WhatsApp-Image-08-25-at-15.48.12

༄༅།།རྗེ་བཙུན་བླ་མ་དམ་པ་རྡོ་རྗེ་སློབ་དཔོན་ཆེན་པོ་ཀུན་དགའ་མཐར་ཕྱིན་རྒྱ་མཚོ་དཔལ་བཟང་བོ་གང་ཉིད་ཀྱི་རྣམ་ཐར་ཞེས་བྱ་བ་བཞུགས་སོ།།

སྐུ༵་མཚན་དཔེའི་འོད་ཟེར་ཕྱོགས་བཅུར་འཕྲོ།།
གསུ༵ང་ཚངས་བས་འགྲོ་བའི་མུན་པ་སེལ།།
ཐུ༵གས་མཁྱེན་པས་བསྐྱེད་རྫོགས་ལམ་བཟང་བསྟན།།
མགོན་བླ་མའི་བཀའ་དྲིན་སྙིང་ནས་དྲན།།

 ཞེས་ཚིགས་སུ་བཅད་པའི་མེ་ཏོག་སྔོན་དུ་གཏོར་ནས་གང་ཞིག་བརྗོད་པར་བྱ་བ་ནི། བདག་ཉིད་ཆེན་པོ་འདི་ཉིད་གང་དུ་འཁྲུངས་བའི་ཡུལ་ནི། བདག་ཅག་གི་སྟོན་པ་རྣམ་འདྲེན་བཞི་བའི་བསླུ་མེད་ལུང་གིས་བསྔགས་པའི་བསིལ་ལྡན་ཁ་བ་གངས་རིས་ཡོངས་སུ་བསྐོར་ཞིང་། མདོ་ཁམས་སྒང་དྲུག་གི་ཡ་གྱལ། འོད་གསལ་ལྷ་ལས་མཆེད་པའི་འཕགས་པ་སྤྱན་རས་གཟིགས་ཀྱི་གདུང་རྒྱུད་དྲི་མ་མེད་པ་རྒྱལ་རོང་རྒྱལ་ཁག་བཅྭོ་བརྒྱད་ཀྱི་ཡ་གྱལ་རྫོང་འགག་ཕུན་ཚོགས་རྣམ་རྒྱལ་རྫོང་གི་རྒྱལ་ཁབ་ཆེན་པོ་འབངས་མི་ཁྱིམ་ཁྲི་དྲུག་གི་ནང་ཚན་ཚ་ཁོ་སྟོད་ཀྱི་ས་ཆ་འབྲོག་རོང་གཉིས་ཀྱི་ས་མཚམས། ཨོ་རྒྱན་པདྨས་དམ་ལ་བཏགས་པའི་བོད་ཀྱི་རྩེ་ལྷ་བཅུ་གསུམ་གྱི་ནང་ཚན་བཞག་ར་སྨན་རྩེ་དང་དཀར་ཕྱོགས་སྐྱོང་བས་ཡུལ་ལྷ་ཆེན་པོ་ཏཱ་ངར་གཉིས་ཀྱི་ཕོ་བྲང་གི་ཉེ་འདབས། མཆོག་གསུམ་ལ་དད་པས་འཚོ་བའི་ཡུལ་སྡེ་སྐར་ཚོགས་ལྟར་བཀྲ་བ། ལུང་རིགས་ཀྱི་ཆོས་སྒྲ་ཕྱོགས་ཀུན་ཏུ་སྒྲོགས་པའི་གདངས་མ་ཉམས་པ་དང་། བསྐྱེད་རྫོགས་ཀྱི་ཉམས་ལེན་གདེང་དང་ལྡན་པའི་དགེ་འདུན་ལི་ཁྲིའི་རྒྱ་མཚོ་ལྟར་གཡོ་བའི་ཞིང་ཆོས་སྡེ་ཁྱད་པར་ཅན་དང་ལྡན་པ། ས་ལ་དགེ་བཅུ་ཚང་ཞིང་མེ་ཏོག་སྣ་ཚོགས་ཀྱི་མགོ་ལྕོག་ལྡེམ་ཞིང་། སྡེ་ཆེན་པོ་གྲོང་སྣར་འདུས་ཞེས་བྱ་བ་ནི་གང་དུ་འཁྲུངས་བའི་ཡུལ་ཡིན་ནོ།།  ཁྲི་བརྒྱད་སྟོང་བ་ལས།བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རིགས་ཆེན་པོ་དག་ཏུ་སྐྱེ་བ་སྟེ། དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རིགས་ཕུན་སུམ་ཚོགས་པ་ཡིན་ནོ།། ཞེས་དང་། ཡང་དེ་ཉིད་ལས། རིགས་གང་ལས་སྔོན་གྱི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་བྱུང་བར་གྱུར་བ་སྟེ། དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རུས་ཕུན་སུམ་ཚོགས་པ་ཡིན་ནོ།།ཞེས་གསུངས་པ་བཞིན་དུ་བདག་ཅག་གི་བཀའ་དྲིན་གསུམ་ལྡན་གྱི་བླ་མ་རྡོ་རྗེ་འཆང་རྗེ་ཀུན་དགའ་མཐར་ཕྱིན་རྒྱ་མཚོའི་སྡེ་ནི། སྐྱེས་བུ་དམ་པ་བསམ་གྱིས་མི་ཁྱབ་པ་བྱོན་པའི་རིགས་རུས་ཕུན་སུམ་ཚོགས་པའི་བྱིན་གྱིས་བརླབས་པའི་རིགས་རྒྱུད་དུ་ཡབ་ལྷ་མཆོག་ཞེས་བྱ་བ་དད་པ་དང་སྙིང་རྗེ་ཆེ་བ་དམ་པའི་ཆོས་ལ་དགའ་ཞིང་གཤིས་རྒྱུད་དྲང་བ་བཟོ་བའི་རིགས་ལ་མཁས་པའི་ཤེས་རབ་དང་ལྡན་པ། རྫོང་འགག་རྒྱལ་པོ་ནས་ཀྱང་ཐུགས་མཉེས་ཤིང་གྲོད་ལ་དབང་བའི་བློན་དུ་གྱུར་བ་དེ་ཉིད་རྗེ་བླ་མ་རིན་པོ་ཆེའི་ཡབ་དང་ཡུམ་ནི་མཁར་དགུ་ཏ་འདུས་ཀོའི་མཚོ་སྨན་ཞེས་བྱ་བ་མཁའ་འགྲོ་མའི་མཚན་རྟགས་དང་ལྡན་པ་བུད་མེད་ཀྱི་སྐྱོན་བརྒྱད་བྲལ་བ། ངོ་ཚ་ཤེས་ཤིང་ཁྲེལ་གཞུང་ཆེ་བ་ཆོས་ལ་བློ་དཀར་ཞིང་དད་པ་ཆེ་བ་དེ་ལྟ་བུའི་བུད་མེད་མཚན་ཉིད་དང་ལྡན་མ་དེ་ཉིད་ཡུམ་ལགས་སོ།། 

