Tibetan Web Featured

༄༅། །རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་བདག་ཉིད་ཀྱི་རྣམ་ཐར་ངེས་པར་བརྗོད་པའི་དེབ་གཏེར་ཤིན་ཏུ་ཞིབ་མོ{སྒྲོ་སྐུར་ཀུན་སྤངས། གནས་ཚུལ་ཀུན་གསལ།}མ་བཅོས་ལྷུག་པའི་རྟོགས་བརྗོད་ཅེས་བྱ་བ་བཞུགས་སོ། །

ཉེར་ལྔ་པ།

མཛད་པ་པོ། རྗེ་བཙུན་ཏཱ་ར་ནཱ་ཐ།

ཧོར་ཟླ་གསུམ་པའི་ཚེས་བཅུ་གསུམ་ལ་ལུང་ག་ཤིང་སོགས་རྟེན་བཞེངས་བྱེད་མིའི་བལ་པོ་རྣམས་ཀྱང་འབྱོར། མི་རིང་བར་བཟོ་གྲྭ་ཚུགས། མཁར་ལས་ཀྱང་ཐམས་ཅད་ལ་བར་ཐོག་ཁེལ་ཞིང༌། ལྷ་ཁང་གི་ཐོག་ཀྱང་ཁེལ་བའི་སྐབས། ས་ག་ཟླ་བའི་ཚེས་བཅོ་ལྔ་ལ་སྔ་དྲོ་མཚམས་སེངས་ཏེ། བགེགས་མི་འཇུག་པའི་བྱིན་རླབས་ཙམ་བྱས། དེ་ནུབ་ནས་ཀ་བླ་བྲང་གོང་དུ་མཚམས་བསྡམས། ཟླ་གཅིག་ཙམ་སོང་སྐབས་རྒྱལ་ཁམས་གྱི(ཀྱི)འགྱུར་ཟློག(ལྡོག)ཆེན་པོ་གཅིག་འཕྲལ་དུ་ཡོང་བའི་ལྟས་བྱུང་ནས། ཆོས་དང་དགེ་བ་ལ་མི་འཁོད་པ་མཉམ་པོ་ལ། རང་རེ་ལ་ནི་རྒྱལ་ཁམས་ལྷ་སྦྱིན་གྱི་ཁ་ལ་བསྟབ་པ་དང༌། མཆོད་སྦྱིན་གྱི་ཁ་ལ་བསྟབ་པ་ལ་ཁྱད་མེད། ཞེ་སུན་པ་དང་མགོ་ན་བ་གང་ནས་ཡོང་མི་ཤེས་པས། མཚམས་ཤིན་ཏུ་དམ་པ་ཞིག་བྱེད་དགོས་སྙམ།

ཧོར་ཟླ་དྲུག་པའི་ཚེས་བཅུ་བཞི་ལ་ཤུག་པ་གནམ་འཕྱང་དུ་མཚམས་དམ་པོར་བསྡམས། དེ་ཁའི་ཚེས་བཅུ་དྲུག་ལ་ལྷུན་པོ་རྩེ་པའི་འགྱུར་ཟློག(ལྡོག)དེ་བྱུང་བར་གདའ། སྔ་ལོ་ཁྲོ་ཕུའི་རྡིག་བཅོམ་གྱི་ལོ་དུས་ཡིན། དེ་ནས་འགྱུར་ཟློག(ལྡོག)ཆེན་པོ་ཚོ་མུ་ལ་བྱུང་བ་དེ་ལགས། དེ་ནས་ཀྱང་མཚམས་དམ་པོར་བསྡམས་པས་དགེ་སྦྱོར་འཕེལ་བར་བྱུང༌། གསལ་སྣང་གི་རིམ་པ་ཡང་ཆེས་ཆེར་མཆེད་པའི་རེ་འགའ་རྒྱ་ཆེ། རབ་བྱུང་ནའང་འདིར་མི་འབྲི། ར་སའི་སྐོས་རུ་རྣམས་སྐྱབས་འཚོལ་བའི་ཕྱིར་ཇོ་ནང་གི་ཕུ་རུ་སླེབ(བསླེབས)། དེ་ལ་ཇ་སྦྱོར་ལ་ཡང་སྔ་ཕྱི་ཡོད་པ་ཙམ་དུ་ལྷ་རྩེ་གཉེར་ཁང་ནས་གཙེར་རྩོད་བྱེད་པ་དང༌། འབྲོག་པ་རྣམས་སོང་བསྟུན་གསེར་མ་ནས་རང་གི་འབྲི་གཡག་རྣམས་སྤྱི་མཆོད་དུ་བྲོས་པའི་དགོས་པར་འདུག་པས། ཁོང་པ་རང་གི་ཕྱག་ཏུ་ཐེངས་ན་བསམ་ནས་ཇོ་ནང་དུ་བསྡད་པ་ལ་ཡང་བསྐོར་རྒྱག་ཙབ་ཙོབ་མང་པོ་བྱུང་སྟེ། ཕྱིས་གསེར་མ་ནས་རང་གི་ཕྱག་ཏུ་འཕྲོད་པ་བྱས།

དེ་སྐབས་བཅུ་པ་བ་རྣམས་བར་སྐབས་འདི་ལ་ཇོ་ནང་པས་དར་འཛུགས་བྱས་པའི་ཆོས་གཞིས་སུ་རྩིས་ལེན་པར་ཤོག་ཟེར་བ་ལན་མང་དུ་བྱུང་ནའང༌། གནས་སྐབས་འདི་རིགས་ཀྱིས་ཆས་དགོས་པ་ཅི་ཡང་མེད་སྙམ་ཐག་བཅད་པས་རང་རེ་བརླིང་པོ་བྱུང༌། དེ་སྐོར་ལ་དར་འཛུགས་པ་བཞི་ལྔ་བྱུང་གདའ་ནའང་ཐོག་ཏུ་ཁེལ་བ་གཅིག་ཀྱང་མ་བྱུང༌། འདི་དག་ཏུ་སྔ་ཕྱིར་བྱང་ནས་སྡེ་སྲིད་ཀྱིས་ནས་ཁལ་སྟོང་ཕྲག་གཅིག་རྟེན་བཞེངས་ཀྱི་ཆ་རྐྱེན་ཏུ(དུ)གནང༌།

དེ་རྗེས་རྒྱང་ཙམ་སོང་བ་ན། བསམ་འགྲུབ་རྩེ་ནས་ནན་ཆགས་འབོད་མི་གནང་བའི་སྡེ་པ་མཐུ་སྟོབས་དྲུང་སྐུ་ལྟེམ་ནས་ཡུན་རིང་རབ་སོང་བ་ཕྱིར་ལོད་དུ་གྱུར་པ་ཞིག་འདུག་པས། སླར་སྐུ་འཚོ་མི་འཚོ་ཇི་ལྟར་བྱུང་ཡང་གལ་ཆེ་སྐབས་རང་དུ་འདུག་པས་ཡོང་དགོས་ཞེས་ཡབ་སྲས་གཉིས་ཅར་གྱིས་ནན་ཆགས་གནང་བྱུང་བས། ཧོར་ཟླ་བརྒྱད་པའི་ཚེས་བཅུ་ལ་ཇོ་ནང་ནས་བཏེག(བཏེགས)། སྲད་བཀོད་དུ་བསྡད་པའི་ནུབ་གནམ་གཤིས་འཚུབ་པ་སོགས་ཕྱི་ནང་གི་ལྟས་རྩུབ་པ་ཙམ་བྱུང༌། རྩེ་རུ་སླེབ་དུས་མཐུ་སྟོབས་དྲུང་སྐུ་ཤིན་ཏུ་ལྟེམ་པ་རང་འདུག །དབང་རྗེས་གནང་སོགས་ཕུལ་བས། བར་སྐབས་ཞག་ཤས་ཤིག་ཐུགས་རིག་དྭངས་པ་ཙམ་བྱུང་ནའང༌། སྐུ་ཟུངས་ནི་ཉིན་རེ་བཞིན་བྲི་འགྲོ་བ་དེ་ཁར་གདའ། ཉེར་ལྔ་ནས་གཟུང(བཟུང)ལྷག་པར་ཡང་འབྱུང་བ་སྡུད་པའི་ཚུལ་འདུག་ཅིང༌། གནམ་གང་གི་ཐོར་འགོ་ལྟས་པ་ཙམ་ལ་སྐུ་མ་འཚོ་སོང༌།

འདི་སྐབས་སྒྲུབ་གྲྭ་ཆེན་པོ་འཇག་ཏུ་ཆོས་རྗེ་སྡིངས་ཁ་སྐུ་སྐྱེ་གདན་སར་བསྐོ་བཞག་བྱས། ཡོལ་ཐང་ལེགས་པ་གཅིག་དང་ཚོགས་ཁྲོ་དགའ་བ་གཅིག་སྤྱི་རྫས་སུ་ཕུལ། འདི་ནས་བཟུང་ལེགས་ལམ་ཡང་གོང་འཕེལ་དུ་ཤར་རོ། །སྡེ་པ་མཐུ་སྟོབས་རྣམ་རྒྱལ་དེ་ཉིད་བཞུགས་དུས་ཀྱང་སྐུ་སྒྲིབ་སྦྱང་བའི་ཐབས་དབང་བྱིན་རླབས་དང་། གཤེགས་སྐབས་ཀྱང་འཕོ་བ་དམིགས་གཏད་སོགས་དང་། དེ་རྗེས་ཀྱང་སྐུ་ཚིགས་གྲོལ་གྱི་བར་ཉིན་རེ་བཞིན་མི་འཁྲུགས་པའི་ཆོ་ག་ཚར་རེ་བཟླས་པ་མང་རབ་དང་བཅས་པ་རེ་དང་། མཚན་བྱང་བཞུ་བ་སོགས་ཐམས་ཅད་བྱེད་དགོས་བྱུང་ཞིང་། བདུན་ཚིགས་ཀྱི་མཚམས་སུ་རྨི་ལམ་ལྟ་བུའི་གསལ་སྣང་དུ་ངེས་པར་ཡོང་ཞིང༌། བསྙུང་གཞི་སོགས་རིམ་པས་དྭངས་པ་དང་། ན་བཟའ་ཆོས་གོས་སོགས་ཀྱང་ཇེ་བཟང་ཇེ་བཟང་དུ་འགྲོ་བ་སོགས་རང་རེས་གཤིན་དོན་གྱི་ཆོ་ག་བྱེད་དགོས་གཅིག་ལ་འདི་རང་ལྟས་བཟང་བར་བྱུང༌། སྔ་གོང་ནི་ཡོན་མཆོད་ཀྱི་འབྲེལ་པ་དང་ཐུགས་མོས་ཀྱང་དཀྱུས་འགྲོ་ཙམ་ཀ་ཡིན་ན། རྟིང་ལ་མོས་གུས་ཀྱི་ལྷག་བསམ་ཅུང་ཟད་དག་ཏུ་འགྲོ་བ་ཙམ་ནི་བྱུང༌། དེ་མིན་གཞན་རང་མེད་ནའང་འགྲོངས་ཁའི་མཚམས་སྦྱོར་དང་སྔོན་གྱི་ལས་འབྲེལ་ཞིག་ཀྱང་ཡིན་པ་འདྲའོ། །

