Tibetan Web Featured

གྲྭ་བས་རང་གི་ཀུན་སྤྱོད་ཀྱིས་ནང་བསྟན་ལ་གནོད་པ་མི་བཟོ་བ་ཞིག་དགོས།

གསུང་པ་པོ། ཇོ་ནང་དགེ་བཤེས་དངོས་གྲུབ་དཔལ།

ངག་དབང་རྒྱ་མཚོས་རེག་ཟིག་བྱས། ལུས་ན་བས་མྱངས། སེམས་ན་བས་བཤད་ཟེར་བ་ལྟར། ད་ལྟའི་ཆར་གྲྭ་བ་ཚོས་ངེས་པར་ཀུན་སྤྱོད་ཡག་པོ་གནང་དགོས་ཀྱིན་འདུག་བསམ་པའི་སེམས་ཚོར་ཆེན་པོ་སྐྱེ་བཞིན་ཡོད། སྤྱིར་གྲྭ་བ་བཟང་པོ་དག་གིས་ད་ལྟའི་ཆར་ཐོས་བསམ་སྒོམ་གསུམ་དང་བསླབ་པ་སློབ་གཉེར་སོགས་གནང་བཞིན་པ་འདི་བཀའ་དྲིན་ཆེན་པོ་ཡིན་པར་མ་ཟད། དད་པའི་ཡུལ། ཡོན་སྦྱོང་བའི་གནས། བསོད་ནམས་བསགས་པའི་ཞིང་ཡིན་ལ། དེ་དག་ལ་ང་ལྟ་བུས་འདི་དང་འདི་ཞེས་གང་ཡང་ཞུ་མི་དགོས་པ་རེད། ཡིན་ན་ཡང་། ཐོས་བསམ་སློབ་གཉེར་སོགས་གང་ཡང་མི་བྱས་པར་སྤྱི་ཚོགས་ཁྲོད་འཁྱམ་ཉུལ་རྐྱང་བ་བྱས་ཏེ་གྲྭ་ཆས་གྱོན་མཁན་དག་གིས་ནི། ཚོང་བརྒྱབ། རིག་མ་སྦྱོར་སྒྲོལ། དགྲ་འདུལ་གཉེན་སྐྱོང་སོགས་ཀྱིས་མཚོན་པའི་ཀུན་སྤྱོད་ངན་པས་དུས་འདའ་བར་བྱེད་བཞིན་ཡོད་པ་རེད། དེ་དག་ལ་སྔོན་ཆད་རྨོངས་དད་སོགས་ཀྱི་དབང་གིས་དད་ལོག་བྱེད་པ་སོགས་ཉུང་ཡང་། ད་ལྟ་རྟོགས་པ་སད་ཅེས་བཤད་ན་ཐལ་ཆེས་མོད། མྱི་མང་པོས་བརྟག་དཔྱད་བྱེད་བཞིན་ཡོད་པ་རེད། བརྟག་དཔྱད་བྱས་པའི་ཀུན་སྤྱོད་དེ་དག་ནི་ད་ལྟའི་གྲྭ་བའི་སྤུས་ཀ་དང་ཀུན་སྤྱོད་ཀྱི་ཚད་གཞིར་བཞག་ནས་དགོན་སྡེ་སོ་སོ་ན་ཡོད་པའི་གྲྭ་བ་བརྒྱ་ཆའི་དགུ་བཅུས་ནམ་རྒྱུན་སློབ་གཉེར་རྣམ་དག་གནང་བཞིན་པ་དེ་དག་མཐོང་གིན་མེད་པ་རེད། དེ་ནང་བཞིན་ཁྲིམས་འཛིན་ལས་ཁུངས་དང་ཆོས་ལུགས་སྐོར་གྱི་ལས་བྱེད་པ་དག་གིས་ནི་གྲོང་མཐའ་དང་གྲོང་ཁྱེར་སོགས་ན་གྲྭ་གོས་གྱོན་ནས་ལྒང་ལི་རྩེ་མཁན་དང་འཛིང་རྩོད་བྱེད་མཁན། དཔལ་འབྱོར་ལ་ཞེན་པ་ཆེ་སོང་བའི་དབང་གིས་དཔལ་འབྱོར་གཡོ་ལེན་བྱེད་མཁན་དང་ཆོས་ལ་བརྟེན་ནས་སྒོར་མོ་གཡོ་ལེན་བྱེད་མཁན། ཆགས་པའི་དབང་གིས་རིག་མ་སྦྱོར་སྒྲོལ་བྱས་པ་དང་གཞན་གྱི་བུད་མེད་འཕྲོག་མཁན་སོགས་ཀྱི་ཀུན་སྤྱོད་ཀྱིས་གྲྭ་བའི་ཀུན་སྤྱོད་མཚོན་པར་བྱེད་ཀྱིན་ཡོད་པ་རེད།


