Tibetan Web Featured

ཇོ་ནང་དྲུག་མཆོད་ཉིན་མོ་དཀར་ཟས་ཀྱི་ཉིན་མོ་ཞིག་ཏུ་འགྱུར་བའི་ཐད་ལ་བྱམས་བརྩེའི་འབོད་སྐུལ་ཞུས་པ།

ཐུབ་བསྟན་རིག་འཛིན།

ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཀུན་མཁྱེན་དོལ་པོ་སངས་རྒྱས་ཤེས་རབ་རྒྱལ་མཚན་དཔལ་བཟང་པོའི་ཞབས་ལ་སྒོ་གསུམ་གུས་པས་འདུད་ཅིང་།

དོན་འདི་འགྲུབ་པར་དབུགས་དབྱུང་སྩོལ་ཅིག

དེའང་ཇོ་ནང་དྲུག་མཆོད་ཅེས་ཡོངས་སུ་གྲགས་པ་འདི་ནི་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཀུན་མཁྱེན་དོལ་པོ་སངས་རྒྱས་ཤེས་རབ་རྒྱལ་མཚན་དཔལ་བཟང་པོའི་ཞབས་རྟག་འཛིན་ཅན་གྱི་གདུལ་བྱ་རྣམས་འདུལ་བའི་དོན་དུ་ཞིང་གཞན་དུ་གཤེགས་པའི་ཚུལ་བསྟན་པའི་ཉིན་མོ་ཡིན་ལ། འདི་ལ་བོད་ཟླ་བཅུ་གཅིག་པའི་ཚེས་དྲུག་དང་། བོད་ཟླ་བཅུ་པའི་ཚེས་དྲུག་ལ་ངོས་འཛིན་མཁན་གཉིས་སྔོན་ནས་ད་བར་དུ་བྱུང་འདུག་ཅིང་། སོ་སོ་ལ་སྒྲུབ་བྱེད་ཀྱང་འདུག འདིར་དེ་གཉིས་གང་ཡིན་གྱི་སྐོར་ལ་དཔྱད་པ་མི་བྱེད་ཅིང་། གང་དུའང་ངོས་འཛིན་ཞུ་རྒྱུ་མིན། མདོར་ན་རང་རང་གིས་གང་ལ་ངོས་འཛིན་གྱིན་ཡོད་ན་བདག་གི་རེ་བ་ལ་དེའི་ཉིན་མོ་ནི་དཀར་ཟས་ཀྱི་ཉིན་མོ་ཞིག་ཏུ་ངོས་འཛིན་གནང་རོགས་ཞུ་ཞུས་པ་ཡིན།
དེ་ཡང་སྟོན་པ་ཐབས་མཁས་ལ་ཐུགས་རྗེ་ཆེན་པོ་དང་ལྡན་པ་གང་གིས་བཀའ་འཁོར་ལོ་ཐ་མའི་མདོ་སྡེ་རྣམས་སུ་ཤའི་གནང་བཀག་ཇི་ལྟར་གསུངས་ཡོད་མེད་ནི་རྣམ་པ་ཚང་མར་མཁྱེན་གསལ་ལྟར་ལགས་ཤིང་། དེའི་རྐྱེན་གྱིས་ཁོང་གི་རྗེས་དྲན་གྱི་དོད་དུ་ང་རང་ཚོས་ལོ་རེ་རེའི་ས་ག་ཟླ་བ་ནི་དཀར་ཟས་ཀྱི་ཟླ་བར་ངོས་འཛིན་གྱིན་ཡོད་པ་རེད།
དེ་དང་འདྲ་བར་ང་རང་ཚོ་ཇོ་ནང་པ་ཞིག་ལ་མཚོན་ན་ཀུན་མཁྱེན་དོལ་པོ་སངས་རྒྱས་མཆོག་གི་རྗེས་འཇུག་ཅིག་ཡིན་པའི་ངོས་ནས་ཀུན་མཁྱེན་ཆེན་པོ་ཁོང་གིས་ཤའི་གནང་བཀག་གི་སྐོར་ལ་ཁོང་གིས་མཛད་པའི་(ཤ་ཆང་བཀག་པའི་ལུང་འདྲེན་)དང་(མཁས་བཙུན་ཡོན་ཏན་རྒྱ་མཚོའི་རྣམ་ཐར་)སོགས་ལས་ཇི་ལྟར་གསུངས་པ་ཕལ་ཆེར་གྱིས