིའི་སྐབས་སུ{ངོ་མཚར་བ་ལ}ཚེས་བཅུ་གསུམ་གྱི་ནུབ་མོ(མོར)བླ་མ་ཆེན་པོའི་སྐུ་གདུང་དཔལ་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་ཆེན་པོར་བསྒྲུབས་ཏེ། ཐབས(ཐབ)ཀྱི་དབུས་སུ་ཞུགས་མེ་སྒྲོན་པའི་ཚེ། སྔ་དྲོ(དྲོར)མེ་ཏོག་གི་ཆར་དང་འཇའ་སྤྲིན་ངོ་མཚར་ཆེ་བ་དང༌། དགོང་ཇ་ཙམ་ནས་ཤར་ཕྱོགས་སུ་དབྱར་དུས་ཀྱི་འཇའ་ཚོན་ལེགས་པོ་དེ་ཁོ་ན་འདྲ་བ་གསལ་བར་ཟུག་པ་ཡུན་རིང་དུ་གནས་པ་བྱུང༌། དུས་སྐབས་ཧོར་ཟླ་དགུ་པ་ཡིན་ཞིང་། ཆར་ཟིམ་ལ་སོགས་པ་གང་གིས་ཀྱང་རྐྱེན་མེད་པས། ཡ་མཚན་ཆེ་བར་མངོན།

སྤུར་ཁང་ཕྱེ་བའི་ཚེ་གདུང་རུས་སྙིམ་པ་གསུམ་ཙམ་ལས་མི་སྣང་ཞིང༌། ཕལ་ཆེར་ཅུང་ཟིའམ་ཞུ་དཀར་གྱི་རྡོ་འདྲ་བའི་རྣམ་པར་འདུག །བསྐལ་དུས་རྙིངས་པ(རྙིང་བ)འདི་ལ་གདུང་སྐལ་ཁྱབ་ཆེས་པ(ཆེ་བ)ལའང་དགོས་པ་མི་འདུག་པས། དད་ཅན་གལ་ཆེ་བ་འགའ་རེ་ལ་གདུང་སྐལ་གྱི་དམིགས་ཅུང་ཟད་མ་གཏོགས། ཐམས་ཅད་ཟ་མ་ཏོག་གི་ནང་དུ་འཁོར་ལོ་སྡོམ་པ་ལྷ་ལྔའི་སྐུ་བརྙན་དང་ལྷན་དུ་མཆོད་རྟེན་གྱི་བུམ་པར་བཞུགས་སུ་གསོལ།

དེང་སང་འདི་སྐད་ཅེས་གདུང་རུས་ནང་རྟེན་དུ་བཞུགས་པ་དང་། གདུང་དངོས་སུ་བཅུག་པ་ནི་ལྷ་ཁང་དུར་ཁྲོད་དུ་འགྱུར་བས་མི་ཤེས་ཤིང་། ཡུལ་དེ་ལ་ཡང་གནོད་དོ་ཞེས་ཟེར་ཞིང༌། རུས་པའི་རང་མཚན་མེད་པར་ཐལ་བར་སྦྱངས་ཏེ་ཚ་ཚར་བསྒྲུབས་པ་བཞུགས་པར་འདོད་ལ། རྒྱུ་མཚན་འཕགས་པ་ཡིན་ན་རུས་བུ་བཞུགས་པ་མཆོག་ཡིན་ཀྱང༌། བླ་མ་རྣམས་སོ་སོ་སྐྱེ་བོ་ཡིན་པའི་ཕྱིར་རོ། །ཞེས་དེང་སང་གི་དཔྱོད་ལྡན་དུ་རེ་བ་ཕལ་ཆེ་བ(བས)འདོད་ཀྱིན་འདུག་སྟེ། གསང་སྔགས་པའི་བླ་མ་དེ་དཀོན་མཆོག་གི་གྲ(གྲལ)ནས་ཕུད་པ་ཁ་ཕྱི་ཟོང་ཟད{ཟོང་ཚད}ཀྱི་གཏམ་ཡིན།

མཁས་པ་འདི་ཚོ་རང་ཁ་ནང་གི་ལྤགས་པ་མཐུག་གྲགས(དྲགས)པས་དགའ་མོ་ཡོད(ཡོང)གིན་ཡོད་འདུག །འུ་ཅག་ནི་རྩ་བའི་བླ་མ་སོ་སོ་སྐྱེ་བོ་ཡིན་ཟེར་བ་ཁ་ཤིན་ཏུ་རང་ཚའམ་སེམས། མི་མཁས་པ་ཕལ་ཆེར་ནི། བླུན་དད་ཉིད་ཀྱི་སྒོ་ནས་གདུང་རུས་ནང་རྟེན་དུ་བྱེད་པ་ལ་དགའ་བར་ཡང་བྱེད་དོ། །དེ་ནས{དེས་ན}སློབ་མས་བླ་མ་ལ་སོ་སོ་སྐྱེ་བོ་ཡིན་ཞེས་ཁ་གདངས་ནས་ངོ་མཐོན་དུ་བརྗོད་པར་མི་སྤོབས་ལ། འོན་ཀྱང་ཐེ་ཚོམ་ཟ་ན་ཚ་ཚར་བསྒྲུབས་ཏེ་བཞུགས་པ་སོགས་ལོས་ཀྱང་འཐད།

གང་ཟག་དེ་ཉིད་ལ་ཕན་གནོད་ནི་སངས་རྒྱས་ཀྱིས་དངོས་སུ་གསལ་བར་མ་གསུངས་པས། རིག་གྲས་ཀྱིས་ལུང་བསྟན་བྱེད་དཀའ་ལ། གནོད་པར་ངེས་ན་ནི་བ་སོ་དང་རུས་པ་ལ་ལྷ་སྐུ་བརྐོས་པ་ལ་ཡང་སེམས་ཅན་དེ་ལ་གནོད་པར་ཐལ་བར་ནི་འགྱུར། དུར་ཁྲོད་སྐྱོན་དུ་འགྱུར་ན་ནི། འཕགས་པ་ཡིན་ཡང{སོ་སོ་སྐྱེ་བོ་དང་འདྲ་བར}སྐྱོན་དེ་ཡོང(ཡོད)པར་མངོན། འཕགས་པའི་སྤུར་སྐྱེལ་ས་དེ་ཡང་དུར་ཁྲོད་ཀ་ཡིན་མོད། དུར་ཁྲོད་དུ་གྱུར་ཀྱང་གསང་སྔགས་ཀྱི་རྣལ་འབྱོར་པ་ལ་ནི་བཀྲ་མི་ཤིས་པ་ཡང་མ་ཡིན། དེར་མ་ཟད་འདུལ་བ་ལས་ཀྱང་གྲང་ཁང་དུ་དུར་ཁྲོད་འབྲི་བར་གསུངས་པ་ཀུན་ལ་ཡང་སྐྱོན་འདོགས་སམ་ཅི།

འདིར་ནི་དམ་པ་ལ་འདི་ཕལ་པའི་ས་ལས་འདས་པའི་ངེས་ཤེས་བརྟན་པོ་ཡོད་ཅིང་། གདུང་རུས་རིན་པོ་ཆེ་དང་མཚུངས་པར་གྱུར་པ་དེ། སླར་ཡང་ཕྱེ་མར་བགྱིད་པའི་བློ་ངན་ཅི་ཞིག་བྱེད། དེ(དེའི)རྗེས་སུ་གཞུང་ཆུ་ལ་གཏོར་མ་བཏང་བས་ཆུ་མིག་ཞིག(ཅིག)ཀྱང་གསར་དུ་བརྡོལ། མཚམས་ཐུང་ཙམ་བྱས་པས་ལྟས་ཀྱང་བཟང་བར་བྱུང༌།

གཙང་ནས་སྡེ་པ་ཀར་བསྟན་དྲུང་ལ་ཤིན་ཏུ་མཛེར་པའི་རྟགས་གསལ་པོ་ཡང་ཡང་བྱུང་ཡང་། དེ་ལོ་ཐུགས་འགྱུར་རེ་འདུག་པས་སྐུ་རིམ་སོགས་སྙན་འབུལ་མ་བྱས། བལ་པོ་བཟོ་བོ་རྣམས་སླར་ངམ་རིང་ལ་འགྲོ་སྐབས་བརྒྱན་བུ་གཉེར་པ་བཤེས་གཉེན་པས་ཅི་ལོད་ལོད་བྱས་ཤིང༌། སྤྱོར་བརྟོད{སྦྱོར་བཏོད}ཀྱི་ཡི་གེ་རྟེན་བཅས་མི་ལེན་པར་མ་ཟད། ས་ལ་རྡེབས(རྡེབ)པ་སོགས་ཤིན་ཏུ་འུར་བར་འདུག་ནའང༌། ཟླ་གཅིག་ཙམ་ནས་ཁོང་རང་བཏེག(བཏེགས)། རྒྱུ་ཚང་བ་ལས་འབྲས་བུ་ཡོང་བ་ཆོས་ཉིད་དུ་གདའ།

སྤ་ལུང་ལའང་མི་འདོད་བཞིན་དུ་ཁོར་ཙམ་ཕྱིན། དེ་རྗེས་ཅིག་ཉོའི་ནང་བརྒྱུད་ནས་དིང་རི་ནས་ལུང་དང་། དགོན་པ་རྒྱ་ལུང་སོགས་སུ་ཁོར་ཙམ་ཕྱིན། ཆོས་འབྲེལ་མང་རབ་བྱས། དིང་རི་ཕྱོགས་སུ་ནས་སྟེར་མཁན་བྱུང་བ་འདྲ་ལ་ཆ་རྐྱེན་བྱས། རྒྱ་ལུང་དུ་རྡོ་རྗེ་རྣལ་འབྱོར་མའི་སྒྲུབ་མཆོད་བཙུགས། འདི་དགོན་ཆུང་ཡིན་ཡང་བར་ཆད་བྱེད་མཁན་མེད་པས། བཙུན་གསར་བྱེད་མཁན་ཡང་མང་དུ་བྱུང༌།

བྲག་སྟོད་ཕྱོགས་སུ་ནི་སྤྱི་བབས་སྔ་གོང་ཡུལ་ཕྱོགས་དེ་ཀུན་ན་ལོ་ཉེས་སོགས་བར་སྐབས་སུ་མི་འདོད་པ་དུ་མ་ཡོད་ཀྱང༌། རྟེན་བཞེངས་རྣམས་བཀྲ་ཤིས་པའི(པས)། དེ་ནས་ད་ལྟའི་བར་ཤིན་ཏུ་བདེ་བར་བྱུང་བ་འདི་ཡིན་ནའང༌། རྒྱན་བུ་རྫོང་དཔོན་ཆོས་དགོན་པ་ལ་བསྙེན་བཀུར་བྱེད་མི་ཡང་འགེགས་ཤིང་། བཙུན་གསར་བྱེད་ས་མེད་པ་དང༌། ཐ་ན་གནས་སྐོར་རྟེན་མཇལ་སོགས་ཀྱང་བྱེད་ས་མེད་པའི་ནག་ཡིག་འགྲེམས་ཤིང་དྲིལ་སྒྲོག་པར་བྱེད་དོ། །དེ་སྟབས་ནས་འདི་སྐབས་བཙུན་གསར་བྱེད་མི་ནི་མ་བྱུང༌། འོན་ཀྱང་ད་ནི་དགོན་པ་སྟངས་ཞན་དུ་ནི་མི་འགྲོ་ལས་ཆེ་སྙམ་སྟེ། ད་དུང་རིམ་པས་རྟགས་མངོན་དུ་འགྱུར་རོ། །

བྲག་སྟོད་དུ་ཚོགས་ཆོས་ཀྱང་ཅི་རིགས་བཤད། ལྕགས་ཟམ་པ་སྒེར་པ་ཆོས་རྗེ་ངག་དབང་པ་ལ་ཤངས་ཆོས་གང་ཞིབ་ཅིག་བྱས། སླར་འདུ་ཁང་བཞེང་རྒྱུའི་ཤིང་བཟོ་གལ་ཆེ་བ་རྣམས་ཀྱང་གྲུབ། བྱ་ལོའི་ནང་དུ་འདུ་ཁང་བཞེང་རྒྱུའི་བཀོད་པ་སོགས་ཀྱང་བགྱིས། སྔ་སོར་ལུག་ལོའི་དགུན་ཆོས་ཀྱི་སྐབས། ངམ་རིང་སྡེ་སྲིད་དུ་མུ་ཏིག་ཆེན་མོ་མང་རབ་དང༌། གཡུ་གོས་དར་སོགས་ཞུ་རྟེན་བཟང་བ་རང་ཕུལ། བླ་མ་དམ་པ་དེ་ཉིད་ཆེད་ཀྱིས་སྤྱན་འདྲེན་གནང་བ་དང༌། གནས་སྐབས་སུ་རྐྱེན་དེས་སྐུ་འདས་པའང་ཡིན། སྐུ་འདའ་ས་ཚུན་ཐམས་ཅད་ནས་ཐུགས་ཁུར་བཞེས་པའི་བཀའ་བབས་འདུག་བསམ།

བསྟན་པའི་རྒྱུན་ལ་དགོངས་པའི་ཆོས་གཞིས་ཙམ་ཞུས་པ་ཡིན་ནའང་གནང་མ་ཐུབ། ཉིན་གཅིག་འཁར་ལུང་ཡོང་གསུང་ནའང༌། དེའི་སང་རང་འགྱུར་ནས་མི་ཡོང་གསུང༌། དེ་ཁའི་དོད་དུ་སྤྱི་དང་བླ་བྲང་ཡོངས་བསྡོམས་ལ། ནས་ཁལ་སྟོང་ཕྲག་གཅིག་སྤྱི་སའི་རྣམས་བསྟན་པ་ནམ་གནས་བར་དང༌། བླ་བྲང་གི་རྣམས་ངེད་རང་གིས་འཛིན་བདག་བྱེད་རིན་གནང་བའི་ཞལ་བཞེས་ཡོད་པ་ལྟར་གྱི་འདི་ལོའི་ཡོང་སྒོ་རྣམས་རྩིས་བླངས། སྡེ་སྲིད་ནས་དངུལ་གདུང་ལ་དཀར་མེ་ཁོར་ཡུག་གཅིག་ཀྱང་འཛུགས་པ་གནང༌།

འདི་སྐབས་ངམ་རིང་དུ་ཡོང་དགོས་ཚུལ་ནན་ཆགས་ཕེབས་ནའང་དུས་འཁྲིད་ཆག(འཆག)དོགས་ནས་མ་ཕྱིན་ཞིང༌། ཡ་བྱང་སོགས་ལམ་ཞོར་ལ་ཡོང་དགོས་ཟེར་བ་རྣམས་ལ་ཁྱག་ཁྱོག་མ་བྱས་པར་ལམ་བསྲངས་ཏེ། ཇོ་ནང་དུ་དུས་ཆོས་ལ་སླེབ(སླེབས)པར་བྱས། འདི་ལོ་འཁྲིད་གསར་པ་ཤིན་ཏུ་མང་ཞིང་། འཁྲིད་ལོ་ཡང་ལེགས། བླ་བྲང་གི་མཁར་ལས་དང་རྟེན་བཞེངས་སོགས་འདི་ལྟར་བྱེད་དགོས་པ་འདུག་སྙམ་པ་གློ་བུར་དུ་བློ་ལ་ཤར།

ཧོར་ཟླ་དང་པོའི་ཚེས་བཅུའི་ཉིན། དངོས་གཞིའི་དམ་པོའི་མཚམས་ཀྱི་སྒང་ཞིག་ལ། བསམ་རྩེ་ནས་ངེད་ལ་འབོད་མི་གྲོ་མོ་ཆེ་བ་བྱུང་། འར་འུར་འདྲ་བྱེད་ཀྱིན་འདུག །ཁོང་ཡང་དུས་སྡེ་པ་ཀར་བསྟན་དྲུང་མཉེལ་བ་རང་མེད་པ་འདུག་ནའང༌། ཁོང་པ་འདིར་དེ་རིང་སླེབ་རྒྱུའི་མདང་ནུབ་དེ་མཉེལ་ཡོད་པར་གདའ། ལྟས་ཀྱང་འཚུབ་པ་ནས་ཁོང་ལ་རེ་ཞིག་ཁས་མ་བླངས།

ཡང་སྐུ་ལྟེམ་པ་ཡིན་ཟེར་ནས་མགྲོན་གཉེར་འཇམ་དབྱངས་སོགས་ཚེས་བཅུ་གསུམ་གྱི་ཉིན་མོ(མོར)སླེབ(སླེབས)། སྔ་སོར་དབུས་དམག་རྟིང་མ་མཛད་པས། སྐུ་ཚེ་ལ་གནོད་ཅིང་། སྔ་ཕྱིར་ལྟས་ཀྱང་ཤིན་ཏུ་ངན་པས། སྐུ་ཁམས་མཐར་ཐོན་མི་ཡོང་ངེས་སྙམ། མཚམས་འོག་ཏུ་ཁོང་ཚོ་ལ་ངག་འཕྲད་ཙམ་བྱས། ནམ་ཡོང་ངེས་ཅན་ནི་ཁས་མ་བླངས། བྱིན་རླབས་རྟེན་དང་དུད་རྫས་སོགས་བསྐུར།

དེ་འབྱོར་པའི་ཉིན་མོ་སྐུ་ཁམས་བདེ་ཙམ་བྱུང་འདུག་ནའང་། ཚེས་བཅུ་དྲུག་གི་ཉིན་མོ་སྐུ་མ་འཚོ། མགྱོགས་བསྔོའི་རྟེན་ཡང་འཕྲལ་དུ་སླེབ(སླེབས)། དེ་མཐུན་གང་མྱུར་འགྲོ་དགོས་ཤར་ཏེ། འཁྲིད་འཕྲོ་མགྱོགས་པོ་བྱས།

ཉེར་གསུམ་གྱི་ཉིན་མོ་ཐོན་པའི་སྔ་དྲོ་ཡོང་ཁར་བླ་བྲང་གསར་རྒྱག་གི་ས་ཆོག་རྣམས་བྱས་ཤིང་། དེར་ཡང་ལམ་བཀྲ་ཡང་བཟང་ཙམ་དང༌། ལྕགས་ཁ་བཀྲ་ཤིས་རྩེའི་གདོང་དེར་གནས་བརྟན་བཅུ་དྲུག་དང༌། རྣམ་ཐོས་སྲས་ཀྱི་སྐུ་ལ་རབ་གནས་ཞུ་མཁན་ཞིག་ཀྱང་བྱུང་བའང་ཤིན་ཏུ་བཟང༌། རི་ཀླུང་ཐམས་ཅད་ཁ་བ་བབས་པའི་སྐྱ་ལམ་མེ་འདུག་པས་ཡིད་སྤྲོ་བ་ཞིག་ཀྱང་ཤར།