འདི་སྐབས་ཀྱང་བསྟན་པ་རིས་མེད་ཀྱི་ཆོག་གྲྭ་མཛད་ཅིང་། ཀར་བསྟན་དྲུང་གི་དགོངས་རྫོགས་ལས་ཀྱང་འདི་རྒྱ་ཆེ་ཞིང་དམིགས་སུ་འགྲོ་བ་དང༌། རྟིང་གི་མཚམས་གཅོད་ཚུན་འཕྲལ་གྱི་རྟེན་འབྲེལ་ཀྱང(ཡང)ལེགས་པར་བྱུང༌། བསྟན་པ་སྒོ་ཐམས་ཅད་ནས་མཆོད་པས་ཆབ་སྲིད་གོང་འཕེལ་དུ་རྒྱས་པའི་རྒྱུར་སོང༌། དགོངས་རྫོགས་འདི་སྐབས་ངོར་མཁན་དྲུང་ཤར་ཆེན་ཀུན་བཀྲས་པ་བྱོན་པའི་ནུབ་གཅིག་རྐང་དུང་རང་ཡང་བཞི་ཙམ་སྡེབས་ལ་འབུད་སྐང་གསོ། རོལ་མོ་འུར་དིང་རང་བཏང་བ་ལ་ནང་ཟན་རྣམས་ཀྱི་ཁ་བཏང་བས་སང་དགོངས(དགོང)ནས་བཞག །དབུས་གཙང་ཁམས་གསུམ་གཤེགས་པ་ཡིན་ཟེར་ཏེ་གདགས་པ་མ་ཆགས་པ་རང་འདུག་གོ །

འདིའི་རིང་ལ་གཙང་པའི་སྡེ་སྲིད་ཞབས་དྲུང་ནི་བླ་མ་ལ་ཆོས་ཞུ་བ་ལ་རྟོག་དཔྱད་མི་དགོས་པ་འདུག་ཕེབས་པ་ལྟར། སྔ་ཕྱིར་བདེ་མཆོག་དྲིལ་བུ་ལུས་དཀྱིལ་ཟངས་གྲི་ཅན་ལྷ་བཅུ་བདུན་མའི་དབང་སོགས་དབང་རྗེས་གནང་རྣམ་གྲངས་མང་བར་འབུལ་དགོས་བྱུང༌། ཇོ་ནང་གི་རྟེན་བཞེངས་ལ་གསེར་ཞོ་ཉིས་བརྒྱ་སྐོར་གནང༌། ཕར་ཆེད་ཀྱིས་ཞུས་པ་མིན་པ་ལ་དགོངས་པས་དཔྱད་པའི་དབུས་ཀྱི་སྦུ་སྡེ་ལྷ་རྒྱལ་གླིང་ཡོང་སྒོ་དང་གཡོག་རིས་སོགས་ཐམས་ཅད་རྩིས་སྤྲོད་གནང༌། ཞེ་དགུའི་ཚོགས་པ་རྣམས་ཀྱིས་ནས་དགོངས(དགོང)ཕྱོགས་རྩེ་ནས་ཐོན་ནས་སྣར་ཐང་གི་ཐད་ནས་མུན་སྲོས། རིན་ཆེན་གླིང་དུ་སྲོད་ལ་སླེབ་ཙམ་བྱུང༌།

སང་སྔ་བར་བྱང་ཆེན་དུ་ཕྱིན། ཞག་གསུམ་བསྡད། སྣར་ཐང་ནས་དཔོན་ས་ཡུམ་སྲས་གསུམ་ཀྱང(ཡང)ཕེབས། ཆོས་བཀའ་སད་སུད་འདྲ་ཕུལ། སླར་ཡང་འགོར་མེད་དུ་རི་ཁྲོད་ཆེན་པོར་སླེབ(བསླེབས)། བལ་པོ་རྣམས་ཀྱི་བཟོ་ཡང་ཐམས་ཅད་གྲུབ་མཚམས་ཡིན་ཞིང༌། སླེབ(བསླེབས)པའི་གནངས་ཉིན་ནས་གཟུངས་གཞུགས(གཞུག)སོགས་ཀྱི་འགོ་བརྩམས། དེ་བཞིན་གཤེགས་པའི་རིང་བསྲེལ་ནས་གནོད་སྦྱིན་འཁོར་ལོའི་བར་གཟུགས་རིལ་བྱིན་རླབས་རྟེན་སྐུ་གསུང་ཐུགས་ཀྱི་རྟེན་བྱིན་རླབས་ཅན་དང་བཅས་པ་རྣམས་མ་འཁྲུགས་པར་བཞུགས་སུ་གསོལ།

ཧོར་ཟླ་བཅུ་པའི་ཚེས་ལྔ་གཟའ་སྐར་བཟང་བ་ལ་རབ་གནས་ཀྱི་སྟ་གོན་བྱས། དེ་རྗེས་རིམ་པ་བཞིན་སྔ་དྲོ་ཆོ་ག་སྔ་མའི་དངོས་གཞི་རེ་དང༌། དགོང་མོ་ནང་པར་དང་འབྲེལ་བའི་སྟ་གོན་རེ་བྱས་ནས། འཁོར་ལོ་ཆེན་པོ་གཤིན་རྗེ་གཤེད་གསང་འདུས། ཀྱཻ་རྡོར། བདེ་མཆོག །དུས་འཁོར་ཐུགས་དཀྱིལ་རྣམས་ལ་བརྟེན་ནས། རབ་གནས་རྒྱས་པ་ཚར་དྲུག་དེ་སྐབས་བྱས་ཤིང༌། ས་རྒྱན་གནམ་རྒྱན་མཆོད་རྫས་སོགས་ཀྱང་རྒྱས་པར་གྲ་འགྲིག །དངོས་གཞི་ཆེན་མོ་དེ་ཚེས་བཅུ་གཅིག་གཟའ་སྐར་དགེ་བྱའི་སྔ་དྲོའི་ཆ་ལ་ཤིས་བརྗོད་ཡན་ཆད་ཚང་བར་བྱས།

ཇོ་ནང་གཞིར་བཞུགས་དང་དགོན་ལག་སོ་སོ་རྣམས་ཀྱི་ཆོག་གྲྭ་ཡང་ཆེ་རབ་མཛད་ཅིང༌། སོ་སོར་འཇམ། མང་ཇ། ཚྭ་ར། བུར་སྟོན། ཕྱེ་མར་འགྱེད་པ། སྐམ་འགྱེད། ནས་འགྱེད་སོགས་གང་བཟང་གི་ལུགས་སུ་བསྒྲུབས། དགེ་འདུན་སོ་སོ་རྣམས་དང་ཆོས་གཞིས་སོགས་མི་སྐྱ་འདུས་པ་རྣམས་ཀྱང་ལེགས་པར་ཚིམ། ཡུལ་ཆོས་དང་མཐུན་པའི་བྱང་ཞབས་དྲུང་གི་བཀའ་བཀོད་དང་བསྟུན་ལྷ་རྩེ་ནས་དཔལ་པོ་བཙུགས།

རབ་གནས་གྲོལ་མཚམས་ཀྱི་ཉིན་མོ་དགའ་སྟོན་རྒྱ་ཆེན་པོའི་དུས། བྱང་ནས་སྡེ་སྲིད་ཉིད་ཀྱང་ཕེབས། སྐུ་འབུམ་ཐང་དུ་བཟོ་བོ་སོགས་གཞི་བྱེས་ཀུན་འདུས་ཀྱི་བཞུགས་གྲལ་ཐོག་ཏུ་བཟོ་བོ་རྣམས་ལ་ཡོན་རྫོངས། ཁ་ཏི་དང་ཇུས་འདྲེས་པ་ཡུག་སྒྲིལ་མ་བཅུ། ཇ་མངར་ཧང་དང་དཔེ་ཡག་ས་ནག{དཔེ་ཡག་ནག}རྩེ་འདྲེས་པ་སིགས་བཅུ། གསེར་སྲང་བཞི་སོགས་ཡོངས་བསྒྲིལ་ནོར་སྣ་མང་རབ་ཡོད། བྱམས་པའི་སྐུ་ལ་གསེར་ཞོ་ལྔ་བརྒྱ་ལྷག་གཅིག་སོང་བ། དེ་བས་གསེར་སྲང་བཞི་ལྔ་ཙམ་གྱི་རིན་ཐང་ལྷག་པའི་རྩིས་སུ་བཅད། བཟོ་རས་དང་གོས་བཟས་ཆ་ཚང་སོགས་ལ་རྩིས་བཏབ་མེད།