་མཁྱེན་བཞིན་པ་ཡིན་ལ། མི་མཁྱེན་མཁན་ཡོད་ན། འོག་ཏུ་ཅུང་ཟད་དགོད་རྒྱུ་ལྟར་འདུག་པས། སྤྱིར་སྐྱེས་བུ་དམ་པ་ཚོར་རྗེས་དྲན་ཞུ་སྟངས་ལ་སྒོ་སྣ་ཚོགས་པ་ཡོད་སྲིད་ཀྱི་རེད་དེ། འཇུ་མི་ཕམ་མཆོག་གིས། དེ་ཡི་ཐུགས་ལ་བརྣག་པའི་ཆོས་བཟུང་ན། །དགོངས་པ་ཡོངས་སུ་རྫོགས་པར་འགྱུར། ཞེས་གསུངས་པ་ལྟར་ཀུན་མཁྱེན་ཆེན་པོ་ཁོང་གིས་སྤྱོད་ཕྱོགས་ནས་ཤའི་ཁ་ཟས་ཀྱི་ཐད་ལ་དགག་པ་ནན་ཏན་དུ་གནང་ཡོད་པས། དྲུག་མཆོད་ཉིན་མོ་དེར་དཀར་ཟས་བསྟེན་རྒྱུ་དེ་ནི་ཁོང་ལ་རྗེས་དྲན་ཞུ་སྟངས་ཡག་ཤོས་ཤིག་ཏུ་མཐོང་། རྗེས་དྲན་ཞུ་སྟངས་གཞན་གྱི་སྒོ་ནས་ཀྱང་ཞུ་མི་ཆོག་པ་དང་ཞུ་མི་རུང་བ་ནི་ག་ལ་ཡིན་མོད།
འདི་ལྟར་བྱས་ཏེ་ཞུས་ན་གཅིག་ཏུ་ཁོང་རིན་པོ་ཆེའི་དགོངས་པ་རྫོགས་པ་དང་། གཉིས་སུ་ཁོང་རིན་པོ་ཆེའི་རྗེས་འཇུག་མི་སྐྱ་གྲྭ་ཇོ་སུ་དང་སུ་ལའང་རྗེས་དྲན་ཞུ་རྒྱུའི་བསོད་ནམས་ཀྱི་བགོ་སྐལ་ཐོབ་པ་དང་། གསུམ་དུ་སྲོག་ལྡན་གྱི་དུད་འགྲོ་རྣམས་ཀྱི་ཚེ་སྲོག་ཀྱང་སྐྱོབ་པས་འཚེ་བ་སྤོང་བའི་ཉིན་མོ་ཞིག་ཏུ་འགྱུར་བ་དང་། བཞི་རུ་སྤྱི་ཚོགས་ཀྱི་ཁ་ཕྱོགས་ལའང་ཤིན་ཏུ་མཚམས་པས། འདི་མཐོང་མཁན་རྣམ་པས་དེ་ལྟར་འགྲིག་མིན་ལ་བརྟགས་ཏེ་འགྲིག་ན་རང་གིས་ཀྱང་དེ་ལྟར་བྱེད་ཅིང་། གཞན་པའང་དེའི་ཕྱོགས་ལ་དགེ་སྐུལ་གནང་རོགས་ཞུ་ཞེས་གུས་པ་ཐུབ་བསྟན་རིག་འཛིན་གྱིས་སོར་བཅུའི་ཐལ་མོ་སྙིང་གར་སྦྱར་ཞིང་ཀུན་མཁྱེན་ཆེན་པོ་ཁོང་གི་ལྟ་སྒོམ་སྤྱོད་གསུམ་གང་གི་ཆ་ལའང་དད་པ་དང་དཀར་ཟས་ཀྱི་ཐད་ལ་ཡི་རང་ཡོད་པ་གཉིས་ཀྱིས་རྐྱེན་བྱས་ཏེ་བྱམས་བརྩེའི་འབོད་སྐུལ་ཞུས་པ་ལགས།

ཀུན་མཁྱེན་དོལ་པོ་ཡབ་སྲས་རྣམས་ཀྱི་ཤའི་གནང་བཀའ་ཐད་ཀྱི་གསུང་འགའ།

ཀུན་མཁྱེན་ཆེན་པོས་མཛད་པའི་མཁས་བཙུན་ཡོན་ཏན་རྒྱ་མཚོའི་རྣམ་ཐར་དངོས་གྲུབ་འབྱུང་གནས་ལས། བསད་ཤ་སྤྱོད་པ་ནི། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་རབ་ཏུ་བཀག་ཅིང་། མཆོག་ཏུ་བཀག་ལ་ཤིན་ཏུ་བཀག་ནའང་དགེ་བཤེས་ལ་ལའི་བསམ་པ་ལ་མ་བཀག་ཅིང་གནང་བ་ཡིན་པས་ཆོས་དང་མི་འགལ་ཞིང་མཐུན་ནོ་སྙམ་ནས་སྤྱད་པས། དེ་དག་གི་རྗེས་འཇུག་ཐམས་ཅད་ཀྱིས་བསམ་པ་ལའང་འདི་ཀ་ཆོས་ཀྱི་ལུགས་རང་ཡིན་སྙམ་པའི་ལོག་ཤེས་ཀྱི་རབ་རིབ་ཀྱིས་བློ་མིག་བསྒྲིབས་ནས། ཆོས་ཀྱི་གནད་མ་མཐོང་ཞིང་མ་རྟོགས་པ་རྣམས་ཀྱི་ལྟ་སྤྱོད་ལོག་པ་ལ་ཞེན་པ་ལོག་ཅིང་། ཆོས་ཀྱི་གནད་ཡིན་པ་ནས་རྟོགས་ཏེ། བསད་ཤ་སྤོང་བའི་ཐུགས་དགོངས་ཀྱང་སྔ་མོ་ནས་{མཁས་བཙུན་ཡོན་ཏན་རྒྱ་མཚོ་ཁོང་གི་}ཐུགས་ལ་འཁྲུངས་པར་འགྱུར་ཏེ། དེའི་རྒྱུ་མཚན། སངས་རྒྱས་ཀྱི་བསྟན་པ་ནི་ཐོག་མར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བ་ཡིན་གྱི། ཐོག་མར་མི་དགེ་བའམ། བར་དུ་མི་དགེ་བའམ། ཐ་མར་མི་དགེ་བ་ནི་དམ་པའི་ཆོས་མ་ཡིན་པའི་ཕྱིར་དང་། སངས་རྒྱས་ཀྱི་ཆོས་ནི། སྡིག་པ་ཅི་ཡང་མི་བྱ་སྟེ། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ཞེས་སངས་རྒྱས་ཀྱི་བསྟན་པའི་དོན་དེ་གསུམ་ལ་གསུངས་པའི་ཕྱིར་དང་། སེམས་ཅན་ལ་འཚེ་བ་ནི་བསྟན་པ་ལས་ཕྱི་རོལ་ཏུ་གྱུར་པ་རྣམས་ཀྱི་ལུགས་ཡིན་གྱི། སངས་རྒྱས་ཀྱི་བསྟན་པ་ནི་སྙིང་རྗེས་ཁྱད་པར་དུ་བྱས་པ་ཡིན་ནོ། །ཞེས་ཆུ་ཚགས་གཏོད་པས་ཉེ་བར་མཚོན་ནས་སེམས་ཅན་ཐམས་ཅད་གནོད་འཚེ་སྤོངས་ཤིག་ཅེས་མཁན་པོའི་གསུང་གིས་ཉེ་བར་བསྟན་པའི་ཕྱིར་དང་། རང་གི་ལུས་ལ་དཔེ་ལོང་ལ། །གཞན་ལ་གནོད་པ་མ་བྱེད་ཅིག །ཅེས་གཞན་ལ་གནོད་པའི་ཆོས་ནི་ཐེག་དམན་གྱི་ཆོས་སུ་ཡང་མི་རུང་ན། ཐེག་ཆེན་གྱི་ཆོས་སུ་ལྟ་ག་ལ་རུང་བའི་ཕྱིར་དང་། སྙིང་རྗེ་མེད་ན་བྱང་ཆུབ་ཀྱི་སེམས་མེད་ཅིང་། དེ་མེད་ན་ཐེག་ཆེན་པར་མི་རུང་ལ། ཆོས་བྱས་ཀྱང་ཐེག་ཆེན་གྱི་ལམ་དུ་མི་འགྱུར་བར་གསུངས་པའི་ཕྱིར་དང་། བྱང་ཆུབ་སེམས་དཔའ་ལ་བདག་གཞན་མཉམ་བརྗེ། བྱང་ཆུབ་ཀྱི་སེམས་མེད་ཀ་མེེད་དུ་གསུངས་ཤིང་། བསད་ཤ་བསྟེན་ན་བདག་གཞན་བརྗེ་བ་ལྟ་ཞོག