སྤྱི་དེ་སྐབས་ཀྱི་ཁ་བ་དེ་ཁྲོ་ཕུའི་དགོན་པ་གསར་འདེབས་ལ་སྡེ་པ་གསར་གསེར་མ་ནས་རང་ལ་འཚུབ་ཀྱི་རྣམ་པ་ཡིན་པར་འདུག་ནའང༌། ངེད་ལ་རྟེན་འབྲེལ་ལེགས་པ་ཞིག་བྱུང༌། རྟིང་སོར་ཇོ་ནང་བླ་བྲང་གསར་འདེབས་ཀྱི་འགྲམ་འདིངས་པའི(འདིང་བའི)ཉིན། གཙང་ས་ནས་ངེད་ལ་འཕགས་པ་སའི་སྙིང་པོའི་ལི་སྐུ་ལེགས་པ་ཞིག་གནང་བྱུང་བ་འགྲིག་པ་སོགས་ལྟས་བཟང་པོ་ཡང་རིམ་པས་བྱུང༌།

དེ་སྐབས་རྩེ་རུ་སླེབ(སླེབས)ནས། རེ་ཤིག(ཞིག)གསང་སྒོའི་ཚུལ་དང་བསྟུན་པའི་ཕྱི་ལྟར་དུ་དབང་འབུལ་གྱིན་ཡོད་པའི་ཚུལ་བྱས་ནས། མི་འཁྲུགས་པའི་ཆོ་ག་རེ་བཏང༌། མཚན་བརྗོད་པ་སོགས་དགེ་འདུན་མང་པོ་ལ་འཚོམ(ཚོམས)ཆེན་དུ་ཚོགས་བདག་དཀར་པོ་སོགས་ཆོས་འབྲེལ་འདྲ་བྱས།

སླེབ(སླེབས)ནས་ཟླ་ཕྱེད་སྐོར་ནས་གསངས(གསང)བརྟོལ། ཆོག་གྲྭ་ཆེ་བ་འཛུགས་པ(པར)མཛད། ཞལ་ངོ་སྔ་མ་འདས་གྲོངས་བྱུང་བ་རྣམས་ལ་ཀར་ལུགས་ཀྱི་སེར་གསོགས་ལས་གཞན་པའི་ཆོག་གྲྭ་རྒྱ་ཆེ་བ་ཡང་མ་བྱུང་ཞིང༌། ཅུང་ཟད་ཡོད་པ་ཡང{ཀར་ལུགས་ཁོ་ནའི}ཕྱོགས་རིས་ཅན་ཁོ་ན་ཡིན་འདུག་ནའང༌། འདི་སྐབས་གྲུབ་མཐའ་ཕྱོགས་མེད་ཀྱི་ཆོག་གྲྭ་འཛུགས་པར་མཛད།

མཐར་སྤུར་བཞུ་སོགས་ཐམས་ཅད་རྗེས་གཙང་བར་བསྒྲུབས། {ཞལ་ངོ་གོང་མ་རྣམས་ཀྱི་དགོངས་རྫོགས་ཀྱིས་འདི་སྐབས་ལ་ཕྱོགས་སུ་ཡང་མི་སྒྲུན།} དགོངས་རྫོགས་རྒྱ་ཁྱོན་ཆེ་བ་སྡིག་དང་མ་འདྲེས་པར་བྱུང༌།

{འདི་སྐབས་བྱང་ནས་མི་སྣ་ཨེ་པ་བདག་པོ་བྱུང་། ཁོ་པ་ལ་བཤགས་པ་ཡང་བླངས།} དེ་ཡང་སྐུ་འབྲིང་པའི་དྲུང་དང་། ཞབས་དྲུང་རྒྱལ་བུ་ཡབ་སྲས་གཉིས་ཀར(ཀ)ལ་ངས་ཆོག་གྲྭ་འདི་ཕྱོགས་མེད་རིས་མེད་རྒྱ་ཆེ་བ་རང་གནང་དགོས་ཞུས་པས། དེ་འཕྲལ་ཞལ་བཀོད་གནང་སོང༌། སྔར་སྲོལ་མེད་པའི་ངོར་ཞ་ལུ་སོགས་འདི་ནས་གཟུང(བཟུང)ནས་ཆུག(ཆུགས)པ་ཡིན། ཁོ་རང་ཚོས་ཕོ་སྐྱེས་ནས་བྱུང་བ་ཡེ་མེད།

འདི་སྐབས་སྐྱེད་རུ་བ་སྡེ་པ་རྒྱལ་རྒྱལ་ལས་བརྒྱུད། ཡར་རྒྱབ་ནས་འཕྲལ་དུ་ཡོང་དགོས་ཚུལ་ནན་ཅན་རང་གསུང་གིན་འདུག །ལོ་འདིའི་ནང་དུ་འབོད་མི་ཡང་ཡང་དང་། གཙང་སའི་ངོ་སྤྲོན(སྦྲོན)སོགས་བྱུང་ནའང་། ལྟས་བཟང་པོ་ལར་མི་འདུག་པས་བློ་ཐག་བཅད།

དེར་སྐུ་ཚིགས་ཞེ་དགུ་གྲོལ་ནས་ངེད་ཀྱིས་ཤངས་ཕྱོགས་སུ་ཕྱིན། སྒྲུབ་གནས་མཇུག་ཏུ་ཤངས་ཆོས་ཐན་ཐུན་མང་དུ་བཤད། དོན་གཉེར་འགའ་ལ་གཅོད་ཁྲིད་སོགས་ཉེར་མཁོ་འགའ་ཡང་བྱས།

སྟག་སྣའི་དགོན་པར་འབོད་མི་བྱུང་བ་བཞིན་ཕྱིན། ཕ་རིན་པོ་ཆེ་ཏྲེ་བོ་སྤྲུལ་པའི་སྐུའི་དངུལ་གདུང་ལ་རབ་གནས་དང༌། ཚོགས་པ་རྣམས་ལ་ཆོས་འབྲེལ་ཙམ་བཤད། མི་ཤངས་ཆོས་འཁོར་གླིང་དུ་ཁོར་ཙམ་ཕྱིན། དེ་མི་དམངས་ལ་ཁྲོམ་དབང་ཞིག་ཀྱང་བྱས།

སླར་ཡང་འཇག་ཏུ་ཁོར་ཙམ་འོངས་ནས། གྲྭ་ཚང་ཆེན་མོ་སོགས་ལམ་དུ་ཡང་འགྲོ་དོན་ཅི་རིགས་པ་དང་བཅས་ཏེ། ཉུག་རྒྱལ་ཁང་དུ་ཕྱིན། ཞག་གསུམ་བསྡད། ནང་སོ་ཞལ་ངོ་སོགས་སོ་སོ་ལ་དོན་གཉེར་གྱི་ཆོས་ཐན་ཐུན་བསྒྲུབས་ཤིང༌། དེ་རྗེས་གསེར་མདོག་ཅན་དུ་ཞག་བརྒྱད་ཙམ་གྱི་རིང་ལ་ཚོགས་པ་ཐམས་ཅད་ལ་དུས་ཀྱི་འཁོར་ལོའི་དབང་རྒྱས་པ་དང༌། སྒྲོལ་མ་ཉེར་གཅིག་གི་རྗེས་གནང་སོགས་ཚོགས་སྤྱི་དང༌། སྒོས་སོ་སོར་དབང་བྱིན་རླབས་སོགས་སྔགས་ཆོས་མང་བ་དང༌། བླ་བྲང་དང་ཤངས་པ་གྲྭ་ཚང་གཉིས་སུ་བསྙེན་རྫོགས་སྒྲུབ་པ་ཡང་ཤིན་ཏུ་མང་བར་བྱུང༌། མཁན་ཆེན་འཇམ་མགོན་ལྷུན་གྲུབ་ཀྱིས་རྟེན་བཞེངས་མཛད་པའི་ཐུབ་པ་ཇོ་ཚད་མ་དེ་ལ། དུས་འཁོར་གྱི་ཆོ་གའི་སྟེང་ནས་རབ་གནས་ཀྱང་བྱས། བྲག་དཀར་ཆོས་རྗེ་དྲུང་དང་ཡང་དེ་དུས་ཐོག་མར་འཕྲད་པ་ཡིན།

སྒྲུབ་གནས་བསམ་གཏན་སྡིངས་སུ་ཡང་ཟླ་ཕྱེད་ཙམ་ལ་གཞིར་བཞུགས་པ་རྣམས་ལ་ཆོས་ཐང་ཐུང(ཐན་ཐུན)ཅི་རིགས་པ་དང༌། ཤངས་པ་སློབ་དཔོན་པ་སོགས་འགའ་ཤས་ལ་ཕག་མོ་ལྷ་སོ་བདུན་མའི་དབང་དང་། སྒྲུབ་དཀྱིལ་གྱི་གཞུང་སོགས་བཤད་ཅིང༌། དེ་ནས་འདོལ་བྱུང་དུ་ཟླ་ཕྱེད་ཙམ་བསྡད་པ་ལ་ཡང་། ཞལ་ངོ་རྣམས་ལ་དབང་ཆོས་ཅི་རིགས་པ་དང༌། ཆོས་ཞུ་བ་རྣམས་ལ་རྡོ་རྗེ་གཏུམ་པོའི་དབང་དང༌། འཁོར་ལོ་སྡོམ་པའི་བསྐྱེད་རིམ་གྱི་བཤད་པ་དང་། རང་རེའི་བརྩམས་ཆོས་མང་དག་སོགས་ཆོས་བཤད་རེམ་པར་བྱས།

ཡར་ལམ་འབྲོང་རྩེ་བརྒྱུད་ནས་རྩེ་ཆེན་དུ་འབྱོར་ཞིང༌། སྔ་སོར་རྩེ་ཆེན་ཆོས་སྡེའི་གདན་ས་མཁན་ཆེན་རབ་མཛེས་པ་སྐུ་གཤེགས་འཕྲལ་ནས། སླར་ཡང་ངེད་ལ་བྱེད་དགོས་ཚུལ་གྱི་གསུང་བྲིས་རིམ་ཅན་དུ་ཡོད་པ་དང༌། འདི་སྐབས་ཀྱང་བྱེད་དགོས་ཚུལ་ནན་ཆགས་ཆེ་ཆེ་སྐད་ཡང་ཡང་མཛད་ཀྱིན་འདུག་ཀྱང་། ཞལ་ཁོ་ན་ལས་སྙིང་ནས་མིན་པར་ཡང་འདུག །ཆོས་སྡེ་པ་ཕལ་ཆེར་བློ་འདུན་པར་ཡང་འདུག་མོད། ཕྱོགས་དེ་ཀུན་སྔར་ལས་རྣམ་པར་འགྱུར་བའི་བུན་ནེ་པ་ཞིག་ལས་མི་འདུག་པས་བྱེད་འདོད་ཀྱང་ཡེ་མ་སྐྱེས། དབུ་མཛད་མཁར་ཐོག་པ་ལ་ཧེ་རུ་ཀའི་འདུ་ཤེས་རང་མཛད་ཀྱིན་འདུག་པ་ལ་བཟང་རབས་དམའ་འབེབས་རང་བྱེད་པའི་སྐབས་དེ་ཡིན།

འདིར་ཡང་ཆོས་ཞུ་བ་རྣམས་ལ་ཆོས་སྣ་མ་ངེས་པ་ཐན་ཐུན་སྣ་ཚོགས་དང༌། ཞལ་ངོ་སོགས་ལ་ཡང་བཞེད་པ་དང་མཐུན་པའི་དབང་ཆོས་ཅི་རིགས་བཤད། གསུང་རབ་དང་རྟེན་གསར་བཞེངས་རྣམས་ལ་རབ་གནས་ཀྱང་བགྱིས། ཞལ་ངོ་རྣམ་དང་། མང་མཁར་གནས་པའི་ཆོས་མཛད། ད་ལྟ་མཁས་པ་སངས་རྡོར་བར་གྲགས་པ་འདི་སོགས་ལ། ཞེན་པ་བཞི་བྲལ་གྱི་ཁྲིད་ཅིག་དགོས་གསུང་བ་ལྟར་རྒྱུད་ཅི་འཁུལ་གྱི་ཁུངས་སུ་བཤད་པས། ཆོས་མཛད་ཁོང་རེས་བྱ་བྲལ་གྱི་ཁུངས་བྱས་ཀྱི་རྟིང་ལ། ལྷུན་རྩེར་ཞུ་ལོག་ཕུལ། ཁོང་རང་ཚང་གི་གྲྭ་པ་མང་པོ་ཁྲིམས་ལ་སྦྱར་བ་སོགས། རང་གི་བྱ་བྱེད་ཀྱི་མནོང(ནོངས)ལ་ཕོགས(ཕོག)སྟེ། ཆོས་ཞུ་འཕྲོ་ལ་སླེབ(སླེབས)མ་བྱུང་བས། ངོ་མཚར་ཞིང་རྒོད(དགོད)བྲོ་བར་བྱུང༌།

རྒྱལ་རྩེར་ཡང་ཕྱིན་ཅིང་། སྡོད་ས་ཟིལ་གནོན་གྱི་གཟིམས་ཁང་གསར་པ་དེར་བྱས། ཞལ་ངོ་རྣམས་སུ་ཚེ་བཀའ་སོགས་རྐྱེན་སེལ་མང་དག་དང༌། དབང་ཆ་གཅིག་ལ་བདེ་མཆོག་ལཱུ་ཡི་པའི་དབང༌། ས་དགེ་ཞ་ལུ་བ་སོགས་སྣ་ཚོགས་འདྲེས་པའི་བླ་མ་སློབ་དཔོན་དགེ་བཤེས་མང་དག་ལ། དཔལ་གསང་འདུས་རིམ་ལྔའི་ཁྲིད་མར་འགོས་གཉིས་ཀྱི་ལུགས་ཆ་ཚང་བ་དམིགས་པ་རྣམས་སྤུངས་ཀྱིན་བཤད།

ཡང་མར་ལམ་རྩེ་ཆེན་ཀླུ་སྡིངས་སུ་ཞག་གཅིག་བསྡད། འདི་དུས་རྩེ་ཆེན་དུ་སྔ་ཕྱི་གཉིས་ཅར་ལ་ཆོས་བདག་བཟང་རབ་བབས་ནས། ཆོས་སྡེའི་འཛིན་བདག་བྱེད་དགོས་ཚུལ་ནན་ཆགས་བྱེད། ཕྱིས་ཀྱི་རྟེན་འབྲེལ་འགའ་ལ་བསམས། ཁོང་རང་གི་མངོན་དུ་ཅུང་ཟད་ཙམ་ཁས་བླངས། དེ་རྗེས་སྐྱེ་མཁར་གྱི་ཆུ་ཚན་ཞག་ཤས་བསྟེན་པས་ལུས་ལ་ཡང་འཕྲོད་རབ་བྱུང༌།

འདོལ་བྱུང་དུ་སླེབ(སླེབས)དུས། འབྲང་ཕུ་ནས་ཨ་མ་ལགས་དཔོན་གཡོག་ཀྱང་ཕེབས་བྱུང༌། སྔ་སོར་རྩེ་ཆེན་དུ་སླེབ(སླེབས)དུས་ནས་འབྱོར་རྒྱས་པ་འབོད་མི་ལ་གནང་བ་ལྟར་རིམ་པས་བསམ་འགྲུབ་རྩེར་སླེབ(སླེབས)། ཡབ་སྲས་རྣམས་སུ་ཕྱག་ཆེན་གའུ་མའི་ཁྲིད་དང༌། དབང་རྗེས་གནང་མང་དག་ཕུལ། འདི་སྐབས་ཁྲོ་ཕུར་རྡིབ་བཅོམ་བྱུང་། འུ་ལག་པ་སུམ་ཅུ་སྐོར་ཤི་བའི་སྐབས་དེ་ཡིན།

ཧོར་ཟླ་བདུན་པའི་ཚེས་གཅིག་ལ་སླར་ཡང་ཁྲི་ཁང་དུ་སླེབ(སླེབས)། བཞེད་དགོངས་དང་མཐུན་པའི་ཆོས་ཐན་ཐུན་ཕུལ། མགོན་ཁང་གསར་པ་ལ་རབ་གནས་དང་། རྟེན་གཏོར་འཛུགས་པ་སོགས་བྱས་ཏེ། ཁང་པ་ཁ་ཕྱིར་བལྟས་བག་མ་ཕེབས་པོ་ཞིག་འདུག །

ཆོས་རྗེ་གནས་གསར་པ་ཡང་འཕྲད་དུ་ཕེབས་བྱུང༌། ཚེ་དབང་ཞིག་དགོས་གསུང་བ་ལྟར་བྱས། གནས་གསར་ནས་སྡེ་པའི་ཕྱག་ནས་དཔལ་དུས་ཀྱི་འཁོར་ལོའི་དཀྱིལ་ཐང་རྒྱ་གར་མ་དུས་ཞབས་པ་ཆུང་ངུའི་ཐུགས་དམ་རྟེན་ཡིན་ཟེར་བ། སྔོན་ཇོ་ནང་པ་རང་གི་ཡིན་ནམ་ཟེར། གང་ལྟར་རྗེ་སྒོ་རུམ་པས་རིན་པོ་ཆེ་མཁྱེན་བརྩེ་བ་ལ་གནང་བ་དེ། རྟ་ཆས་གསེར་ཆས་ཤིག་བྱུང་ན་ངེད་ལ་ཅིས་ཀྱང་སྟེར་བ་ཡིན་ཟེར་གྱིན་འདུག་པས། སྡེ་པ་ཀར་བསྟན་དྲུང་གི་དགོངས་རྫོགས་སྐབས་བྱུང་བའི་གསེར་ཆས་སྒ་འཁོར་ཚང་མ་དང་། རལ་གྲི་མགོ་ཤུབས་ལེགས་པ་དང་བཅས་པ། གཞན་ཡང་ཇ་གོས་དར་སོགས་བླུ་ཡོན་གྱིས་ཐུགས་ཚིམ་པར་བྱས་དེ(ཏེ)ཐང་ཀ་བླངས། ཁོང་རང་ཡང་ལྷག་པར་མགུ། ཞལ་བཞི་ཡོངས་རྫོགས་ཀྱི་བྲིས་ཐང་ཞིག་ཀྱང་རྟིང་ནས་བསྐུར་བྱུང༌།

དེ་ནས་སྣར་ཐང་གི་ཕུན་ཚོགས་གླིང་དུ་ཡུམ་སྲས་རྣམས་ཀྱི་གསུང་ནན་ཅན་བྱུང་བ་ལྟར་ཞག་བདུན་ཙམ་བསྡད། བྱང་ཆེན་དུ་ཞག་ཉི་ཤུ་སྐོར་བསྡད་ཅིང་། མཚམས་ཞག་བདུན་མ་ཞིག་གྲོལ་ནས། སྔར་མ་ཐོབ་པ་འགའ་ཤས་ལ་མི་འཁྲུགས་པའི་དབང༌། རྣལ་འབྱོར་མའི་བྱིན་རླབས། སྤྱི་ཁྱབ་ཏུ་ཐིག་ལེ་བཅུ་དྲུག་གི་དབང་སོགས་ཆོས་བཀའ་ཅི་རིགས་བྱས།