སྤྱིར་རྒྱལ་བའི་སྐུ་བཞེངས་པའི་ཡོན་ལ་ཚད་མེད་ཀྱང༌། ཡུལ་དང་དུས་དང་སྐྱེ་བོ་རྣམས་ཀྱི་ལོངས་སྤྱོད་ཆེ་ཆུང་དང་མིག་ལྟོས་སོགས་དང་བསྟུན་པས། ཆོས་ནས་བཤད་པ་བཞིན་འགྲུབ་དཀའ་བ་གདའ་ནའང༌། དེང་སང་ལ་བལྟོས་པའི་ལེགས་རབ་གྲུབ་པས་ཁོ་ཚོ་ཡང་མགུ་བར་གྱུར། དགའ་སྟོན་གྲུབ་མཚམས་སྡེ་པའི་དཔལ་པོ་དེ་འགྱེད་པའི་སྐབས། རླུང་འཚུབ་ཤིན་ཏུ་ཆེ་བ་གློ་བུར་དུ་ལངས། ཅུང་ཟད་འཚུབ་པའི་རྣམ་པ་བྱུང༌། བསམ་གྲུབ་རྩེ་མདོལ་བྱུང་གཏིང་སྐྱེས་སོགས་འབྲེལ་ཅན་ཆེ་ཕྲ་ཕལ་ཆེར་གྱིས་ཀྱང་དགའ་སྟོན་ཆེ་འབྱོར་ཆུང་འབྱོར་མང་དུ་བྱུང་ཞིང༌། སྡེ་སྲིད་དཔོན་གཡོག་གིས་ཀྱང་ཞག་དྲུག་བཞུགས། འདི་དུས་བརྡའ་གཏོང་སོགས་ཙབ་ཙོབ་ཡེ་མ་བྱས་ཀྱང་སྐྱེ་བོ་མང་པོ་དུས་གཅིག་ཏུ་འདུས་པ་སོགས་ཕྱི་རྟགས་ཀྱང་རྟེན་འབྲེལ་ལེགས་པར་བྱུང༌།

དེ་ནས{བླ་བྲང་གི་ཀ་དྲུག་མར}སྡེ་སྲིད་དང་དགེ་བཤེས་འགའ་ལ་གསང་འདུས་འཇིག་རྟེན་དབང་ཕྱུག་གི་དབང་སོགས་ཆོས་བཀའ་ཡང་འགའ་ཤས་བྱས། ངེས་དོན་གྱི་བསྟན་པ་ལ་ཕན་པའི་ཆོས་གཞིས་མཆོད་ཐེས་ཤིག་གནང་བའི་ཞལ་བཞེས་ཀྱང་གནང༌།

དེ་རྗེས་སྒྲུབ་སྡེ་རྣམས་ལ་སྐུ་འབུམ་ཐང་གི་ཆོས་ཁྲི་ནས། དཔལ་ལྡན་ཨ་ཏི་ཤའི་ཐུགས་ཀྱི་ཉིང་ཁུ་ཐེག་མཆོག་ལམ་རིམ་རྒྱས་པ་བཤད། བྱང་ས་ཆེན་མོའི་ལུང་ཞིག་ཀྱང་བྱས། བྱམས་པའི་སྐུ་གཟུགས་ལྷ་ཁང་དང་བཅས་པ་ལ་སྔ་སོར་རབ་གནས་ལན་དྲུག །ཧོར་ཟླ་བཅུ་གཅིག་པའི་ཡར་ཚེས་བཟང་བ་ཞིག་ལ་སླར་ཡང་རབ་གནས་གཅིག་སྟེ། ཀུན་དྲིལ་རབ་གནས་ལན་བདུན་བྱས་པ་ལ། སློབ་དཔོན་འཇིགས་མེད་འབྱུང་གནས་ཀྱི་གཞུང་བཞིན་དུ་ཚར་ལྔ། དོན་གསལ་གྱི་ལུགས་གཅིག །དུས་འཁོར་ལུགས་གཅིག་རྣམས་བྱས།

ཡར་ལུང་ནས་སློབ་བུ་དམ་ཚིག་ཅན་ཆོས་རྗེ་བྱམས་རིན་པ་གཤེགས་པའི་བསྔོ་རྟེན་སྐྱེལ་བ་དང༌། བྱང་སྟག་ལུང་ནས་དཔོན་སྐུ་རྫི་འདས་པའི་མང་ཇ་བསྔོ་རྟེན་སྐྱེལ་མཁན་ཡང་བྱུང༌། དེ་རྗེས་དུས་ཆོས་ཀྱི་ཁྲིད་ཀྱང་སྔར་ལུགས་བཞིན་དུ་བསྒྲུབས། གཏིང་སྐྱེས་ནས་ལྕམ་ཆོས་འབུམ་ལགས་ཀྱང{དབྱར་གུང་ནས་ཕེབས། གེགས་སེལ་ཕྲན་བུ་ཉམ་ལེན་མཛད།} འདི་སྐབས་དམ་པོ་ཡང་མཛད།

བྱ་ལོ་དང་ཁྱི་ལོའི་ཁྲིད་ལན་གཉིས་པོ་འདི་ལ་འཁྲིད་གསར་བ་མང་རབ་བྱུང་ནའང༌། འཁྲིད་ལོ་ཧ་ཅང་ལེགས་རྒྱུ་མ་བྱུང༌། འཁྲིད་གྲོལ་ནས་ཇོ་ནང་ཆོས་ལུང་གཉིས་ཀྱི་ཆོས་གཞིས་ཀྱི་བུ་ཚ་དབང་པོ་ཅུང་དྭངས་པ་རྣམས་ལ་གྲྭ་ཁྲལ་བསྐུལ། བཙུན་གསར་བདུན་ཅུ་ལྷག་ཙམ་གྱི་སྐྲ་ཕུད་བཅད། ཀློག་སོགས་ཕྲ་མོ་སློབ་པའི་འགོ་བཙུགས།

དེ་རྗེས་བླ་བྲང་དམ་ཆོས་གླིང་དུ་མཚམས་བསྡམས། ཟླ་གཅིག་ཙམ་སོང་སྐབས་འདོལ་བྱུང་ནས་སྡེ་པའི་དྲུང་སྐུ་ཚེའི་འཕེན་པ་བཏང་བ་ཞིག་བྱུང་འདུག་པས་འབོད་མི་བྱུང༌། འགྲོ་བ་ལ་མངོན་དུ་ཕྱོགས་པའི་སྐབས་དབུས་ནས་ལྷ་བྲིས་པ་རྣམས་སླེབ་ཅིང(བསླེབས་ཤིང)། དེ་མཐུན་གྱི་བཀོད་པ་ཅུང་ཟད་བྱས། སྒྲུབ་སྡེར་ཚོགས་ལ་མང་ཇ་ཇ་འགྱེད་བཀྲ་ཤིས་ཁྲ་རིང་གསར་དུ་བཅོས་པ་གཉིས། རས་ནམ་ཐང་བརྒྱ་བུད་ལ་བཅོས་པའི་ཆར་ཁེབས་སྐུ་འབུམ་གྱི་ཆོས་འཁོར་བཅུ་གསུམ་ཡོངས་རྫོགས་ཁེབས་པ་གཅིག་དང༌། གོས་ཆེན་མཐིང་ཁ་ལ་བྲིས་པའི་སྔགས་སྐུ་ཐང་ཁ་བཅུ་གསུམ་དང་། ས་སྐྱ་བླ་བྲང་གུང་པའི་ཕྱོགས་ནས་བྱུང་བའི་ན་བཟའ་རྒྱུ་སོགས་ཕུན་སུམ་ཚོགས་པའི་རྡོ་རྗེ་འཕྲེང་བའི་དཀྱིལ་ཐང་ཕལ་ཆེར་ཚང་བ་གཅིག །གནས་བཅུའི་ཡོལ་ཐང་ལེགས་པ་གཅིག །{སྔ་སོར་བྱང་ནས་སྡེ་སྲིད་ཀྱིས་གནང་བའི}ཟངས་སྦུག་ཆེ་བ་གཅིག་རྣམས་སྤྱི་ཐེས་སུ་ཕུལ།

ཧོར་ཟླ་གཉིས་པའི་ཉེར་དགུ་ལ་ལམ་དུ་ཞུགས། གསུམ་པའི་ཚེས་གཉིས་ལ་འདོལ་བྱུང་དུ་སླེབ(བསླེབས)། དགོངས་རྫོགས་ཀྱི་ཆོ་གའི་རིམ་པ་རྣམས་དང་ཁྲུས་ཆོག་བྱང་བུ་བཞུ་བ་སོགས་མཐའ་དག་བསྒྲུབས། སྡེ་པ་དེ་ཐུན་མོང་མ་ཡིན་པའི་ཡོན་བདག་དད་ཞེན་ཅན་ཡིན་པས་སྙིང་ཐག་པ་ནས་བློས་ལོངས་པར་བྱས།

གཙང་ས་ནས་དབུས་དམག་གི་སྒར་གྲ་བསྒྲིགས་པའི་དཔོན་གཡོག་རྣམས་ནོར་ཁྱུང་དུ་བྱོན་སྐབས་ཡིན་པས། འབོད་མི་གནང་བྱུང་བ་བཞིན་ཁོར་ཙམ་ཕྱིན། ཞག་གཅིག་ཀླུ་སྡིངས་ལྷོ་མ་དེར་སྡོད་ཡུལ་བྱས། སྡེ་སྲིད་ཞབས་དྲུང་རང་དུ་ཚེ་དབང་དང་རྐྱེན་སེལ་གྱི་རྗེས་གནང་མང་རབ་དང༌། དཔོན་རིགས་སོ་སོས་ཀྱང་ཚེ་དབང་དང་རྗེས་གནང་ཙམ་རེ་ཞུ་བ་མང་དུ་བྱུང༌། དཔོན་གཡོག་རྣམས་ཀྱི་བར་ཆད་སེལ་བ་སོགས་རྟེན་འབྲེལ་ལེགས་པའི་དགེ་མཚན་ཡང་ཤར། གཞན་གྱིས་བསྐུལ་བ་དང་བཅོལ་གཉེར་མེད་ཀྱང་རྒྱལ་ཁམས་དང་ཆོས་ཀྱི་བསྟན་པ་ལ་མ་གནོད་པ་ཞིག་བྱུང་ན་སེམས། དམག་དབུས་ལ་དངོས་སུ་འཇུག་དགོས་པ་མི་ཡོང་བའི་ཐབས་ཤིག་རང་གནང་དགོས་ཚུལ་ནན་ཆགས་དང༌། ཐབས་གཞན་མེད་པར་དམག་རང་མཛད་དགོས་ཤར་ནའང༌། དགོན་གནས་ཆེ་ཕྲ་ཐམས་ཅད་ལ་གནོད་པ་ཡེ་མེད་པ་གཅིག་མི་གནང་བའི་ཐབས་མེད་ཅིང༌། ཡར་རྒྱབ་དཔོན་གཡོག་ཐམས་ཅད་ཀྱི་སར་ཡང་ཐུགས་རྗེ་གང་ཆེ་གནང་དགོས་ཚུལ་ནན་ཆགས་རང་ཞུས་པས། དགོན་གནས་རྣམས་ལ་དེ་སྐབས་ཀྱི་དམག་རེས་ལ་གནོད་པ་ཡེ་མ་བྱུང༌།