བདག་གཞན་མཉམ་པ་ཙམ་ཡང་མེད་པར་འགྱུར་བའི་ཕྱིར་དང་། སེམས་ཅན་ཐམས་ཅད་དྲིན་ཅན་ཕ་མ་ཡིན་པས་དེ་གསོད་པའམ་གསོད་པ་ལ་བསྐུལ་ན་ཕ་མ་ལ་གནོད་འཚེ་བྱས་པར་འགྱུར་བའི་ཕྱིར་དང་། སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་སྙིང་བོ་ཅན་ཡིན་པས་ཡི་དམ་ལྷའི་རང་བཞིན་དུ་བཞུགས་པ་ལ་གནོད་འཚེ་བྱས་ན། སངས་རྒྱས་ཐམས་ཅད་མི་མཉེས་ཤིང་། གསང་སྔགས་ཀྱི་དམ་ཚིག་ཉམས་པར་འགྱུར་བའི་ཕྱིར་དང་། སེམས་ཅན་གྱི་སྲོག་ལ་གནོད་ན་བྱམས་པ་དོར་བ་ཆེན་པོར་འགྱུར་བས་རྩ་ལྟུང་བཞི་པར་འགྱུར་བའི་ཕྱིར་དང་། སངས་རྒྱས་ཀྱི་བཀའ་ལས་འདས་པའི་རྩ་ལྟུང་གཉིས་པ་དང་། བླ་མ་དམ་པའི་ལྐོག་ཏུ་བསད་ཤ་ཟོས་ན་བླ་མ་དམ་པའི་ལྐོག་ཏུ་མི་དགེ་བ་བྱས་པས་རྩ་ལྟུང་གཉིས་པར་འགྱུར་བའི་ཕྱིར་དང་། བླ་མ་དམ་པའི་མངོན་སུམ་དུ་བསད་ཤ་ཟོས་ན་དེའི་མངོན་སུམ་དུ་མི་དགེ་བ་བྱས་པས་རྩ་ལྟུང་དང་པོར་འགྱུར་བའི་ཕྱིར་དང་། བརྟུལ་ཞུགས་ཉི་ཤུ་རྩ་ལྔ་ལས་ཀྱང་ཡོངས་སུ་ཉམས་པར་འགྱུར་བའི་ཕྱིར་དང་། ལང་ཀར་གཤེགས་པའི་མདོ་ལས་ཀྱང་། ་་་ དུས་ཀྱི་འཁོར་ལོའི་རྒྱུད་ཕྱི་མར་ཡང་། བསད་ཤ་རྣམ་པ་ཐམས་ཅད་དུ་བཀག་ཅིང་། གལ་ཏེ་ཟོས་ན་ཉེས་པ་དཔག་མེད་འབྱུང་བར་བཀའ་སྩལ་པའི་ཕྱིར་དང་། འགྲེལ་ཆེན་དུ་ཡང་། ་་་ ཞེས་པ་ལ་སོགས་པས་སྡིག་པ་རྣམས་ཀྱི་ནང་ནས། བསད་ཤ་བསྟེན་པ་ལ་ཁྱད་པར་དམིགས་ཀྱིས་བཀར་ནས་ཉེས་དམིགས་དཔག་ཏུ་མེད་པ་ཡོད་པར་གསུངས་པའི་ཕྱིར་དང་། ་་་ སྤྱོད་འཇུག་ཏུ་ཡང་། ་་་ ཞེས་པ་ལ་སོགས་པས་སེམས་ཅན་ལ་གནོད་ན་འཕགས་པ་ཐམས་ཅད་མི་མཉེས་ཤིང་། དམ་པ་རྣམས་ཀྱི་ཐུགས་ཀྱིས་བས་ལ། ཐེག་པ་གསུམ་དང་། སྡེ་སྣོད་གསུམ་དང་། བསླབ་པ་གསུམ་དང་། བཀའ་འཁོར་ལོ་གསུམ་དང་། གྲུབ་མཐའ་བཞི་དང་། རྒྱུད་སྡེ་བཞི་ལ་སོགས་པ་གཞུང་ལུགས་རྣམ་དག་ཟབ་ཅིང་རྒྱ་ཆེ་བ་སོ་སོའི་དགོངས་འགྲེལ་ཟབ་མོ་ཁྱད་འཕགས་དང་བཅས་པ་ཐམས་ཅད་དང་འགལ་ཚབས་ཅན་དུ་གནས་པ་དང་། རྣམ་པར་དག་པའི་མདོ་རྒྱུད་བསྟན་བཅོས་ལུང་རིགས་མན་ངག་ཐམས་ཅད་དང་འགལ་ཚབས་ཅན་དུ་གནས་པ་ལེགས་པར་དགོོངས་པའི་ཕྱིར། ཇོ་ནང་དུ་གདན་ཕེབས་ནས་སྐུ་ཚེ་ཇི་སྲིད་བཞུགས་ཀྱི་བར་དུ་བསད་ཤ་ཅུང་ཟད་ཀྱང་མི་གསོལ་ཞིང་། སྐུ་ཚེ་གཞན་དུ་ཡང་མི་གསོལ་བའི་སྨོན་ལམ་ཡང་ནས་ཡང་དུ་འདེབས་པར་མཛད་ལ། དེ་འདྲའི་གང་ཟག་གཞན་ལ་ཡང་དགྱེས་ཚོར་དང་། དག་སྣང་ཆེན་པོ་མཛད་ཅིང་། བསྟོད་བཀུར་བསྔགས་པའི་གསུང་མང་དུ་བྱོན་ལ། དེ་ལས་བཟློག་པ་རྣམས་ལ་མ་བཟོད་པའི་བརྩེ་བ་ཆེན་པོ་མཛད་དོ། །ཆོས་རྗེ་གོང་མ་{ཀུན་སྤངས་ཐུགས་རྗེ་བརྩོན་འགྲུས་དང་། བྱང་སེམས་རྒྱལ་བ་ཡེ་ཤེས་}གཉིས་ཀྱང་དེ་ལྟར་དུ་མཛད་སྐད། ཅེས་གསུངས།

གཞན་ཡང་རྗེ་དེ་ཉིད་ཀྱིས་ཤ་ཆང་བཀག་པའི་ལུང་འདྲེན་ལས་ཀྱང་། གཉིས་པ་ཤ་ཟོས་པའི་ཉེས་དམིགས་ལ་གསུམ་སྟེ། ་་་ དང་པོ་ཉན་ཐོས་གསུང་གི་བསླབ་པར་བྱ་བ་ནི། ཚོང་དུས་འགྲིམ་ཞིང་ཆེད་དུ་མ་བསད་པ་ཙམ་ཞིག་གནང་ངོ་། །ཞེས་འཆད་མོད་ན་ཡང་། འོག་ནས་བཤད་པར་བྱའོ། །གཉིས་པ་བྱང་ཆུབ་སེམས་དཔའི་བསླབ་པར་བྱ་བར་ཤ་ཡེ་ནས་གནང་བ་མེད་དེ། འཕགས་པ་འཇམ་དཔལ་གྱིས། ་་་ ཅེས་པ་འདི་ནི་གསང་སྔགས་སུའང་གཏོགས་སོ། །བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་གྱི་ཐབས་ཀྱི་ཡུལ་རྣམ་པར་འཕྲུལ་པ་བསྟན་པའི་མདོ་ལས། ་་་ ལང་ཀར་གཤེགས་པའི་མདོར། ་་་ འདུལ་བར་ཡང་། ཤ་ལ་གནང་བའི་སྐབས་མེད་པར་རིགས་དགོངས་ཏེ་རང་སངས་རྒྱས་ཉིད་ཀྱིས་འདུལ་བར་མ་གནང་བར་གསུངས་པའི་ཕྱིར་རོ། །མདོ་རྩར་གནང་ངོ་ཞེ་ན། འདི་གཞི་ཡོད་སྨྲའི་ཡིན་ལ་སྡེ་པ་གཞན་བཞིར་ཡང་ལྟ་དགོས་པའི་ཕྱིར་རོ། །ད་གསུམ་པ་གསང་སྔགས་ཀྱི་བསླབ་བྱ་ལ་གཉིས་ཏེ། ་་་ ཐེག་པ་ཆེན་པོ་གསང་སྔགས་སུ་གནང་བ་མ་ཡིན་ནམ་ཞེ་ན། འདི་ལ་བརྗོད་པར་བྱ་སྟེ། འདིར་བསད་པའི་ཤ་ནི་ཡེ་ནས་མ་གནང་སྟེ། ་་་ འོ་ན་ཤ་ལྔ་ལ་སོགས་ཇི་ལྟར་ཞེ་ན། དེ་ལ་འདིར་རང་བཞིན་གྱིས་ཤི་བ་སྟེ། ཤའི་ཆེད་དུ་མ་བསད་པའི་ཤ་ལྔ་ལ་བདུད་རྩིའི་རིལ་ལུ་བསྒྲུབས་ནས་རྒྱ་ཤུག་གི་ཚིག་ཙམ་རྣལ་འབྱོར་པས་དམ་ཚིག་གི་དོན་བཟའ་བར་བྱ་སྟེ། ལུས་ཀྱི་སྟོབས་འཕེལ་བ་དང་། རིགས་ཀྱི་ང་རྒྱལ་བཅག་པ་དང་། སེམས་ཅན་དེ་དག་དྲང་བར་བྱེད་པའི་དོན་ཏོ། །འདིར་རྣལ་འབྱོར་པས་ཤ་ཟོས་པའི་སེམས་ཅན་དེ་དག་དྲང་ནུས་པ་མ་གཏོགས་པས་ཤ་བཟའ་བར་བྱ་བ་མིན་ཏེ། ཀྱེའི་རྡོ་རྗེར། ཤ་ནི་མཁས་པས་བཟའ་བྱ་བ། །སེམས་ཅན་དེ་དེ་དབང་འགྱུར། །ཞེས་གསུངས་པ་ལྟར་རོ། ། ་་་ ཀྱེ་མ་མདོ་རྒྱུད་ཉི་ཟླ་མ་མཐོང་ཞིང་། །མུན་པའི་ཁྲོད་དུ་དམུས་ལོང་ནོར་བུ་ཚོལ། །ཟས་ལ་སྲེད་པས་རྒྱལ་ལ་སྐུར་བ་འདེབས། །ཀྱེ་མ་འགྲོ་བའི་གནས་གཅིག་གང་དུ་ཡོད། །ཅེས་གསུངས། གཞན་ཡང་ཁོང་རིན་པོ་ཆེས་འགྲེལ་ཆེན་དྲི་མ་མེད་པའི་འོད་ཀྱི་མཆན་འགྲེལ་དུའང་གསུངས་ཡོད།
ཀུན་མཁྱེན་རིན་པོ་ཆེའི་ཐུགས་སྲས་ལོ་ཙྪ་བ་ཆོས་གྲགས་དཔལ་དང་། སྨན་ཆུ་ཁ་བ་བློ་གྲོས་རྒྱལ་མཚན་རྣམ་གཉིས་ཀྱིས་ཀུན་མཁྱེན་རིན་པོ་ཆེའི་སྐྱེས་རབས་ཁྱད་འཕགས་མཆན་བཅས་ལས་ཀྱང་། {མདོ་མཛངས་བླུན་ཆེན་པོ་ལས། སྙིང་རྗེ་ཆེན་པོས་སེམས་ཅན་སྐྱོབ། །ཀུན་སྙིང་བརྩེ་བའི་མཆི་མ་ཟག །དགའ་བ་ཆེན་པོས་གསོལ་བར་བྱ། །བྱང་ཆུབ་སེམས་དཔའི་སྤྱི་བོར་ལྡན། །ཞེས་གསུངས་པ་ལྟར།} སེམས་ཅན་ཐམས་ཅད་ལ་ཚད་མེད་པའི་སྙིང་རྗེ་ཆེན་པོའི་{སྐྱེས་པའི་}མཐུས་བསད་ཤ་{སྐྱེས་པའི་}མཐུས་བསད་ཤ་{སྐྱེ་བ་དེའི་}གསོལ་མ་མྱོང་སྐྱེ་བ་ཕྱི་མར་མི་གསོལ་བའི་སྨོན་ལམ་{ཡང་ཡང་}མཛད་དོ། །དེའི་རྒྱུ་མཚན་ནི། ལང་ཀར་གཤེགས་པའི་མདོར། ་་་ དུས་འཁོར་རྩ་བའི་རྒྱུད་ལས། ་་་ ཞེས་སོགས་རྒྱུ་མཚན་གཞན་ལ་ཡང་ཡང་གསུངས་སོ། །ཞེས་གསུངས།
ཀུན་མཁྱེན་རིན་པོ་ཆེའི་ཐུགས་སྲས་ཞང་སྟོན་བསོད་ནམས་གྲགས་ཀྱིས། ཆོས་རྗེ་ཐམས་ཅད་མཁྱེན་པའི་བསྟོད་པ་ཁྱད་འཕགས་ལས་ཀྱང་། ཁ་ཅིག་གསང་སྔགས་སྤྱོད་པ་ལ། །ཤ་ནི་མེད་དུ་མི་རུང་ཞེས། །སྙིང་རྗེ་སྤངས་ནས་བསད་པའི་ཤ། །ཇི་ཙམ་ཡོད་པ་ཟ་བར་བྱེད། །ཁྱེད་ནི་རྣམ་དག་རྒྱུད་བཞིན་དུ། །སེམས་ཅན་འཚེ་བ་བྱས་པའི་ཤ། །ཟོས་ན་སྡིག་ཆེན་འགྱུར་རོ་ཞེས། །ཐུགས་རྗེ་ཆེན་པོའི་སྤྱོད་པ་མཛད། །ཅེས་གསུངས།