འདི་སྐབས་གནས་སྲིན་པོ་རི་ནས་དྲུང་ཡིག་བལ་རུ་བ་གནང་བའི་ཡར་ལམ་གནས་དང་ཁྲོ་ཕུར་ཡང་རབ་གནས་དགོས་ཚུལ་སོགས་ཕེབས་སྒོ་བྱུང་བ་ལ། གནས་སུ་ནི་དགོངས་བཞེད་ལྟར་ཡོང་བ་གཞིར་བཅས། ཁྲོ་ཕུར་འབྲུག་པའི་གྲྭ་ཚང་གསར་འདེབས་གནང་བ་ལ། ངེད་ཀྱི་རབ་གནས་དེ་རང་མཚལ(མཚང)རང་ལ་བྱས་བཙག་མིའི་དཔེར་ཡང་འགྲོ་ལས་ཆེ་ཞིང༌། ཁོང་བླ་མ་ཚོ་ཡང་མ་དགྱེས་པ་ཞིག་ཡོང༌། རབ་གནས་ལེགས་པའི་ཡོན་མཆོད་རྣམས་བཀྲ་ཤིས་པ་ཇི(ཅི)ཙམ་བྱུང་རུང༌། འབྲུག་པའི་ཐུགས་རྗེ་ཡིན་ཟེར་བ་གཅིག་ལས་མི་ཡོང༌། དེ་ལས་མ་བྱུང་ཡང་ཁྱད་མི་འདུག་སྟེ། ཅི་སྟེ་སྐུ་དོག་དང་བྱུར་ཆགས་ཐུག་པ་འདྲ་བྱུང་ན། ཐོག་མ(མར)རབ་གནས་བྱེད་མཁན་དེས་ཉེས་ཟེར་བ་གཅིག་ཡོང་བས། ཁྲོ་ཕུའི་རབ་གནས་ལ་ཅིས་ཀྱང་དགོངས་གྲོལ་དགོས་ཞེས་ཁ་གསལ་ནས་ཞུས།

དེ་མཐུན་གནས་སུ་ཁོར་ཙམ་འབྱོར་སྐབས། གཤེད་དམར་བཅུ་གསུམ་མའི་དབང་སོགས་དགོངས་བཞེད་ཀྱི་ཆོས་རྣམས་ཕུལ། ནུབ་རེ་བཞིན་སེར་བས་སྣ་དྲངས་པའི་དྲག་ཆར་ཡུན་རིང་བ(བར)འབབ་ཅིང༌། ནུབ་གཅིག་རྫོང་གི་འཁྲིས་སུ་ཐོག་བབས་པ་སོགས་ཕྱི་ནང་གི་ལྟས་ཐམས་ཅད་རྩུབ་ཙམ་བྱུང༌།

དེ་རྗེས་ཇོ་ནང་དུ་སྒྲུབ་སྡེ་རྣམས་བསོད་སྙོམས་ལ་མ་གྱེས་ཙམ་ལ་སླེབ(སླེབས)། ཞག་ཉི་ཤུ་སྐོར་ཞིག་བསྡད་པ་བབས་ནས། དོན་མེད་སོས་དལ་དུ་ལས་སེ་བ་གཅིག་བྱུང་ནའང༌། སྟོན་དུས་བཟང་ཞིག་རིག་པ་དྭངས་ལ་སྐྱིད་པར་བྱུང༌། བླ་བྲང་དམ་ཆོས་གླིང་གསར་དུ་བཏབ་པའི་འོག་ཐོག་ཐམས་ཅད་ཁེལ་བ་དང༌། བར་ཐོག་ཀྱང་ཅི་རིགས་ཁེལ་བ་ལ་རབ་གནས་ཀྱང་མདོར་བསྡུས་ཤིག་བྱས། ལས་ཀ་གྲུབ་ཆེ་ཞིང་། ཕྱི་ནང་དུ་འཚུབ་དང་ཉེས་སྐྱོན་གྱི་རྣམ་པ་ཡེ་མ་བྱུང་བའི་གཏང་རག་གི་ཚུལ་དུ་གཞོང་སྟོད་ཀྱི་དུར་ཁྲོད་དུ་གཏོར་མ་རྒྱ་ཆེ་བ་ཞིག་བཏང༌།

གྲུབ་ཐོབ་འདར་ཕྱར་གྱི་སྒྲུབ་ཕུག་སྟེང་འོག་གཉིས་ཀྱི་འོག་མ་བདག་མེད་མ་དང་། བདེ་མཆོག་སོགས་ཞལ་གཟིགས་ས་དང༌། སྟེང་མ་སློབ་དཔོན་པདྨ་དང་མཇལ་ས་ཡིན་པར་སྣང་ཞིང༌། འོག་མར་ཕྱིན་དུས་བྲག་གི་ཕུག་ནས་ཆུ་དྲི་བཟང་ཆེ་བ་ཞིག་གསར་དུ་བརྡོལ་བ་སོགས་ལྟས་མཚར་བ་ཅུང་ཟད་བྱུང༌། {ལྷ་བཟོ་བོད་མཁས་པས་བྲག་སྟོད་དུ་ཡང་སྐུ་འདྲ་སོགས་བཞེངས་པའི་བཟོ་བོ་བྱས།} ཇོ་ནང་སྐུ་འབུམ་ནང་གི་སྨན་སྐུ་ཆག་གྲུགས་བྱུང་བ་ལ་ཞིག་གསོས་བྱས་པ་ཕལ་ཆེར་འདི་སྐབས་གྲུབ། རྣམ་སྲས་ཀྱི་འཆམ་སྐུ་གཅིག་ཀྱང་བཞེངས། {གཞན་སྔ་ཕྱིར་བཟོར་མང་དུ་བྱས།}

སྔ་སོར་ལོ་འདིའི་དཔྱིད་སོས་ངམ་རིང་དུ་འགྲོ་རྩིས་ཀྱི་ཁོངས་ཡིན་ནའང༌། གཙང་ལ་འགྲོ་དགོས་སྟབས་ནས་མ་ཐུབ་པས། བསམ་སྡིངས་སུ་ཡོད་དུས་ནས་བཟུང་འཇད་ནས་ཁང་པ་འབོད་མི་ཅར་སྡོད་གནང་བ་ལྟར། འདི་སྐབས་ངམ་རིང་དུ་ཆས་པའི་ལམ་རྩད་སྐོར་དུ་དགོན་པ་གསར་འདེབས་ཀྱི་ས་ཆོག་དང་ཕྱོགས་གཏོར་སོགས་རྒྱས་པར་བྱས། ཕྱོགས་གཏོར་ཚོ་སྐྱེལ་ས་ནོར་བའི་ཟིང་ངེ་བ་གཅིག་བྱུང༌། ཕྱིས་ཡོན་བདག་འཕོ་བའི་ལྟས་སུ་གདའ།

རིམ་པའི་ངམ་རིང་དུ་འབྱོར། སྔོན་མ་རྒྱང་ཙམ་སྡོད་རྩིས་ཡོད་ནའང་། གཏིང་སྐྱེས་ལ་འགྲོ་དགོས་སྟབས་ནས། ཟླ་གཅིག་ལས་སྡོད་ལོང་མ་བྱུང༌། ད་བར་དུ་གཙོ་བོར་སྡེ་སྲིད་ཀྱི་བཞེད་དགོངས་དང༌། གཞན་བླ་མ་སློབ་དཔོན་སོགས་ཆོས་ཐོབ་དོན་གཉེར་དང་བཅས་པ་ལ་ཆོས་ནི་འཕེལ་བར་བྱུང༌། ས་གྲང་ཞིང་དགུན་ཉི་མ་ཐུང་བའི་དུས་ཡིན་ནའང་། ཆོས་ཐོབ་རྩི་བའི་རིགས་ལ་ཆོས་འགྲོ་ཡང་ཆེ་རབ་བྱུང༌།

དེ་ཡང་སྒྲུབ་ཐབས་རིན་ཆེན་འབྱུང་གནས་ཞེས་བྱ་བ་རང་རེས་བསྒྲིགས་པའི་གོ་རིམ་ཇི་ལྟ་བ་བཞིན་དུ་ནོར་ལྷའི་སྐོར་ཡན་ཆད་ཡོངས་སུ་རྫོགས་པ་ལ་རྗེས་གནང་གི་ངོ་བོ་ཉིས་བརྒྱ་ཙམ་ཡོད་པ་ཕལ་ཆེར་དང༌། དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་མོ་དང༌། ཕུར་བུ་ས་ལུགས་ཀྱི་དབང་དྲག་པོ་སྒྲོལ་དབང་དང་བཅས་པ། རས་ཆུང་ལུགས་ཀྱི་ཚེ་དཔག་མེད་ལྷ་མང༌། གཞན་ཡང་ཕྱག་རྡོར་སོགས་དབང་དང་ཁྲིད་ཀྱང་མང་དུ་བྱས། ཆགས་སྡང་སྣ་ཚོགས་ལ་བརྟེན་པའི་རྩུབ་ཟིང་ངེ་བ་ཟུར་རོང་ངེ་བ་ཡང་དགོས་པར་བྱུང༌།

གཏིང་སྐྱེས་ལ་མགྱོགས་པོ་འགྲོ་དགོས་ཡིན་ནའང༌། ཨ་མ་དྲུང་རྟེན་མཇལ་སོགས་གནང་དགོས་ཀྱི་ཁྱད་ནས། ཆོས་ལུང་དུ་ཡོང་དགོས་བྱུང་བའི་རྟེན་མཇལ་ཞི་རྒྱས་འབུལ་བ་དང༌། དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་དབང་དང་། ཚེ་དབང་སོགས་རྐྱེན་སེལ་གྱི་དབང་ཡང་མང་དུ་འབུལ་དགོས་སྟབས་ཆོས་ལུང་དུ་ཞག་བདུན་བསྡད་དགོས་བྱུང༌།