དེ་རྗེས་འདོལ་བྱུང་གི་སྐུ་རྗེས་གྲོལ་ནས་ལྷ་སྡིངས་སུ་ཕྱིན། ཞག་གཉིས་བསྡད། གནོད་སྦྱིན་ཞ་འོན་ཀྱི་རྗེས་གནང་དང་ཁྲོམ་དབང་སོགས་ཐན་ཐུན་བགྱི(བགྱིས)ཤིང༌། རིན་པོ་ཆེ་ཀ་བཞི་ནས་ཀྱི་སྐུ་སྐྱེའི་བརྟག་ཞུས་པ་སླེབ(བསླེབས)ཀྱང་འདི་སྐབས་གསལ་ནི་མ་ཐུབ། སླར་ཡང་འདོལ་བྱུང་དུ་ཞལ་བཞུགས་རྣམས་ལ་སྐུ་ཁྲུས་ཚེ་དབང་འབུལ་བར་ཞག་ལྔ་ཙམ་བསྡད། དེ་མཚམས་བསམ་སྡིངས་སུ་སླེབ(བསླེབས)པའི་ཞག་བཅུ་གཅིག་ཙམ་ཕྱི་མཚམ་མེ་བ་བྱས། འདོལ་བྱུང་དང་ལྷ་སྡིངས་སོགས་སུ་འཆམ་པ་བྱུང་བ་འཁྲུགས་པའི་རྣམ་པས་ཁམས་ཀྱང་བདེ་མོ་མིན་པ་ཅིག(ཞིག)བྱུང༌།

ཧོར་ཟླ་བཞི་པའི་ཚེས་གསུམ་ལ་བསམ་སྡིངས་ནས་ཆས་ཏེ། གོང་འཛིན་གྱི་ལ་ལ་འགྲོ་རྒྱུ་ཡིན་ནའང༌། ལྷ་འཕྲེང་གི་རྣམ་པས་དེ་ནུབ་རང་གངས་བབས་ནས་སང་ལ་ལ་མ་ཐར་བར་གཞུང་ལ་ཕྱིན་པས། ལྷུན་གྲུབ་རྩེའི་གདོང་དེར་གཏམ་སྙན་ཡོད་ཟེར། དར་འཕྱར་བྱེད་པ་དང་འགྲིག །ངེད་རང་དགོན་པ་ནས་དགོན་པར་འགྲོ་བ་ལ་རྟེན་འབྲེལ་ལེགས་ཤིང༌། ཡོན་བདག་ལའང་ལེགས་སྙམ་པ་བྱུང༌།

རྐང་བཞི་དང་དགེ་སྡིངས་སུ་བར་ཞག་རེ་བྱས། དེ་ནས་ནམ་ཟི་ལ་ཆས། གངས་ཆེན་པོ་བབས་པས་ཡུལ་ཕྱོགས་འགྱུར་བའི་སྣང་བ་འགྱུར་རེ་བའི་ངང་ནས་ཉི་མ་སྔ་ཕྱེད་ལ་ཇོ་ནང་དུ་སླེབ(བསླེབས)། གཞིར་སྡོད་རྣམས་ངེད་ནམ་སླེབ་ཡོང་སྙམ་པ་ཙམ་ཡང་མེད་པ་ལ་སྒོ་དྲུང་དུ་ཐོབ་རྒྱག་འབྱོར། རི་མོ་བ་རྣམས་ཀྱིས་གཙོ་བོ་དུས་ཀྱི་འཁོར་ལོའི་སྐྱ་རིས་འགོ་ཚུགས་ཙམ་དང་། སངས་རྒྱས་རབ་བྱུང་གཉིས་ལ་ཚོན་གྱི་འགོ་ཚུགས་ཙམ། བདེ་དགྱེས་གཉིས་ལ་སྐྱ་རིས་ཚུགས་ཙམ་གཞན་གང་ཡང་མ་གྲུབ་པར་འདུག །

དེ་རྗེས་ཞག་ཤས་མཚམས་བྱས། དེ་གྲོལ་ནས་ས་གའི་ཉ་ལ་སྒྲུབ་སྡེ་རྣམས་ཀྱིས་ཚ་ཚ་འདེབས་པའི་བཀོད་པ་བྱས་ཤིང༌། དང་ཐོག་སྔ་མོ་དགེ་ཚ་ཞིག་ཡོད་འདུག་ནའང་རྗེ་དྲུང་གོང་མས་གཅོག་པར་མཛད་གདའ། སླར་དེ་གསར་དུ་བཙུགས་པའི་རྟེན་འབྲེལ་ཡིན་ནམ། དེའི་ཉིན་མོ་ནམ་མཁའ་དྭངས་པ་ལ་ཉི་མ་ཐོག་ཕུབ་དང༌། སྣ་ཆ་གཉིས་རིམ་དང་ཁྱད་པར་རྟ་སྒ་གོང་དང་། ཆུ་བྱང་གི་དགའ་པོའི་ཐད་ཙམ་དང་། ནགས་རྒྱལ་གྱི་རྩེའི་ཐད་གསུམ་དུ་འཇའ་སྤྲིན་མ་ཡིན་པའི་དབྱར་དུས་ཀྱི་འཇའ་ཚོན་གུག་པོ་དེ་ཀ་འདྲ་བ་ཡུན་རིང་དུ་སྡོད་པ་སོགས་ཕྱི་ལྟས་ལེགས་ཤིང༌། སྐུ་འབུམ་ཐང་ནས་ཚོགས་པ་རྣམས་ཀྱིས་ཡན་ལག་བདུན་པ་བྱེད་པའི་ཚེ། སྟོན་པ་སངས་རྒྱས་མངོན་སུམ་དུ་འདི་ན་བཞུགས་ཡོད་པ་འདུག་སྙམ་པ་ཙམ་གྱི་ཡིད་འཁྲུལ་བ་ཡང་བྱུང༌།

དེ་ནུབ་ནས་ཕྱི་མཚམས་ཙམ་བྱས། ཉི་ཤུ་ལྔ་ལ་སྐྱིད་ཕུག་ཏུ་ཕྱིན། མཚམས་དམ་པར་བསྡམས། ཅུང་ཟད་འཚུབ་ཆ་ཆེ་ ཞིང་དགེ་སྦྱོར་ཡང་འཕེལ་བར་བྱུང༌། སྔར་བཅའ་ལུང་གི་ཆུ་དེ་ཤིན་ཏུ་ལོད་པར་གྲགས་ཤིང་། ཆུ་མིག་དེ་ཡང་ཇ་སྐོལ་མི་ཉན་པ་ལྟ་བུ་ཡིན་ནའང་། གཏོར་མ་བཏང་བས་ཆུ་སྐྱེ་རྩལ་ཡང་ཆེ་རུ་སོང་། ཆུའི་ངོ་བོ་ཤིན་ཏུ་བཟང་བར་སོང༌། {གཙང་པོ་ནས་ལེན་མ་དགོས།}

ཧོར་ཟླ་ལྔ་པའི་ཚེ་བཅོ་ལྔ་ལ་ཉིན་གུང་གཉིད་ཡུར་བ་ཞིག་གི་དུས་ཤམ་བྷ་ལ་སོགས་རྨི་ལམ་གྱི་ཡུལ་སྣང་ངོ་མཚར་ཅན་མང་དུ་བྱུང༌།

ཧོར་ཟླ་དྲུག་པའི་ཚེས་གསུམ་ནས་བཟུང་ཚེས་བཅུ་གཅིག་གི་བར་ནུབ་རེ་བཞིན་ཕྱི་ལྟས་ནམ་མཁའ་རྒོད་པའི་རྣམ་པས་སེར་བ་ཅུང་ཟད་འབབ་ཅིང་ཐོག་ཀྱང་འབབ་ཚད་པ་དང༌། ནང་ལྟས་སུ་ཡང་མཚན་མ་རྩུབ་ཙམ་རེ་ནུབ་རེ་བཞིན་རྟག་པར་བྱུང་ནས། ཐོ་རངས་ཆོ་འཕྲུལ་དེ་ཞི་འགྲོ་བའི་རྣམ་པ་ཡང་རྟག་པར་ཡོང་། ཁྱད་པར་ཚེས་བཅུ་གཅིག་གི་སྲོད་ཁྱེར་ལ་ཐོག་འབྲུག་དྲག་པོ་རེ་དང་བསྟུན་གློག་འོད་མི་བཟད་པས་ནང་ཁེངས་ཡོད་པ་གདོང་ཚ་ཚུབ་ཚུབ་པ་དང་། རྭ་གཞོབ་ཐུལ་ལེ་ཡོང་བ་དེ་ལན་སུམ་ཅུ་སོ་གྲངས་ཞིག(ཤིག)བྱུང་བ་དང༌། ནང་ལྟས་སུ་ཡང་སེམས་ཉམས་དང་ཆོ་འཕྲུལ་སྐྱི་གཡའ་བ་སོགས་མང་དུ་བྱུང༌། འོན་ཀྱང་དབྱིངས་སུ་བཞག་པའི་ཚེ་སྙེམས་འཁྲིགས་རྡུལ་ཙམ་མེད་པས། ཆོ་འཕྲུལ་ཞི་ནས་ནམ་ཕྱེད་ཕན་ལ་མཉམ་གཞག་ལ་ཤིན་ཏུ་བོགས་ཆེ་བར་བྱུང༌། ཆོ་འཕྲུལ་དེ་ཚོ་ཡང་གཞན་གྱི་བྱད་ཁ་གཉིས་གསུམ་འཛོམ་པའི་ལྟས་སུ་འདུག །