ཀུན་མཁྱེན་རིན་པོ་ཆེའི་ཐུགས་སྲས་ས་བཟང་ལོ་ཙྪ་བ་བློ་གྲོས་རྒྱལ་མཚན་གྱིས། བློ་སྦྱོང་དོན་བདུན་མའི་འགྲེལ་བ་རབ་གསལ་སྣང་བ་ལས་ཀྱང་། ལོག་པའི་འཚོ་བ་རྣམས་སྤང་བར་བྱ་སྟེ། བདག་ནི་དེ་རིང་ཤི་ཡང་བླའི། །ལོག་འཚོས་ཡུན་རིང་གསོན་མི་རུང་། །ཞེས་དང་། ་་་ བསད་པའི་ཤ་ཟ་བ་དང་། མྱོས་པར་འགྱུར་བའི་ཆང་འཐུང་བ་ལ་སོགས་པའི་འཚོ་བས་ནི་ངན་སོང་དུ་ལྟུང་བར་གསུངས་པའི་ཕྱིར་རོ། །རྣམ་གསུམ་དག་པའི་ཤ་གནང་བ་མ་ཡིན་ནམ་ཞེ་ན། མ་ཡིན་ཏེ། བཅོམ་ལྡན་འདས་ཀྱིས། མ་འོངས་དུས་ཀྱི་མི་དག་ནི། ། ་་་ མདོ་སྡེ་ཆེན་པོ་རྣམས་ལས་རྣམ་གྲངས་མང་པོའི་སྒོ་ནས་བཀག་པའི་ཕྱིར་རོ། །འགོག་པའི་རྒྱུ་མཚན་ཡང་། ཤ་ཡི་དོན་དུ་ནོར་སྦྱིན་བྱེད། ། ་་་ ཤ་ཉོས་ནས་ཟ་བ་པོ་དང་ཁེ་འདོད་ནས་གསོད་པོ་གཉི་གའང་སྡིག་པའི་ལས་ཀྱི་དབང་གིས་དམྱལ་བ་ངུ་འབོད་ལ་སོགས་པར་ཡུན་རིང་འཚེད་པ་ཤིན་ཏུ་སྙིང་རྗེ་བའི་ཕྱིར་རོ། །གསང་སྔགས་ལས་ཤ་བསྟེན་པར་གསུངས་པ་ཡང་གླང་པོ་ཆེ་ལ་སོགས་ཤའི་དོན་དུ་བསད་པ་མ་ཡིན་པ་ལས་ཀྱིས་ཤི་བའི་ཤ་ལ་དགོངས་པ་ཡིན་གྱི། བསད་པའི་ཤ་ཟ་བར་གསུངས་པ་ནི་མ་ཡིན་ཏེ། དྲི་མེད་འོད་ལས་བསོད་ནམས་ཀྱང་སེམས་ཅན་ལ་ཕན་བཏགས་པ་ལས་འགྱུར་གྱི་ལྷ་དང་ཕ་མེས་ཀྱི་དོན་དུ་སྲོག་བཅད་པ་ལས་ནི་མ་ཡིན་ནོ་ཞེས་བསོད་ནམས་འདོད་པས་སྒྲུབ་མཆོད་དང་འདས་མཆོད་ལ་སོགས་པའི་དོན་དུ་བསད་ཤ་སྤྱོད་པ་ནི་ཐུགས་རྗེ་ཆེན་པོས་བཀག་པའི་ཕྱིར་དང་། བརྩེ་མེད་ཤ་ཟ་བ་ལ་གསུངས། །ཞེས་བསད་པའི་ཤ་ཟ་བ་ནི་སྙིང་རྗེ་མེད་པ་ཡིན་ལ། དེ་ཡི་རྩ་བ་སྙིིང་རྗེར་གསུངས། །ཞེས་སྙིང་རྗེ་མེད་ན་བྱང་ཆུབ་ཀྱི་སེམས་མེད་ཅིང་། དེ་མེད་ན་ཐེག་པ་ཆེན་པོའི་དོན་མེད་པའི་ཕྱིར་རོ། །འཕགས་པ་འཇམ་དཔལ་གྱི་རང་གི་ལྟ་བའི་འདོད་པ་མདོར་བསྟན་པར་ཡང་། གསོད་པོ་ནོར་ལ་སྲེད་པ་ནི། ། ་་་ རང་ཉིད་མི་ཟ་བར་ནོར་གྱི་ཆེད་དུ་གསོད་མཁན་ལས་ཀྱང་ཤའི་ཆེད་དུ་ཉོས་ནས་ཟ་མཁན་དེ་བསྐལ་པ་བརྒྱ་འགྱུར་གྱིས་དམྱལ་བར་ཡུན་རིང་དུ་གནས་པར་གསུངས་པས། ཚེ་འདིའི་བདེ་བ་ཅུང་ཟད་ཙམ་གྱི་ཆེད་དུ་ཕྱི་མ་ལ་དམྱལ་བར་བསྐལ་པ་མང་པོར་གནས་པའི་རྒྱུ་བསད་ཤ་ཟ་བ་ནི་ལས་རྒྱུ་འབྲས་ལ་ཡིད་ཆེས་པ་རྣམས་ཀྱིས་སྤང་བར་བྱའོ། །ཆོག་ཤེས་ཅན་འགའ་ཞིག་རྒྱུན་གཅོད་དང་ཆུ་འཐུང་དང་སྔོ་ཚོད་མ་ཙམ་གྱི་འཚོ་བ་ལ་བརྟེན་ནས་ཀྱང་ཆོས་ཕྱོགས་སུ་དཀའ་སྤྱད་བྱེད་པ་ཡོད་ན་དཀར་གསུམ་མངར་ལ་སོགས་པའི་འཚོ་བ་བཟང་པོ་ཡོད་བཞིན་དུ་བསད་ཤ་སྤོང་བ་ཙམ་གྱིས་དཀའ་སྤྱད་མི་ནུས་པ་ཤིན་ཏུ་ཡང་རིགས་པ་མ་ཡིན་ནོ། །ཞེས་གསུངས།
ཡང་རྗེ་དེ་ཉིད་ཀྱིས་བླང་དོར་རབ་གསལ་སྣང་བ་རྩ་འགྲེལ་ལས་ཀྱང་། མྱོས་འགྱུར་ཆང་དང་བསད་པའི་ཤ་ལ་སོགས། །འདི་དང་ཕྱི་མར་གནོད་གྱུར་མ་དག་པ། །ལོག་པའི་འཚོ་བ་དུག་བཞིན་རྣམ་སྤངས་ཏེ། །དག་པའི་འཚོ་བ་བསྟེན་པ་ཤིན་ཏུ་གཅེས། ། ་་་ མདོ་སྡེ་ལས། ཤ་ཡི་ཕྱིར་དུ་ནོར་སྦྱིན་བྱེད། ། ་་་ ཞེས་ཉོས་ནས་ཟ་མཁན་དང་། བསད་ནས་འཚོང་མཁན་གཉིས་ཀ་སྡིག་པ་མཉམ་པས། ངུ་འབོད་ལ་སོགས་པར་སྐྱེ་བར་གསུངས་ལ། གསང་སྔགས་ལས་ཀྱང་། གསོད་པོ་ནོར་ལ་སྲེད་པ་ནི། ། ་་་ ཅེས་ཟ་མཁན་དངོས་སྡིག་པ་བརྒྱ་འགྱུར་གྱིས་ཆེ་བར་གསུངས་པས། བསད་ཤ་སྤང་ཞིང་། ་་་ བསད་ཤ་ཟ་བ་ལ་སོགས་པ་ཉེ་བའི་སྡིག་པ་ལྔ་དང་། ཞེས་གསུངས།
ཡང་རྗེ་དེ་ཉིད་ཀྱིས་མཛད་པའི་བློ་གྲོས་སེང་གེའི་དྲིས་ལན་ལས། དམ་རྫས་ཤ་ཆང་བསྟེན་པར་གསུངས་པ་ཡང་། །གོ་ཀུ་ལ་སོགས་ལས་ཀྱིས་ཤི་བ་དང་། །མྱོས་པར་མི་འགྱུར་ཅུང་ཟད་བསྟེན་པ་སྟེ། །སྲོག་ལ་གནོད་དང་བག་མེད་སྤྱོད་པ་མིན། །ཁྱད་པར་འཚོ་བ་རྣམ་པར་དག་འཚལ་བས། །བསད་ཤ་སྤྱད་པའི་ཉེས་དམིགས་མདོ་རྒྱུད་ལས། །གསུངས་པ་ཇི་བཞིན་གདུལ་བྱ་རྣམས་ལ་ཡང་། །གསུངས་ཏེ་དུག་བཞིན་སྤོང་དུ་འཇུག་པ་གཅེས། །དུག་ཟོས་པས་ནི་ཚེ་འདིའི་འཚོ་བ་དང་། །བྲལ་བ་ཙམ་གྱིས་དམྱལ་བར་འཕེན་མི་ནུས། །བསད་ཤ་ཟོས་ནས་བསྐལ་བ་བྱེ་བ་རུ། །དམྱལ་བར་འཚེད་ཅེས་རྣམ་ངག་ལུང་ལས་གསུངས། །ཞེས་གསུངས།

ནང་དོན་ཡོངས་ཁུངས། ཐུབ་པའི་རྗེས་རབས་བོད་ཡིག་སྤྱི་སྟེགས།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།