སྔ་སོར་བསྟན་འཛིན་རིན་པོ་ཆེས་གཞེས་སྤྱོད་མཛད་པའི་མི་སྡེ་གྲོང་རྣམས་ཕལ་ཆེར་སྐབས་འདིར་སྡེ་སྲིད་ལྕམ་སྲིང་སོ་སོ་ནས་ཆོས་ལུང་དུ་སྦྱོར་འཇགས་ཀྱི་རྩིས་སྤྲོད་གནང༌། གྲོང་པ་ཁ་ཤས་སྨོན་འགྲོ་ནས་ཁ་སྔ་བང་མགྱོགས་ཀྱིས་ཞུས་གྲུབ་ནས་གནང་མ་ཐུབ། མདོག་སྨོན་འགྲོ་བ་འདི་དང་པོ་རྗེ་བཙུན་གྲོལ་མཆོག་ཆོས་ལུང་དུ་ཐོག་མ(མར)ཕེབས་དུས། མཛེ་པོ་ཐར་པ་དང་མཇལ་བའི་རྟེན་འབྲེལ་ལས་ཆོས་ལུང་དུ་དམ་སེལ་ཆེན་པོ་ཡོང་བར་ལུང་བསྟན་མཛད་པ་རྣམ་ཐར་ན་ཡང་ཐེབས་པའི་དམ་སེལ་ཆེན་པོའི་མཚན་གཞི་དེ་སྨོན་འགྲོ་བ་ཁོ་ནར་གདའ། དང་པོ་རང་རྗེ་དམ་པའི་སྐུ་སྐྱེ་མང་པོར་ཉེ་གནས་སུ་གྱུར་པ། དགེ་སློང་དཔལ་འབྱོར་ལ་དཔོན་དྲུང་འཕན་ནེ་རང་གིས་དུག་སྦྱོར་བྱས། བདེན་མི་མང་པོའི་རྒྱུས་ཡོད་དཔང་པོ་ཅན་རང་ཡིན་འདུག །རྗེ་བླ་མས་དགོན་པའི་ཁུར་བཞེས་གནང་དགོས་རྒྱུ་ལ་ཡང༌། འཕན་གྱི་དུས་ཆོས་གསུང་རྒྱུ་ཡོད་ཙམ་མ་གཏོགས་ལར་མ་ཕུལ། ཁོང་འདས་རྗེས་ལོ་ལྔ་ཁུར་བཞེས་མཛད་པ་ལ་རྩེ་བ་རྣམས་རྦུད་པའི་དམ་འགལ་མངོན་གྱུར་རང་བྱས།

སྔ་མོ་ཁོང་ཚོས་གང་ཅིར་མི་རིགས་པ་བྱས་པ་ལ་གྲངས་མེད་པར་འདུག །ཕྱིས་ཀྱང་ངེད་ཚོར་གཞོབ་རྡོག་གནོན་རང་གང་ཤེས་བྱས་པ་དང་། བླ་མ་རིན་པོ་ཆེ་བྱམས་པའི་དྲུང་སྐུ་གཤེགས་པ་ལ་དར་འཕྱར་བྱེད་པ་སོགས་ཇི་སྙེད་ཅིག་ཡོད།

སྔོན་རྗེ་གྲོལ་མཆོག་གི་རྟེན་བཞེངས་སྐབས། ཕྱོགས་ཀྱི་དད་འབུལ་ལ་ཚད་བཟུང་དུ་མེད་སྐབས། དངུལ་སྡེ་ཡངས་གང་དང་། གསེར་གཡུ་དྲེའུ་རྒྱབ་མང་པོ་སྨོན་འགྲོ་རང་གིས་ཟོས་ཟེར་བའི་ཁ་སྐད་གྲགས་ཆེན་ཡོད་པ་ཡང་དོན་ལ་བབ་ངེས་ཡིན། རྗེས་སུའང་སྙན་དར་མཆོད་རྫས་དགོན་པའི་ཡོངས་འབབ་ཟ་ཁམ་ལུང་མེད་རྒྱུན་དུ་བྱས་པས། དང་བོ་ཁོ་རང་ཚོ་དགའ་ཚད་ཡོད་པ་ཡིན་ཀྱང་། དཀོར་ཟུག་ནས་ཕྱིས་ཁ་ལག་མཐིལ་ལ་ཐུག་པ་ཡིན། དགོན་པའི་སྒྲིག་བཤིག་པའི་ཡང་གཙོ་བོ་རང་དེ་ཁོང་ཚོ་ལགས་ནའང༌། ངེད་ཀྱི་ཆ་ནས་འཁོན་བསངས་བ་ཞིག་ཀ་བྱུང་ན་ལེགས་བསམ་པ་དང༌། ཆོས་ལུང་སྒྲུབ་པ་བ་འགའ་རེས་ནན་ཆགས་རེས་བྱས་པ་ལ་བརྟེན། ལུག་ལོ(ལོར)དཔོན་ས་ལ་བཤགས་པ་བླངས། རིམ་པས་དཔོན་དྲུང་ལ་ཡང་ལེན་རྩིས་ཡིན་ཀྱང་། བཤགས་པ་བྱེད་ཟེར་བ་ཁ་ཙམ་ཚིག་ཙམ་ཁོ་ན་ཡིན་པའི་རྟགས་ལོ་གཅིག་ཙམ་ཡང་ངང་སྲིང་མི་ཐུབ་པར། ཁ་དང་དོན་ཐམས་ཅད་ནས་མི་རིགས་པ་ཁོ་ན་བྱུང་བ་དང༌། སྤྱིར་ཁོང་ཚོ་མནའ་དམ་བཞག་དམ་ཚིག་ཐམས་ཅད་སྤངས། དུག་སྦྱོར་ངན་བྱེད་སླུས་མགོ་གཡོགས་སོགས་དྲན་ཚད་ལག་ཏུ་འགེལ་མཁན་དུ་གདའ་བས། འདི་སྐབས་ནས་སླར་ཡང་འབྲེལ་བ་སྤངས། དེ་སྔའི་བྱ་བྱེད་ལ་བརྟེན། རྗེ་བྱམས་པའི་མཚན་ཅན་སོགས་བླ་མ་གོང་མའི་དམ་ཚིག་བསྲུང་བ་ལ་ཡང་དེ་དངོས་ལེགས་པར་བྱུང༌།

དེ་ནས་རིམ་གྱིས་ཆས་དེ(ཏེ)ལམ་འགོར་གང་ཡང་མ་བྱས་པར་གཏིང་སྐྱེས་སུ་འབྱོར། ཁོང་ཚོ་ལ་དཔོན་མོ་ཕེབས་པའི་བགེགས་སྐྲོད་དང༌། ཐོག་མར་ཆོས་བཀའ་ཐན་ཐུན་ཅི་རིགས་ཕུལ། གམ་བར་ཡང་ཞག་བཅུ་སྐོར་ཞིག་སོང༌། གསང་འདུས་དང་ཀྱཻ་རྡོར་གྱི་དབང་དང་རྐྱེན་སེལ་མང་རབ་ཕུལ།

སླར་ཡང་གཏིང་སྐྱེས་ལ་རྒྱང་ཙམ་བསྡད། གསང་རི་རུ་སྡོད་གནས་ཀྱི་མཁར་ལས་བྱས་པ་ལ་ལྟ་བར་ཕྱིན། ཁང་བཀོད་བློ་དང་མཐུན་པ་ནི་ཡེ་མ་བྱུང་འདུག །ཞག་གསུམ་བསྡད་སྐབས་དུས་འཁོར་ཐུགས་དཀྱིལ་རས་བྲིས་ལ་བརྟེན་ནས། ཁང་བ་རབ་གནས་དང༌། རང་གི་གཡོག་རྣམས་ལ་ཆོས་སྣ་མི་གཅིག་པ་བཅུ་གསུམ་གྱི་འགོ་བཙུགས། ཉི་མ་རྟིང་མ་ལ་གཏིང་སྐྱེས་ནས་སྡེ་པ་ཡབ་སྲས་ཀྱང་ཕེབས། ཚེ་མདོའི་བཤད་པ་ཡོངས་རྫོགས་ཤིག་ཀྱང་བྱས། གཏིང་སྐྱེས་སུ་སྔ་ཕྱིར་མ་ཧཱ་མཱ་ཡ་དང༌། སམ་པུ་ཊིའི་དབང་དང་། རང་རེའི་བདེ་མཆོག་གི་བསྟོད་པའི་འགྲེལ་ཆེན་དང༌། མ་གཅིག་གི་གཅོད་ཁྲིད་ཚར་གཅིག་སོགས་ཆོས་འཕེལ་རབ་ཡང་བྱུང༌།

དེ་ནས་ཇོ་ནང་གི་དུས་ཆོས་ཀྱང་རན་པ་ལས་འཕྱིས་པ་ཙམ་དུ་སོང་བས། གཏིང་སྐྱེས་ནས་ཡོངས(ཡོང)བའི་ཉིན་རླུང་འཚུབ་ཆེ་སེ་བ་གཅིག་ལ། དེ་དགོངས(དགོང)གངས་བབས་པས་སང་ཉིན་ལུང་པ་ཐམས་ཅད་སྐྱ་ལམ་མེ་བ་བྱུང༌། བྱམས་གླིང་དགོན་པར་ཁྲོམ་དབང་ཞིག་ཀྱང་བྱས། དཔལ་རྩེ་ནས་སྔར་སྐུ་དྲུང་སྡིག་པོ་ཆེ་རང་ཡོད་དུས་འབྲེལ་ཆགས་དགའ་རབ་ཡོད་རུང༌། ཁོང་པ་འདས་ནས་ངོར་མཁན་དྲུང་གི་བསླབ་སྟོན་ལ་བརྟེན། དེ་ནས་འདིའི་བར་ལ་འབྲེལ་རྒྱུན་བཅད། ཐག་ཐུག་ཆུང་ཆུང་ཡང་ཡོང་བ་གཅིག་ཀ་བྱུང་སོང་ནའང༌། འདི་སྐབས་ནན་ཆགས་ཀྱིས་འབོད་མི་བྱུང་ནས། དཔལ་ལྡན་རྩེར་བཅག་མལ་ཞིག་བསྡད། གདོང་དགར་ཡང་ཞག་པོ་བཞི་པ་ཞིག་སྡོད་དགོས་བྱུང༌།