སྔར(སྔ)སོར་བྱ་ལོའི་ནང་དུ་སྔ་ཕྱིར་ངེད་རང་ལ་གཏད་དང་མནན་པ་དང་ཟོར་ཁ་སོགས་བྱད་ཁ་རྦོད་གཏོང་རིགས་མི་གཅིག་པ་དགུ་ཙམ་འཛོམ(འཛོམས)པའི་ལྟས་དང༌། གཅིག་ཙམ་རང་གི་སློབ་མའི་ཁུངས་གཅིག་གིས་བྱས་པ་དང༌། གཞན་གཅིག་ནུས་པ་ཡང་དགའ་རབ་ཡོད་པའི་ལྟས་བྱུང༌། དེ་སྐབས་དང་འདི་སྐབས་ཀུན་ཏུ་སྟོང་ཉིད་སྙིང་རྗེ་ལས་གཞན་པའི་བསྲུང་བཟློག་སྤངས་ཏེ་དེ་ཀས་དོན་འགྲུབ་པར་གདའ།

དེ་ཀའི་ཚེས་བཅོ་ལྔ་ལ་ཁང་པའི་བྱང་ཟུར་ནས་རྡོ་འགའ་རེ་འཛགས་ཤིང༌། བཅོམ་རྡིབ་ཡོང་ལ་ཁད་ཀྱི་རྩིག་པ་འཕྲལ་དུ་གས་བྱུང་བས། ཐོག་མར་དེ་འཕྲལ་གནས་སྤོའམ་སྙམ་པ་ལ་རང་རེ་རྐྱེན་ཐོག་ཏུ་བཟློག་སྒོམ་བྱེད་པར་ལ་གནས་སྤོས་པས་ག་ན་འོང༌། ཞིག་འོས་ནམ་ཞིག་ཞིག་གང་དུ་ཡང་མི་འགྲོ་སྙམ་སྟེ་དེ་ནུབ་བསྡད་པས། ཐོར་མགོ་ཟིན་ཙམ་ལ་སྒྲ་ཆེན་པོ་དང་བཅས་ཏེ་བྱང་སྐྱ་དེ་ཐམས་ཅད་འུར་སོང་། འགྱེལ་འགྲོ་བའི་དུས་ན་མཚན་མོ་ཆར་མུན་འཐིབས་པ་དང་། བེར་ལངས་པའི་རྣམ་པས་ཕྱོགས་གང་ནས་འཇིག་ཆ་མེད་ཅིང་། སྡོད་ས་རང་གི་ཐད་ཀྱང་རྡིབ་འགྲོ་བ་ལྟ་བུའི་བེར་བ་བྱུང་ཡང་གཅེས་འཛིན་གྱི་སྙེམས་ཡེ་མ་བྱུང༌། སྡོད་ས་རང་ཡང་གཡབས་ཀྱི་བྱང་ངོས་འགྱེལ་འགྲོ་ས་དེ་དང་ཉེ་བར་བྱེད་ཀྱིན་ཡོད་པ་མ་སྤོས་པར་དེ་རང་དུ་བསྡད།

དེ་རྗེས་སང་ཉིན་ལྟས་དུས་འགྱེལ་འོས་ཚང་མ་འགྲེལ་གྲུབ། གཞན་རྣམས་མི་འགྱེལ་བར་འདུག་པས་དེ་ཁར་བསྡད་ཀྱང་ཡོད་བར(པར)འདུག་ནའང༌། ཆར་ཞོད་ཆེན་པོ་ལ་བྲག་ཐིགས་ཆེས་པས་སུན་པར་འདུག་ནས་ཤུག་པ་གནམ་འཕྱང་དུ་སྤོས། འདི་སྐབས་ངམ་རིང་ནས་སྡེ་སྲིད་ཀྱིས་ལྷུན་གྲུབ་སྤྲེའུ་བ་ཀུན་དགའ་ལགས་གནང་བའི་ཕུག་གསུམ་གྱི་ལུང་པ་ཕུ་མདའ་ཆོས་གཞིས་སུ་སྦྱོར་འཇགས་གནང་རྒྱུའི་རྩིས་སྤྲོད་ལ་ཆེར་གཏད་བྱོན།

སླར་ཡང་ཕྱག་དམ་གསར་དུ་ཕེབས་པའི་ཞག་ཤས་འགྱངས། སྒྲུབ་སྡེ་དབྱར་མཚམས་ཀྱི་སྒང་ཡིན་པས་མང་ཇ་ཞིག་གནང་བྱུང་བ་ཚེས་བཅོ་ལྔའི་ཉིན་མོ་དུག{བུག}སྐྱེལ་བྱས། དེ་ནུབ་ཁང་པ་འགྱེལ་བ་ཡིན། དེ་དང་སྟབས་བསྟུན་ཆོས་ལུང་དུ་ཞོན་རྟ་ཞིག་ཀྱང་གློ་བུར་དུ་ཤི །དམ་སེལ་གྱི་ལྟས་འཚུབ་བོ་ཞིག་ཀྱང་བྱུང་བས། དེ་དུས་མང་ཇ་དེ་ལ་ཐེ་ཚོམ་ཟ་བ་ཅིག(ཞིག)བྱུང་ནའང༌། ཕྱིས་བརྟགས་དུས་ཆོས་ལུང་གི་མགོན་ཁང་དུ་སྒོའི་སྣ་ལྕགས་ཀྱི་ཟུང་བཅུས་ནས་དམ་སེལ་ཅན་གྱི་གཏོར་ཡན་དང་། སྙན་དར་དང་། ཡོ་བྱད་འགའ་རེ་ཕུལ་འདུག་པས་དེའི་ཆོ་འཕྲུལ་དུ་གདའ། འདི་སྐབས་དམ་ཆོས་གླིང་དུ་གསེར་སྐུ་ལྷ་ཁང་བསྒྲིགས་པ་ཡིན།

ཧོར་ཟླ་བདུན་པའི་ཚེས་བདུན་གྱི་ཉིན་མོ་ཕུག་གསུམ་རྩིས་ལེན་བྱེད་སྐབས། གཉིད་ཀྱིས་མ་བསླད་པའི་རྫུན་མེད་མངོན་སུམ་གྱི་སྣང་བ་ལ་གནས་བདག་མའི་ཆོ་འཕྲུལ་མང་པོ་ཞིག་བྱུང༌། ནགས་རྒྱལ་གྱི་རྩེ་ན་ཕུག་གསུམ་དུ་འཇའ་དཀར་ཟུག་པ་སོགས་ཕྱི་ལྟས་ཀྱང་བཟང་པོ་བྱུང་ཡོད་པ་གདའ། ཆོས་གཞིས་ཕུག་གསུམ{སྤུས་གཙང་ཞིང}འབྲེལ་ཆགས་པ་དང་། ཁྱད་པར་ཇོ་ནང་གི་གྲྭ་ཚང་ལ་བསྟན་པ་ནམ་གནས་པར་སྦྱོར་འཇགས་གཙང་སྤྲས་ཆོད་པ་གནང{བས། འཕྲལ་དགོན་པ་ལ་བཀའ་དྲིན་ཆེ་ཞིང་། ཕུགས་བསྟན་པའི་རྒྱུན་ལ་ཕན་པའི་ཕན་ཡོན་བླ་ན་མེད་པ་བྱུང་།}

དེ་རྗེས་སྐབས་ཤིག་ཏུ་རིན་པོ་ཆེ་ཀ་བཞི་ནས་ཀྱི་སྐུ་སྐྱེ་བརྟག་པར་ཆུག་མི་ཆུག(འཕྱུག་མི་འཕྱུག)ལུང་བསྟན་ཞུ་ཟེར། ཁྲི་ལྕགས་སོགས་ཡོན་མཆོད་ཕྱོགས་གཏོགས་ཀུན་གྱི་མི་སྣ་བྱུང༌། མཚམས་དམ་པས་འཕྲད་ནི་མ་ཐུབ། དེ་ན་ཡང་ཁོ་ཚོ་གཉིས་སུ་སོང་བའི་སྐུ་སྐྱེ་ཡིན་རུང་མིན་རུང༌། ཡིན་པར་ལུང་བསྟན་ན་གདན་ས་པ་མཁན་ཆེན་སོགས་ཕྱོགས་གཅིག་མི་དགའ། མ་ཡིན་པར་ལུང་བསྟན་ན་གྲྭ་རིགས་རྙིང་པ་ཞེན་ཅན་སོགས་ཅིག་ཤོས་མི་དགའ་བ་ཞིག་འདུག་པས། ལྷ་སའམ་ཆོས་ལུང་བྱང་རྩེ་ལྟ་བུར་བརྟག་བསྒྲིལ་གྱིས་ཞེས་ནན་གྱིས་སྨྲས་ཀྱང༌། ངེད་ལ་བྱེད་དགོས་ཚུལ་རང་ཟེར་བ་ལྟས་བརྟག་པ་བྱས་ཀྱང་ཁྱེད་རྣམས་ཡིད་མི་ཆེས། བརྟག་ཡིག་ལ་མི་སྣ་རྣམས་ཀྱིས་ཐེལ་ཚེ་རྒྱོབ་ལ། འདིར་བརྟག་པར་བསྒྲིལ་བ་ལས་འོས་མེད་བྱས་ནས་དེ་བཞིན་བྱས་པས་བརྟག་པར་ནི་ཐོན་ཡོད་པར་གདའ། དབུས་དམག་འཁོར་འཕྲལ་ནས་བརྩམས་བསམ་གྲུབ་རྩེ་ནས་འབོད་མི་ཕྱག་དམ་རིམ་ཅན་དུ་བྱུང་བ་དང༌། དེ་རྗེས་མི་རིང་བ་ན་ཞབས་དྲུང་སྡེ་སྲིད་རང་སྐུ་ཁམས་ཅུང་ལྟེམ་པར་བྱུང་འདུག་པས། ཤངས་པ་རབ་འབྱམས་པ་དཀོན་མཆོག་དཔལ་བཟང་འབོད་མིར་གནང་པའི་བཀའ་ནན་ཆགས་པ་རང་འདུག་པ་ལ་བརྟེན། སྐུ་རིམ་སྔ་ཁྱད་དང་དཔྱད་བཤལ་སྦྱོངས་སོགས་གནང་བ་ལ་གེགས་མི་འབྱུང་བའི་བསྲུང་སྐུད་དང་དུད་རྫས་སོགས་འཕྲལ་དུ་ཕུལ།