ཀུན་སྤྱོད་ངན་པའི་གྲྭ་བ་དེ་དག་གིས་ང་སྒེར་ལ་བཤད་པས་ཅི་ཡང་མི་སྐྱོན་ཞེས་ཀུན་སྤྱོད་ངན་པར་བྱས་ཏེ་ཁྱིམ་པ་སུན་འབྱིན་པའི་ལས་ཀ་བྱེད་ཀྱིན་འདུག་མོད། ཁྱོད་སྒེར་ལ་བཤད་པས་སྐྱོན་ཅི་ཡང་མི་འདུག་ན་ཡང་། ནང་བའི་བསྟན་པ་སྤྱི་ལ་ཤིན་ཏུ་གནོད་ཚབས་དང་གྱོང་གུད་ཆེན་པོ་འདུག ཁོ་བོ་ཚོགས་འདུ་སོགས་སུ་འགྲོ་སྐབས་གཞུང་གི་ལས་བྱེད་པ་མང་པོས། གྲྭ་བ་དག་དོན་དམ་བྱེད་དགོས་ཀྱིན་འདུག་མ་གཏོགས། དེ་དག་གིས་ཀུན་སྤྱོད་ངན་པ་བྱེད་ཀྱིན་འདུག་ཟེར་གི། ཉེ་སྔོན་ཚོགས་འདུ་ཞིག་ལ་འགྲོ་སྐབས་སུ། ལས་བྱེད་པ་ཆེ་གྲས་ཤིག་གིས། གྲྭ་བ་དག་རབ་ཏུ་བྱུང་བ་ཙམ་མམ་གྲྭ་གོས་གྱོན་པ་ཙམ་ལས་ནང་བསྟན་ལ་སློབ་གཉེར་མི་བྱེད། ནང་བསྟན་ལ་སློབ་གཉེར་མ་བྱས་ན་ནང་བའི་བརྒྱུད་འཛིན་ཇི་ལྟར་དགོས་ཞེས་བཤད་སོང་། སྐད་ཆ་དེ་ནི་ད་ལྟའི་ཆར་འུ་ཅག་ལ་དྲི་བ་ཆེན་པོ་ཞིག་རེད། གྲྭ་གོས་གྱོན་པ་ཙམ་གྱིས་ནང་བའི་བརྒྱུད་འཛིན་ཐུབ་བམ། དཔེར་ན་སྨན་གྱི་རིག་གནས་གང་ཡང་མ་བསླབ་པར་སྨན་པའི་བརྒྱུད་འཛིན་མི་ཐུབ་པ་ལྟར་རེད།


ཡང་ཁོ་ཚོས་བཤད་ན། ནང་པའི་གཞུང་ལས་ནམ་རྒྱུན་ཕྱིན་དྲུག་གི་ཉམས་ལེན་ཞེས་བཤད་ན་ཡང་། དོན་དུ་དགོན་སྡེ་ཁག་གི་སྣེ་ཁྲིད་པ་ཡིན་ཟེར་མཁན་ཚོས་སྣེ་ཁྲིད་ནས་ཆགས་པའི་དབང་གིས་ནོར་མང་པོ་གཡོ་ལེན་བྱས། ཆགས་པའི་དབང་གིས་བུད་མེད་སྣ་ཚོགས་ལ་འབྲེལ་བ་བྱས་ཏེ་ཚུལ་ཁྲིམས་ཀྱི་ཉམས་ལེན་སོགས་ཡག་པོ་འཁྱོང་གིན་མི་འདུག་ཅེས་བཤད་སོང་། སྐད་ཆ་དེ་ཕྱོགས་གཅིག་ནས་བདེན་པ་ཡོད་ངེས་ལ། ཕྱོགས་གཅིག་ནས་རྒྱུས་ལོན་ཡག་པོ་མ་ཐུབ་པའི་དབང་གིས་མི་བདེན་པའང་ཡོད་རྒྱུ་རེད། ཡིན་ན་ཡང་། ང་ཚོའི་ངོས་ནས་བདེན་དང་མི་བདེན་གང་ལྟར་ཡང་རང་གི་ཀུན་སྤྱོད་ཀྱིས་ནང་བའི་བསྟན་པ་སྤྱི་ལ་ཞབས་འདྲེན་དང་གནོད་པ་མི་ཐེབས་པ་ཞིག་དགོས། གྲྭ་གོས་གྱོན་མཁན་གྱིས་ཚུལ་མིན་གྱི་ལས་བྱེད་པ་དེའི་དབང་གིས། མང་ཚོགས་ཀྱི་དད་པ་མེད་པར་བཟོས། ལས་བྱེད་པ་མང་པོར་ཡིད་སུན་པར་བྱས་ཏེ་གྲྭ་བའི་ཚོད་འཛིན་སོགས་བྱས་ན་ནང་བའི་བསྟན་པ་སྤྱི་ལ་གནོད་པ་ཆེན་པོ་འདུག