ཇོ་ནང་དུ་ཧོར་ཟླ་དང་པོའི་ཚེས་བཅུ་བཞི་ལ་སླེབ(སླེབས)། བཅོ་ལྔ་ནས་དུས་འཁྲིད་ཀྱང་འགོ་བཙུགས། ཛམ་ཐང་པའི་གྲྭ་བ་སོག་པོའི་བླ་མ་བྱེད་མཁན་སངས་རྒྱས་དཔལ་ཟེར་བ་ཁོང་དཔོན་སློབ་རྣམས་སླེབ(སླེབས)། ཁོང་པ་ལ་སོག་པོའི་རྒྱལ་པོ་ཞིག་གིས་རྙིང་པ་ཚོ་བཞིའི་བླ་མ་སོ་སོ་ལ་འབུལ་བ་བསྐུར་བ་ནི་མང་དག་ཡོད་པར་འདུག །གཞན་ཁོང་རང་རྣམས་ཀྱི་བློ་གཏད་ཇོ་ནང་རང་ལ་གཙོ་བོར་དད་མོས་ཀྱིས་ཞབས་ཏོག་བྱེད་པར་ཡོང་བ་ཡིན་འདུག་ཀྱང༌། དབུས་གཙང་དུ་སླེབ(སླེབས)ནས་མར་ཕྱོགས་ན་འབྲེལ་ཅུང་ཟད་ཡོད་པའི་ནཱ་ལེནྡྲ། རྩེ་གདོང༌། ངོར། རྟ་ནག་རྣམ་རྒྱལ་སོགས་ཁམས་དགོན་རྣམས་སུ་ཚོགས་གསོག་གི་རྙེད(བསྙེན)བཀུར་ཞུ་རུ་ཕྱིན་དུས་ཐམས་ཅད་མགྲིན་གཅིག་ཏུ་ཆོས་ཞུ་ས་དང༌། ཞབས་ཏོག་བྱེད་ས་ངེད་ཀྱི་འདི་ཁོ་ན་ཡིན། ཇོ་ནང་ནི་སྔོན་གྱི་སྐད་ཆ་ཙམ་མིན་པ་ད་ལྟ་སྟོང་པ་བཞིན་སོང་། སྐུ་འབུམ་གཅིག་ཡོད་ཀྱང་ཞབས་ཏོག་མེད། ཆོས་འཆད་མཁན་ཡང་མེད། བཙུན་མ་ཉུང་ཤས་ཤིག་སྡོད་མཁན་ཡོད་པ་དེ་ཀུན་ཡང་ལྟོ་མི་འབྱོར་བར་དཀའ་ཐུབ་ལ་སྙད་པའི་ཀར་གོང་ཟ་བ་ལས་མེད་ཟེར། ཁོང་ཚོའི་རྒྱུ་ནོར་ཕྲན་བུ་རྣམས་ལ་ཧམ་པའི་ཁ་བསླུས་འབའ་ཞིག་བརྗོད་འདུག་ཅིང༌། ཁོང་ཚོ་ཡང་དེ་བཞིན་བདེན་པ་ཡིན་འོང་སྙམ། ཁམས་ཕྱོགས་ན་ཇོ་ནང་པ་དང་འབྲེལ་མེད་ཀྱི་ས་ངེས་མེད་མང་པོ་ལ་རྙེད(བསྙེན)བཀུར་བྱས། ནོར་ཕལ་ཆེར་ཟད་པ་ན་གནས་ཚུལ་ཅུང་ཟད་རྩད་ཆོད་དེ། ཇོ་ནང་དུ་སླེབ(སླེབས)། བསྙེན་བཀུར་རྒྱ་ཆེར་མེད་ནའང་མང་ཇ་སྐོལ་བ་སོགས་མཆོག་ཏུ་དགའ་བས་བསྒྲུབས། དུས་ཀྱི་འཁོར་ལོའི་དབང་དགོས་ཟེར་བ་ལྟར་གཞི་བྱེས་སྔར་དུས་འཁོར་གྱི་དབང་མ་ཐོབ་པ་རྣམས་དང་ལྷན་ཅིག་དབང་བསྐུར་རྒྱས་པར་བསྒྲུབས། མགོན་པོ་ཆེ་ཆུང་གི་རྗེས་གནང་ཡང་བྱས། དབུས་གཙང་གི་གྲྭ་ས་མང་པོ་ཞིག་རྫུན་དང་ལྟོགས་ལ་ཆེ་བ་ལ་ངེས་ཤེས་རྙེད་དོ། །

འདི་སྐབས་གངས་ཆེན་པོ་རང་བབས། བྱང་ནས་ལྷུན་གྲུབ་སྤེལ་བ་ཀུན་དགའ་གནང་ནས་གཙང་པ་འདི་ལ་བྱུས་ཅི་འདྲ་ཡོང༌། ཞབས་དྲུང་རང་སོ་བདུན་པའི་སྐེག(ཀེག)ལ་དོག་གམ(དོགས་སམ)མི་དོག(དོགས)གསུང་བ་ལ། གཙང་གི་སྲིད་འདི་ནི་ད་དུང་གོང་འཕེལ་འགྲོ་ཤས་ཀ་འདུག །ཞབས་དྲུང་རང་སོ་བདུན་གྱི་སྐེག(ཀེག)ལ་ཅུང་གྲག །དེ་ལས་སོ་བརྒྱད་པ(པར)དོག(དོགས)། དེ་བས་ཀྱང་སོ་དགུ་པ(པར)ཆེས་དོག(དོགས)། དེ་ལས་ཐར་ན་རེ་ཤིག(ཞིག)ཡངས་ཏེ་དེ་ནི་སྐྱོན་ཆེ། བཟློག་ཐབས་དགེ་བ་རྒྱ་ཆེ་ཙམ་འདི་ལྟ་བུ་དགོས་ཟེར་བ་ཞུས་ཏེ། ཐུགས་མ་ཆེས་ཤིང་བཟློག་ཐབས་མ་མཛད་སོང༌།

དེ་རྗེས་ཧོར་ཟླ་གཉིས་པའི་ཚེས་ཉི་ཤུའི་ཉིན་ཆོས་གྲོལ་ཏེ། བླ་བྲང་གོང་དུ་ཕྱི་མཚམས་མེ་བྱས་ནས། དེ་ཁོག་ནས་སྐྱིད་ཕུག་ཏུ་ཕྱིན། མཚམས་དམ་པར་བསྡམས། དགེ་སྦྱོར་འཕེལ་ཞིང་སྐྱིད་པར་བྱུང༌། དགོན་གནས་ཡས་མར་སོ་སོ་ལ་བརྟེན་པའི་ཁམ(ཁ)མཆུ་སད་སུད་མང་པོ་དུས་གཅིག་ཏུ་ལངས་པ་ལྟ་བུ་ཞིག་བྱུང་ཀྱང(ཡང)བློ་ལ་གཡོ་མགུལ་སྤུ་ཙམ་ཡང་མེད།

ངམ་རིང་ནས་དྲང་སྲོང་བ་ལྷ་རི་རྩེ་བ། ཆུ་འོག་པ་སྟེ་མི་སྣ་གསུམ་སྦྲེལ་བྱོན། {ངེད་སྲ་ཅལ་དུ་གཟིགས་གདའ་བས}ཆ་རྒྱུས་ཆེ་ཆེ་མོ་དང་། གར་གར་མོ་དང་། ཚོད་ཆེ་ཆེ་མོ་དང་། འཇིགས་འཇིགས་མོ་སོགས{གསུང}ངེས་མེད་སྣ་ཚོགས་ཟེར་བ་ལ་རྩིས་གདབ་བྱེད་མཁན་ནི་ཡེ་མ་བྱུང་ངོ༌། །

སྤྱིར་ནི་སེམས་ཅན་གྱི་བདེ་སྐྱིད་སངས་རྒྱས་ཀྱི་བསྟན་པ་ལ་རག་ལས། དེ་ཡང་དགོན་གནས་དང་བཤད་སྒྲུབ་ཀྱི་སྡེ་འཕེལ་བ་ལ་རག་ལས་ཟེར་བ་འདི་བྱིས་པ་མདང་སྐྱེས་ཚུན་ཆད་ཀྱི་ཁ་ནས་ཏ་ཡོང་། སངས་རྒྱས་ཀྱི་བསྟན་པ་དར་བར་གྱུར་ཅིག །དཀོན་མཆོག་གི་དབུ་འཕང་མཐོ་བར་གྱུར་ཅིག་ཟེར་བའི་ཁ་ཙམ་ཚིག་ཙམ་གྱི་སྨོན་ལམ་དང༌། ཆོས་སྐྱོང་ལ་འཕྲིན་བཅོལ་འདི་སྐྱ་སེར་མཁས་རྨོངས་དགེ་བ་ལ་དཀར་མི་དཀར་ཐམས་ཅད་བྱེད་པར་གདའ། ལག་ཡོད་དུ་ནི་བློ་དང་ལྡན་པ་དང་། མཁས་སུ་རེ་བ་ཀུན་ཀྱང་བསྟན་པ་དར་བར་མི་འདོད་དེ། བཙུན་པ་བྱེད་མཁན་མང་བ་བས་དམག་ཁྲལ་རྒྱུག་མཁན་མང་བ་ལ་དགའ། དཀོན་མཆོག་གི་དབུ་འཕང་མཐོ་བར་མི་འདོད་དེ་ཆོས་པ་དབང་ཐང་ཆེ་བ་མི་འདོད། མི་ནག་པ་རང་ཤུགས་ཆེ་བ་འདོད། དཀོན་མཆོག་དབུ་འཕང་མཐོ་བ་ག་ལ་ཟེར་རམ་རྩད་གཅོད་དགོས། དགེ་བཤེས་ཀྱི་མིང་ཅན་ཕལ་ཆེ་བ་ཞིག་ལ་ཡང་འདི་ཀ་གདའ། བླ་མ་དང་སངས་རྒྱས་ལ་ཞེན་བྱས་པས་ཆོག་པའི་དོད་ཡུལ་དཔོན་རེ་ལ་མཛད། ཐོས་བསམ་སྒོམ་གསུམ་ལ་ཞེན་བྱས་པས་ཆོག་པའི་དོད་བསམ་ངན་དང་། སྦྱོར་རྩུབ་དང་། ཁ་ངན་རྣམས་ལ་མཛད། དགེ་འདུན་ལ་ཞེན་མཛད་པས་ཆོག་པའི་དོད་ཉེ་དུའམ་འབྲེལ་ཆགས་ཅན་མི་ནག་ཕོ་མོ་རྣམས་ལ་མཛད་པར་འདུག་གོ །