རང་ཡང་འགོར་མེད་ཆས་པའི་ཧོར་ཟླ་བརྒྱད་པའི་ཉེར་གསུམ་ལ་ཤེལ་དཀར་ཞོལ་དུ་སླེབ(བསླེབས)ཙམ་བྱས། ཉེར་དྲུག་ལ་རྩེ་འབྱོར། རྫོང་ཐོག་གི་ནམ་མཁའ་ལ་དགའ་འཁྱིལ་གསུམ་དང་དཔལ་བེའུ་འཁོར་ལོ་སོགས་རྣམ་པ་ཤིན་ཏུ་གསལ་བའི་འཇའ་སྤྲིན་ཡ་མཚན་བྱུང༌། སྐུ་ཁམས་ཀྱང་ལམ་པ་སོར་ཆུད་འདུག་ཅིང༌། སླར་ཞག་གཉིས་གསུམ་ནས་བདེ་དྭངས་རྟག་ཐུབ་པར་བྱུང༌། དེ་ཀའི་སང་ཉིན་ནས་བརྩམས་ཟླ་གཞུག་དེ་ལ་གཏོར་དབང་འགའ་ཤས་དང་། སྐུ་གྲིབ་སེལ་བའི་རིམ་པ་འདྲ་བྱས། ཟླ་བ་དཀར་ནས་ཚེ་དབང་སོགས་རྣམ་གྲངས་མང་རབ་ཕུལ།

དེ་ནས་ཚེས་བཅུ་སྐོར་ལ་ཆོས་རྗེ་ཤངས་པ་སོགས་ཀྱང་བྱོན། ཁོང་ལ་བདེ་མཆོག་འཁྲུལ་སྤོང་གི་དབང་ཞིག་བྱས། དེའི་རྗེས་ནས་ཞབས་དྲུང་ཡབ་སྲས{དང་། ཆོས་རྗེ་ཤངས་པ}སོགས་ལ་འཁོར་ལོས་བསྒྱུར་དྲུག །གུར་རིགས་བསྡུས། སམྤུ་ཊ། རྡོར་དབྱིངས་སོགས་ཀྱི་དབང་དང༌། གཅོད་ཡུལ་གྱི་ཁྲིད་ཕྱག་རྒྱ་བཞིའི་སྙིང་པོའི་ཁྲིད་སོགས་དང༌། རྗེས་གནང་བྱིན་རླབས་སོགས་མང་དུ་བྱས།

ཚེས་ཉི་ཤུ་སྐོར་ལ་དགོངས་གྲོལ་ཞུས་ཀྱང༌། སྡེ་པ་སྐུ་འབྲིང་བའི་དྲུང་གི་ལོ་མཆོད་ཀྱི་ཚོགས་དཔོན་ལ་སྡོད་དགོས་ཚུལ་ནན་ཆགས་ཕེབས་ཀྱིན་འདུག་པ་བཞིན་དེ་ལྟར་བྱེད་དགོས་བྱུང༌། ལྕང་ར་སློབ་དཔོན་པ་ཨཱརྱ་བ་ལ་ཡང་སུམ་པ་ལོ་ཙཱ་བའི་སྙན་བརྒྱུད་སོགས་དབང་ཁྲིད་ཐན་ཐུན་བཤད། གནམ་གང་གི་ཉིན་ནས་ཚེས་བཞིའི་བར་སྐུ་མཆོད་ལ་ངོར། ཞ་ལུ། ཞ། དཀར་པོ་བྲག །བྱང་ཆེན་པ་རྣམས་ཚོགས་པའི་ཆོག་གྲྭ་རྒྱ་ཆེ་བ་བསྙེན་བཀུར་ཕུན་སུམ་ཚོགས་པ་དང་བཅས་པ་མཛད།

འདིའི་བར་དུ་ཞབས་དྲུང་སྡེ་སྲིད་རང་སྐུ་ཕྱི་མཚམས་དམ་པོ་དེ་ཀ་མཛད་ཡོད་ཅིང༌། ཚེས་བཞིའི་ཉིན་སྐུ་མཚམས་གྲོལ། ཚོགས་སུ་ཕེབས། བསྔོ་རྟེན་དང་དགེ་འདུན་རྣམས་ལ་ཡོན་བླ་ལྷག་ཏུ་གནང༌། གྲུབ་མཐའ་སྣ་ཚོགས་འདུས་པའི་དགེ་འདུན་གྱི་དབུས་སུ་སོང་བས། ངེད་ཀྱིས་ཀྱང་ཡས་གཏམ་བསྟན་པ་སྒོ་མཐའ་དག་དང་འབྲེལ་བའི་ཚུལ་དུ་བྱས། ཡས་གཏམ་དང་བསྔོ་བ་མཐའ་རྒྱས་སུ་བྱས་པས་ཕལ་ཆེར་དགྱེས། ཀོ་ལོང་ཅན་མང་པོ་དེ་ཙམ་ལ་ཡང་ཚིག་པ་ཟ་བར་འདུག་སྟེ་གཡས་ཆུང་ཡ་ཆ།

དེ་ནས་ཀྱང་བཀའ་ནན་གནང་བ་ལ་བརྟེན། ཞག་ཤས་བསྡད། སྣར་ཐང་བྱང་ཆེན་གྱི་ཆོས་གཞིས་རིན་ཆེན་གླིང་གི་དམག་སྲུང་ཆ་འཆག་པ་དང༌། ཁྱི་ལོ་དབུས་སུ་གནང་བའི་ཆོས་གཞིས་རྣམས་ལ་ཡང་གཡུལ་རྒྱལ་རྫོང་དང་ལེགས་བཤད་གླིང་པ་ཤེད་པོ་ཆེ་དེ་ཚོའི་འདྲེས་ཡོང་ཡོད་པ་རྣམས་ཁད་གཙང་བར་གཅོད་པ་དང༌། འབྲང་གི་མདར་མདེ་ཐུང་གི་ས་ཆ་ཡོང་འབབས{ས་རི་ས}སྐོར་དང་བཅས་པ་རྣམས་ཀྱང་ཆོས་གཞིས་སུ་གསར་དུ་སྦྱོར་བ་དང༌། འབྲང་ཕུ་དགོན་པ་སྔར་ཁྲལ་དགོན་ཡིན་པ་སྤྱི་མཆོད་ཐར་པ་གླིང་དུ་འདོན་པ་སོགས་སྐུ་དྲིན་ཚད་མེད་དུ་མཛད་ཅིང༌། སྔ་སོར་སྟག་ལོ་གོང་དཀར་དུ་ཞུ་རྟེན་ཕུལ་ཆོས་གཞིས་གང་འོས་ཅིག(ཤིག)གནང་བའི་ཞལ་བཞེས་མཛད་རུང༌། ལག་ཐོག་ཏུ་ཅང་མ་བྱུང་བ་ལ་གཙང་ནས་འདི་ཀུན་གནང་བ་འདི་དབུས་པ་ཚོ་ལ་ངོམས་ཆོག་པའི་མི་སྔུན་དུ་མགོ་ཐོན་པ་རང་བྱུང༌།

རི་ཁྲོད་ཇོ་ནང་དུ་བསྟན་པའི་རྒྱུན་ལ་ཕན་པར་དགོངས་ནས་གཡུ་རྩེ་ས་ཁོངས་དང་བཅས་པ་ཆོས་གཞིས་སུ་སྦྱོར་འཇགས་གནང༌། འདིར་སྡོད་རིང་ལ་ངོ་ཆེན་ཞུ་དགོས་རྣམ་གྲངས་མང་པོ་རྣམས་ལ་ཡང་དགོང(དགོངས)པ་མཐོ་སྦྲོན་རེ་མཛད་ཅིང༌། ཁྱད་པར་དཔོན་ས་སྣར་ཐང་ནས་ལ་ལོ་བསྟར་གྱི་ནས་ཁལ་སུམ་བརྒྱ་རེ་དང༌། གསེར་མ་ནས་ལ་ཡང་དྲུང་པ་རིན་པོ་ཆེའི་སྐུ་ངོའི་སྟེང་དུ་འཕར་ཆ་གནང༌། གདོང་དགའ་ནས་ལ་བཀའ་བཀྱོན་ཚན་ཆེན་མངོན་དུ་གྱུར་པ་ཡིན་ནའང༌། རག་རྫོང་སྐོར་བཅས་ཙམ་བྱང་དུ་ནང་བཞེས་ཡོད་ཙམ་གནང་བའི་ཚུལ་བསྟན་པ་ཙམ་ལས་གཞན་སྐྱོན་མེད་དུ་བྱུང་བ་སོགས་གཞན་ལ་ཕན་འདོགས་ཀྱང་དགའ་རབ་བྱུང༌།