དེས་ན་ང་ཚོ་གྲྭ་བ་དག་གིས་ཀུན་སྤྱོད་ཡག་པོ་གནང་དགོས་པ་རེད་མ་གཏོགས། གྲྭ་བ་རྫུན་མ་དང་གྲྭ་བའི་གོས་གྱོན་ཏེ་ཚུལ་མིན་གྱི་བྱ་བ་བྱེད་མཁན་དག་ཇེ་མང་དུ་སོང་ན། བདག་ཅག་གི་སྟོན་པས། བསྟན་པ་འདི། ང་མིན་ང་འདྲས་བཤིགས། །ཞེས་གསུངས་པ་ལྟར། ནང་པའི་བསྟན་པ་འདི་འཇིག་སེམས་ཐག་རེད། དཔེར་ན། ད་སྔ་ཡན་ཆོད་ཀུན་སྤྱོད་ངན་པ་དེ་དག་གིས་མང་ཚོགས་ཀྱི་དད་པ་ལ་ཅི་འདྲའི་གས་ཆག་བཏང་འདུག གཞུང་གི་ལས་བྱེད་པས་ལྟ་སྟངས་ཅི་འདྲ་བཟུང་འདུག རྒྱུ་མཚན་དེས་ན། གྲྭ་བ་ཕན་ཚུན་བར་བརྡ་རེ་བཏང་། ཕན་ཚུན་བར་སྐད་ཆ་རེ་བཤད་ནས་ཀུན་སྤྱོད་ཡག་པོ་གནང་དགོས་མ་གཏོགས། ནང་བསྟན་ལ་གནོད་པ་འདུག་ཅེས་སེམས་ན་བའི་སྐད་ཆ་རེ་བཤད་རོགས། ཁྲི་ཐོག་ལ་བཞུགས་མཁན་གྱི་བླ་མ་དག་གིས་ཀྱང་། མངོན་ཤེས་མེད་ཀྱང་ཡོད་མདོག་སོགས་བསྟན་ནས་མཐའ་མཇུག་རྫུན་རྐུབ་རྡོལ་འོང་གིན་ཡོད་པ་རེད། དེས་ན་རྫུན་མི་བཤད་པར་དྲང་བདེན་དང་གནས་ལུགས་གཙིགས་སུ་བཟུང་ནས་སངས་རྒྱས་ཀྱིས་གསུངས་པ་ལྟར་གྱི་བླང་དོར་དང་བསྟུན་ཅི་ཐུབ་བྱེད་རོགས། ཀུན་སྤྱོད་ཀྱིས་གཞན་གྱི་ཡིད་སེམས་འགུག་ཐུབ་པ་ཞིག་བྱ་དགོས། ང་ལྟ་བུའི་མི་ཆུང་ཆུང་ཞིག་གིས་འདི་ལྟར་བཤད་ན་ནུས་པ་ཆེན་པོ་མི་འདུག་ན་ཡང་། བསམ་བློ་རེ་བཏང་དགོས་པར་འདུག་ཅེས་སྐུལ་མ་བྱས་པ་ཙམ་གྱི་དོན་ཡིན།


ནང་དོན་ཡོངས་ཁུངས། ཐུབ་པའི་རྗེས་རབས་སྤྱི་སྟེགས།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།