སྔོན་རྒྱལ་པོ་མྱ་ངན་མེད་ཀྱིས་རྒྱལ་སྲིད་དགེ་འདུན་ལ་ཕུལ་བ་དང༌། རྒྱལ་པོ་ཁྲི་རལ་པ་ཅན་གྱིས་བླ་སྒོ་དང་པོ་དགེ་འདུན་ལ་ཕུལ། གཉིས་པ་ནི་རྒྱལ་པོ། གསུམ་པ་ནི་བློན་པོ་ཞེས་གསུང་བ་ཡང་མི་རྒན་སྨྱོ་བ་རང་མིན་ཏེ་མཆི། དཀོན་མཆོག་གི་མངའ་ཐང་ནས་བཅད་དེ་སྐྱེ་བོ་ཕལ་པའི་ལྟོ་གོས་དང་། བུ་སྨད་ཀྱི་དོན་དུ་བསྒྱུར་བ་ལ་སེམས་ཅན་ལ་ཕན་བཏགས་པའི་མིང་ཡང་མེད་དེ། མཁས་རྨོངས་ཐམས་ཅད་ཀྱིས་མི་གོ་བར་གདའ། བོད་ཤེས་ལྡན་ཚོ་སེམས་ཅན་གྱི་དོན་གྱི་ངོས་འཛིན་མཐར་གཏུགས་ན་གྲོང་པའི་ལུང་གསོག་ལ་ངོས་འཛིན་མཛད་པ་འདི་རང་དེ་ཨེ་མི་ཡིན། ཧེ་ཧེ།

བླ་མ་འཕགས་པས་ཁྲི་སྐོར་བཅུ་གསུམ་ལས་ལ་བཀོལ་ནས་གཙུགས(གཙུག)ལག་ཁང་བཞེངས་དུས་ལས་མི་ཐམས་ཅད་ཀྱིས་སྐུར་པ་ཞུས། འཆི་སྨོན(འཕྱ་སྨོད)བཏབ་སྟེ། ཁོང་པའི་དེ་སྡིག་པའི་ལས་ཡེ་མིན། མ་འོས་པ་ཡང་མིན་ལས་ཆེ། ཆེན་པོ་བྱང་ཆུབ་རྒྱལ་མཚན་གྱི་ཡུལ་མི་ཁ་ལོག་དོགས་འཇིག་རྟེན་པའི་ཤིང་ར་ལ་ཤིང་གཅོད་མ་བྱས་པར། གཙུག་ལག་ཁང་རྙིང་པ་ཐམས་ཅད་བཤུས་ནས་རྫོང་ལ་བཀབ་པ་ལ་མ་འོས་ཟེར་ནས་ཁ་བཏང(གཏོང)མཁན་མ་བྱུང༌། འཇིག་རྟེན་མི་དམངས་རྣམས་སྨོན་པོ་བྱུང་སྟེ་ཁོང་པའི་དེ་ཆོས་ཡེ་མིན། རྒྱལ་ཁམས་ཐམས་ཅད་དམྱལ་བར་བཏང་བ་ཡིན། ད་ལྟ་དཔེར་ན་དགེ་ལས་ཀྱི་ཕྱིར་དུ་གྲོང་པ་རེ་ལ་ནས་བྲེ་རེ་བསྡུས་ཀྱང་བློས་མི་ལོངས་སྡུག་སྐད་འདོན་ཏེ། དེ་བས་ལྷག་པའི་ལོངས་སྤྱོད་ཐམས་ཅད་བསྡུས་ནས་དགེ་བ་ལ་སྦྱར་ན་ཡང་སྡིག་པ་མེད་ཀྱི་སྟེང་དུ་ཕན་ཡོན་ཆེས་འཕེལ་བ་ལགས།

གླེགས་བམ་གསེར་མ་བཞུ་ནས་གསེར་བྱས། གསེར་སྐུ་རྫོགས་ནས་ཟངས་སུ་བྱས། དངུལ་སྐུ་རྟིབ་ནས་ཇ་ཉོས། གསེར་ཀོང་བཤིག(བཤིགས)ནས་སྤྱི་ཁབ་འཚོ། དེ་ཚོ་གྲོང་པའི་སྐྱེ་བོ་བླུན་པོ་རྣམས་ལ་བྱིན་ནམ། ཐ་ན་འཚོང་དུ་ཕྱིན་ཀྱང་འཛུམ་མུ(མུལ)ལེ་དགའ་ནས་ཡོང་སྟེ། དེ་ལ་དགེ་བ་ཡེ་མེད་ཀྱི་སྟེང་དུ་རང་གཞན་ཚང་མ་དམྱལ་རྒྱུ་ཟངས་མའི་སྡིག་པ་ལ་སྦྱར་བར་མི་གདའ་འམ། འོན་ཀྱང་ཁོ་བོ་ཅག་ཚེ་འདི་པ་ཡིན་པས་དེ་འདྲ་བློར་མི་ཆུད་སྙམ་ན། བླུན་པོ་བླུན་ནག་ཚོ་ཅིས་ཀྱང་བདེན་མོད་མཁས་པ་དང་དཔྱོད་ལྡན་གྱི་ང་རྒྱལ་མ་བྱེད་ཅིག །

ལར་བཙུན་པ་འདི་ཚོ་ཡང༌། ཁོག་དེ་འདྲ་བྱེད་མཁན་ཚོ་ལ་དགའ་བ་ལ། འཕྲལ་ཉམས་སྣང་མེད་པ་འདྲ་བ་གཅིག་འདུག །ཁོ་བོ་ནི་སྔོན་རང་ཉིད་ཞི་བདེ་དོན་གཉེར་དང་། འཛིན་ཆགས་སྤངས་པའི་བྱ་བྲལ་ལ་སྨོན། གཞན་གྱི་སྡིག་རྐྱེན་དུ་སོང་དོགས་འཛེམ་བག་ལྷུར་བྱེད་པ་ཞིག་ཡིན་ནའང༌། རང་ཉིད་གཅིག་པུ་ཕར་སྐྱོང་དགོས་མེད། ཚུར་འཁུར་དགོས་མེད་ན། དེ་བཞིན་རང་ལེགས་པར་གདའ་ཡང༌། བྱ་བ་ལས་ཀྱི་འཁོར་ལོ་ལ་བརྟེན་ཏེ། བསྟན་པའི་ཁུར་འཁུར་དགོས་ཕྱིན། འོས་པ་དང༌། མི་འོས་པ་རང་གི་རིག་པས་དཔྱད་ནས། འོས་པའི་ལས་ལ་ཚམ་ཚོམ་མེད་པར་འཇུག་པ་ལས། གཞན་མ་དགའི་དོགས་པའམ། ཁ་ཟེར་དུ་དོགས་པའི་རྩིས་བཏབ་མ་བྱས། ཇི་སྐད་དུ། སྡུག་བསྔལ་ཡིན་ཡང་གང་ཕན་དང༌། །ཕན་དང་བདེ་བ་རྣམས་བྱ་སྟེ། །བདེ་ཡང་མི་ཕན་མི་བྱའོ། །ཞེས་གསུངས་པ་ལྟར་ཐེག་ཆེན་གྱི་ལམ་གནད་ནས་ནི་མི་འཆུགས། གཞན་ངོར་རྩུབ་ཟེང་ངེ་འཇུག་པ་འདི་འགྲོ་དོན་བྱེད་ལུགས་ཀྱི་འཇུག་སྒོ་གཅིག་ཏུ་གདའ།

རྒྱུད་རྣམས་ལས་ཀྱང༌། མཆོད་ཕྱིར་མི་ཡི་བདག་པོ་དང༌། །ཕྱུག་པོ་རྣམས་ཀྱི་ནོར་འཕྲོག་གོ །ཞེས་པ་དང༌། རྡོ་རྗེ་གསང་བ་འདི་ལྟ་བུས། །སེམས་ཅན་ཐམས་ཅད་བསད་ན་ནི། །མི་བསྐྱོད་སངས་རྒྱས་ཞིང་དག་ཏུ། །རྒྱལ་བའི་སྲས་སུ་སྐྱེ་བར་འགྱུར། །ཞེས་གསུངས་མི་གདའ་འམ། ཕཊ། དེ་ཙམ་སྟོང་ཤོབ་ལ་ལགས་ཏེ། ཐུགས་ལ་མི་འཐད་ན་བཟོད་པ་བཞེས་པར་ཞུ། བཟོད་པ་མཛད་ན་མཛད་མཁན་རང་ལ་དགའ། ངེད་ལ་ནི་བཟོད་པ་བྱས་མ་བྱས་ལ་ཁྱད་མེད་དོ། །

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།