གདོང་དགའ་ནས་རང་སྔ་སོར་ཁོང་རའི་ཆ་ཞབས་ནས་འཐོན་པའི་སྟག་སྣ་བ་སོགས་ལ་བྱང་གཙང་དུ་ངོ་ཆེན་བྱས་ན་མི་ཡོང་ཚུལ་དབུ་ཚུགས་མཛད་པ་ལ། ངེད་ཀྱིས་ཀྱང་བློ་དང་བསྟུན་པ་ཡིན། འདི་སྐོར་ལ་ནི་དབྱར་གུང་ནས་རང་བརྩམས་ཞུ་ངོ་དགོས་པའི་ནན་ཆགས་བསམ་ལས་འདས་པ་མཛད་ཀྱིན་འདུག་སྟེ། རང་ཐོག་དང་མི་ཐོག་ལ་བསམ་མནོ་གཏོང་བ་ཞིག་ནི་དགོས་རྒྱུར་འདུག་ལགས།

ཧོར་ཟླ་བཅུ་པའི་ཚེས་བཅུ་བདུན་ལ་ཉ་རི་དགའ་ཚལ་དུ་ཡོན་མཆོད་ལྷན་ཅིག་ཏུ་ཕེབས། ངེད་ཀྱིས་དེའི་སང་ཉིན་ཨུ་རྒྱན་རྫོང་གི་གྲུ་ལ་ཐོན། རུག་མ་དང་ཁྲོ་རུ་ཞག་མལ་རེ་བྱས། ཕུག་གསུམ་དུ་ཞག་གསུམ་བསྡད།

ཉེར་གསུམ་ལ་ཇོ་ནང་དུ་སླེབ(བསླེབས)། འདི་སྐབས་གཙུག་ལག་ཁང་གི་རི་མོའི་བྱ་བ་ཕལ་ཆེར་ཟིན། ཟླ་བ་དཀར་འཕྲལ་རབ་གནས་བྱས་པ་ཡིན་སླེབ(བསླེབས)འཕྲལ་ནས་བླ་བྲང་འགག་པ་སོགས་ལ་ནཻ་གུའི་གསེར་ཆོས་ཆུང་བ་རྣམས་བཤད། ཁོང་གིས་དེ་སྐབས་དམ་པོ་བྱེད་མ་ཉན།

ཚེས་དྲུག་ལ་དུས་ཆོས་ཀྱང་བཙུགས། སྦྱོར་དྲུག་གི་སྔོན་འགྲོའི་རིང་ལ་ནཻ་གུ་ཆོས་དྲུག་སོགས་ཀྱང་བཙུགས་ཤིང༌། ཕུག་གསུམ་པ་རྣམ་ལའང་གྲྭ་ཁྲལ་བྱས། སྔར(སྔ)སོར་མགྲོན་གཉེར་ཚེ་རྣམ་གྱིས་སྦྱར་ཞིང་། བྱང་ནས་བཀའ་ཤོག་གིས་ཆོད་པའི་ཆོས་གཞིས་དེ་ལོ་ལེགས་ཉེས་འབྲིང་གི་དབང་དུ་བྱས་ན། ནས་ཁལ་ཕྱེད་དྲུག་བརྒྱ་ཙམ་འབབ་པ་ཞིག་འདུག །

ཇོ་ནང་དུ་སྔོན་དུས་ཆོས་རྗེ་ཡབ་སྲས་རྣམས་ཀྱི་དུས་མཆོད་ངེས་ཅན་རེ་ཡོད་འདུག་ནའང་། ཆོས་གཞིས་རྣམས་རིམ་པས་བཤོར་བའི་ཀུན་མཁྱེན་ཆེན་པོ་ལ་ཡང་ལོ་དུས་མཆོད་པ་ཙམ་མ་གཏོགས། གཞན་རྣམས་ཆག་ནས་བླ་རབས་ཀྱང་འགའ་རེ་སོང་རིགས་སུ་འདུག །

འདི་སྐབས་ཆོས་གཞིས་དེ་ཡབ་སྲས་བཞིའི་དུས་མཆོད་ཐེས་ལ་སྦྱར། ཀུན་མཁྱེན་ཆེན་པོ་ལ་ཟླ་མཆོད་དང་གོང་མ་ཡབ་སྲས་གསུམ་ལ་ལོ་མཆོད་བཟང་བར་བཙུགས། ཕྱོགས་པའི་ཐུགས་དམ་དུས་འཁོར་གྱི་དཀྱིལ་ཐང་རྒྱལ་པོ་མྱ་ངན་མེད་ཀྱིས་བཞེངས་པའི་མཆོད་རྟེན་གཅིག །རྭ་ལོའི་ཕྱག་དྲིལ། མཻ་ཏྲི་བའི་རྒྱན་དྲུག །གྲུབ་ཐོབ་འདར་ཕྱར་གྱི་ཕྱག་ཕུར། སློབ་དཔོན་ཤཱནྟི་པ་དང༌། རྒྱལ་བ་དཔལ་ཡེ་ཤེས་དང༌། པཎ་ཆེན་ཟླ་བ་མགོན་པོའི་རྒྱ་དཔེ་སྣ་རེ་སོགས་བྱིན་རླབས་རྟེན་བཟང་བ་རྣམ་གྲངས་མང་ཙམ་བསྟན་པ་ནམ་གནས་པར་ཇོ་ནང་གི་སྤྱི་ཐེས་སུ་བཞུགས་སུ་གསོལ། དེ་རྟིང་འཕགས་པ་རིན་པོ་ཆེའི་ཕྱག་མཁར་དང་གསོལ་ལྕོག་ཡིན་ཟེར་བ་མུ་ཏིག་ལྗོན་ཤིང་གཅིག་ཀྱང་ལྷ་ཁང་དུ་བཞག །སྔོན་བྱིན་རླབས་རྟེན་བཟང་ལ་མང་བ་རང་ཡོད་པར་གདའ་ནའང༌། བར་སྐབས་སུ་ཕལ་ཆེར་གྱག་འདུག་པའི་ཀུན་བསོག་ཙམ་ཡིན།

དམ་པོའི་བདུན་སྔ་ཕྱི་གཉིས་ལ་ཤུག་པ་གནམ་འཕྱང་དུ་བསྡད་པས་དགེ་སྦྱོར་འཕེལ་ཞིང་སྐྱིད་པར་བྱུང༌། བདུན་སྔ་རྟིང་གི་བར་ལ་སྡེ་པ་གདོང་དགའ་ནས་ཀྱང་དྲིན་བཟོ་མཛེས་ལམ་མཚོན་བྱེད་ཙམ་ལ་ཕེབས། དུས་ཁྲིད་འདི་ཁྲིད་ལོ་ཤིན་ཏུ་ལེགས་ཤིང་། ཕག་ལོའི་སྟོན་ནས་འདི་བར་ལ་བཙུན་གསར་བྱེད་པ་ཡང་མང་དུ་བྱུང༌། ཁྲིད་གཏོར་ཡན་ཆད་མཐའ་རྒྱས་བསྒྲུབས། སྔ་སོར་ནས་ནགས་ཕུག་གི་མི་དཔོན་རིམ་ཅན་ཕལ་ཆེར་ཇོ་ནང་པ་ལ་དགྲ་ཁོ་ན་བྱེད། དེ་ཁས་ལོ་རེ་རེ་ལ་མི་དཔོན་རེ་རེ་ལ་སྐྱོན་རེ་ཡང་བསྟུད་མར་བྱུང༌།

འདི་སྐབས་ཁྲོམ་དབང་བྱེད་སྐབས་རླུང་པོ་ཆེ་གྲགས་པ་ལ་ནགས་ཕུག་གཉེར་པ་ཀུན་རིན་དམིགས་ཕུད་ནས་བརྫངས་པས། ཡུལ་གཤིས་འཇམ་ཐིང་བ་བྱུང་ནས་ཁྲོམ་དབང་ཐུབ་ཙམ་བྱུང༌། དེ་ནས་ཁམས་པ་མི་ཉག་ཆོས་ཞུ་བ་གསར་སླེབ་དང༌། {བླ་བྲང་འགག་པ་དཔོན་གཡོག་དང་།} རང་རེའི་ལག་གཡོག་པ་འགའ་རེ་ལ་གཅོད་ཁྲིད་ཅིག་ཀྱང་བཤད། དེ་རྗེས{མི་ཉག་སོགས}དོན་གཉེར་འགའ་ལ་ལམ་འབྲས་དང༌། ཛམ་ཐང་གི་གྲྭ་རིགས་འགའ་ལ་སྦྱོར་དྲུག་ཅིག་བཙུགས། འདི་ཁའི་སྔ་ཕྱི་ལ་ས་ཆ་ཡས་མས་ཀྱི་ཟློས་པ་རྣམས་ཀྱང་ཆོད།

གཡུ་རྩེའི་ཆོས་གཞིས་དེ་ལྷ་ཁྱུང་རྫོང་གཉིས་ཀྱི་ལག་གཡོག་ལ་མཁོ་བ་རང་ཡོད་པས། ས་བརྗེས་བྱེད་དགོས་ཕེབས་པ་ལྟར་ཧོར་ཟླ་གཉིས་པའི་ཚེས་བཅུ་བྱང་སེམས་རྒྱལ་བ་ཡེ་ཤེས་ཀྱི་དུས་ཆེན་གསར་དུ་འགོ་བཙུགས་པའི་ཉི་མ་ལ་གཡུ་རྩེའི་ས་ཚབ་ཏུ་བཀྲ་ཤིས་འཛོམས་རྩིས་སྤྲོད་བྱུང༌།

ཚེས་བཅུ་གསུམ་ལ་ཆོས་ལུང་བྱང་རྩེར་ཕྱིན། ཟླ་གཅིག་ཞག་པོ་བདུན་ཙམ་བསྡད་ཅིང༌། གྲྭ་གསར་གྲྭ་ཚང་རྣམས་དང་གཞི་བྱེས་རྣམས་ལ་སྔ་ཕྱིར་སྐྱབས་འགྲོའི་བསླབ་བྱ་དང་། ཀཱ་རི་ཀཱ་ལྔ་བཅུ་པའི་གཞུང་ལ་བརྟེན་ནས་དགེ་ཚུལ་གྱི་བསླབ་བྱ་ཞིབ་མོ་དང་། བྱང་སྡོམ་གྱི་བསླབ་བྱ་དང༌། བླ་མ་ལྔ་བཅུ་པ་དང་། རྩ་ལྟུང་བཅུ་བཞི་པ་དང་སྡོམ་པ་བསྒྲགས་བཟུང་གི་གཞུང་ལ་བརྟེན་ནས་སྔགས་ཀྱི་བསླབ་བྱ་ཞིབ་མོ་དང་། བདེ་གཤེགས་སྙིང་པོའི་མདོ་རྣམས་ཚོགས་ལ་བཤད། མི་འཁྲུགས་པའི་དབང༌། བདེ་མཆོག་ལྷ་ལྔའི་དབང༌། ནག་པོ་པའི་དབང་རྣམས་ཆོས་ལུང་རང་དུ་ཆོ་ག་བྱེད་དགོས་དང་བསྟུན་པའི་མ་ཐོབ་པ་ཅི་རིགས་ཅི་རིགས་ལ་བསྒྲུབས།

དགོན་པ་དང་ལུང་པ་ལ་ཕན་པའི་ཕྱིར་ཕྱོགས་བཞིར་གཏོར་མ་ཆེན་པོ་རེ་ཡང་བཏང༌། དྲག་པོའི་སྦྱིན་སྲེག་ཆེན་པོ་གཅིག་བྱས་པས་རང་རེའི་འགྲོ་དོན་གྱི་བར་ཆད་མང་པོ་སངས་པའི་ལྟས་ཤར། བཀྲ་ཤིས་འཛོམ་གྱི་གྲོང་པ་ཚོ་ལའང་གྲྭ་གསར་བཀལ་བ་རྣམས་སྐྲ་བཅད་ཀྱང་བྱས། མིག་མངས་དང་དགོན་པའི་ལྟག་ནས་རང་གི་རྨི་ལྟས་ཀྱིས་མཐོང་བ་བཞིན་དུ་ས་ལ་བརྐོས་པས། ངེད་ཡོན་མཆོད་དང་དགོན་པ་ལ་ངན་བྱེད་བྱས་པའི་འཁོར་ལོ་གསར་རྙིང་རེ་རེ་གཉིས་ཀྱང་ཐོན། དེ་དག་སྦྱིན་སྲེག་གི་ཆོ་གས་བསྲེགས། དེས་དགོན་པ་ལ་ཅུང་ཟད་ཕན། ནམ་ཡང་སེམས་པ་མངོན་རྟགས་ཀྱང་བྱུང༌།

སྔ་སོར་ངམ་རིང་ལ་ཡོང་དགོས་ཚུལ་ནན་ཆགས་ཡོད་ནའང་ལྟས་ལ་མ་ཆུག་པས། ད་རེས་ལ་མི་ཡོང་བར་ཐག་ཆོད་ཞུས་པ་དེས། ལྷར(ལྷ)རྩེར་མཇལ་བའི་དགོངས་གཏད་འདུག་པ་ལྟར་དེ་ཁའི་རྩིས་ཀྱི་ཇོ་ནང་དུ་ཕྱིན། མཁའ་སྤྱོད་བདེ་ལྡན་གྱི་ལས་ཀ་བྱེད་རྒྱུ་འདི་ཞིག་གསོས་ཡིན་ནའང༌། ཞིག་ནས་ཡུན་རིང་ལོན་པའི་སྟབས་ས་ཆོག་ཅིག་བྱས། ཆོས་རྒྱལ་ཕྱོགས་ལས་རྣམ་རྒྱལ་ལ་ཡང་ཡབ་སྲས་གསུམ་དང་འདྲ་བར་ལོ་དུས་ཀྱི་དུས་ཆེན་མཆོད་པའི་ཐེས་སྦྱར།

ཧོར་ཟླ་གསུམ་པའི་ཉེར་ལྔ(ལྔར)རིགས་ལྡན་སྤྲུལ་པའི་སྐུ་ཀུན་སྤངས་ཆེན་པོ་ཀུན་དུ(ཏུ)བཟང་པོ་མཚན་བརྗོད་པར་དཀའ་བ་ཐུགས་རྗེ་བརྩོན་འགྲུས་ཀྱི་དུས་ཆེན་གསར་དུ་བཙུགས་པའི་ཐོག་བཀྲ་ཤིས་འཛོམ་དུ་སླེབ(བསླེབས)པར་བྱས་སོ། །

དེ་རྗེས་ཉེར་བདུན་གྱི་ཉིན་གཟའ་སྐར་བཟང་བའི་ཐོག་ལ་སྡེ་སྲིད་ཉིད་ཀྱང་བསུ་བར་ཕེབས་ཤིང་། གཞན་ཡང་སེར་འཕྲེང་སོགས་འདུ་འཚོགས་ཆེ་བ་དང་བཅས་ལྷ་རྩེའི་ཕོ་བྲང་དུ་སླེབ(བསླེབས)། དེ་ཉིན་ཉིན་ཕྱེད་ཡན་ཉི་མ་ཤིན་ཏུ་འཇམ་པ་ལ་ཕེབས་བསུའི་སར་ངེད་ཀྱིས་རྟ་བབས་འཕྲལ་རླུང་ཡམ་ཙམ་ཞིག་ལངས། གུར་ནང་དུ་སླེབ(བསླེབས)འཕྲལ་རླུང་ཆེན་པོ་གུར་སྟིབ་པ་ཙམ་བྱུང༌། དེ་ནས་སེར་འཕྲེང་སོགས་ཀྱང་རླུང་འཚུབ་ཤིན་ཏུ་ཆེ་བའི་འཁྲིས་ནས་འཁྲིས་སུ་མི་མཐོང་བ་ཙམ་ལ་སླར་རྫོང་ནང་དུ་སླེབ་ཙམ་ན་རླུང་དེ་ཡང་སངས་སོང༌།

ཟླ་གཞུག་དེ་ལ་དྲག་པོའི་བཀའ་ཅི་རིགས་ཕུལ། གནམ་གང་གི་ཉིན་ས་ཆོག་བྱས། དཔལ་གསང་བ་འདུས་པ་འཕགས་སྐོར་གྱི་དཀྱིལ་འཁོར་རྡུལ་ཚོན་ལས་བཞེངས། ཞབས་དྲུང་རང་དག་ཕྱག་གཡོག་དཔོན་སྐྱ་གཅིག་གཉིས་ཙམ་ཡོད། གཞན་ཕལ་ཆེར་བླ་མ་སློབ་དཔོན་བཀའ་བཅུ་རབ་འབྱམས་སོགས་ཤས་ཆེ་བ་ལ་ཉི་ཤུ་རྩ་ལྔར་བཅད་པའི་དབང་ཆ་གཉིས་པ་ཞིག་བྱས།

དེ་རྗེས་དཔལ་གསང་བ་འདུས་པ་རིམ་ལྔ་དང་རྗེས་སུ་འབྲེལ་བར་བསྐྱེད་རྫོགས་ཀྱི་ཁྲིད་ལམ་རིམ་ཞིབ་མོ་དང་བཅས་པ་རྒྱབ་རྟེན་འཕགས་པ་ཡབ་སྲས་ལྔའི་གཞུང་རྣམས་དང་རྩ་རྒྱུད་དང་སྒྲོན་གསལ་སོགས་ཀྱི་ལུང་། གཞན་ཡང་ཆོས་ཀྱི་རྣམ་གྲངས་མང་རབ་དོན་གཉེར་སོ་སོ་ལ་ལེགས་པར་བསྒྲུབས་ཤིང༌། ངམ་རིང་ཆོས་སྡེའི་མཁན་ཆེན་ལ་རྣལ་འབྱོར་མའི་ཁྲིད་ལྭ་བ་པའི་ངོ་སྤྲོད་ཚིགས་བཅད་གཅིག་མ་སོགས་སྒེར་གྱི་བཞེད་ཆོས་ཀྱང་ཁ་རེ་བསྒྲུབས་ཤིང༌། དཔལ་རྡོ་རྗེ་མཁའ་འགྲོ་ཧེ་རུ་ཀ་ལྷ་དྲུག་ཅུ་རྩ་གཉིས་མའི་རྡུལ་ཚོན་གྱི་དཀྱིལ་འཁོར་བཞེངས་པའི་སྟེང་ནས། ཡོན་མཆོད་སོགས་ལ་དབང་ཆ་གཅིག་བགྱིས་པ་ལ། ཆོས་འཁོར་ལྷུན་པོའི་མཁན་པོ་བྱམས་རྡོར་བ་དང༌། འཇད་ཡངས་པ་ཅན་པའི་མཁན་སློབ་རྣམས་ཀྱང་བྱོན།

ས་གའི་ཚེས་བཅོ་ལྔ་དུས་ཚེས་བཟང་པོ་ལ་རྫོང་གི་མདུན་དུ་ཆོས་ཁྲི་གསར་པ་བརྩིགས་པའི་སྟེང་ནས་གཙང་གཞུང་གི་སྐྱེ་བོ་ཕལ་ཆེར་འདུས་པ་ལ་མ་ཎིའི་ལུང་དང་ཚེ་དབང་བསྒྲུབས་ཤིང༌། དེ་རྗེས་སུ་རྫོང་གི་ཚོམས་ཆེན་དུ་ཡོན་མཆོད་དང་དགེ་བཤེས་གཙོ་བོར་གྱུར་པའི་སྐྱ་སེར་འདྲེས་པ་ཚོམས་ཆེན་ཁེངས་པ་ཙམ་ལ། སེམས་བསྐྱེད་ཆེན་མོར་གྲགས་པ་མཁས་མཆོག་ས་སྐྱ་པཎྜི་ཏའི་གསུང་གི་ཡི་གེ་གཞིར་བཞག་པའི་སྟེང་ནས་སྒོམ་དོན་ངོ་གང་འཕྲོད་ཀྱི་ལུགས་སུ་བྱས། དེ་ལྟར་ན་ཡུལ་ཕྱོགས་བཟང་པོར་ཆོས་དང་འབྱོར་བ་ཕུན་སུམ་ཚོགས་ཤིང༌། གཞན་ཕན་རྒྱ་ཆེ་བའི་སྐབས་འདི་ཉིད་དོ། །

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།