རྡོ་རྗེ་འཆང་རྗེ་ཀུན་དགའ་མཐར་ཕྱིན་རྒྱ་མཚོ་དཔལ་བཟང་པོ་ཁོང་ནི་རབ་བྱུང་བཅོ་ལྔ་བའི་མེ་ཕོ་སྟག་གི་ལོ་སྟེ་སྤྱི་ལོ་༡༩༢༥ལོའི་རྒྱལ་བའི་ཆོས་འཁོར་དང་པོ་བསྐོར་བའི་དུས་ཆེན་ཧོར་ཟླ་དྲུག་པའི་དཀར་ཕྱོགས་ཀྱི་གཟའ་སྐར་ཕུན་སུམ་ཚོགས་པའི་ཉི་ཤར་འབྲུག་གི་དུས་སུ་སྐུ་ལེགས་པར་བལྟམས། སྐབས་དེར་ཕུན་སུམ་ཚོགས་པའི་འབྱོར་བ་བླ་ལྷག་རྒྱས་པའི་རྟགས་སུ་དར་དཀར་བོ་ལྟ་བུའི་ཕྲུ་མའི་གོས་དང་བཅས་ཏེ། ཡུམ་ལ་སྙུང་ཟུག་ཅུང་ཟད་ཀྱང་མེད་པའི་གཟུགས་སྐུ་ཟླ་བའི་སྒྲོན་མེ་མངོན་པར་འཁྲུངས་བར་གྱུར་ཏོ།། དམ་པ་གང་ཉིད་ཀྱི་དགོན་པ་ནི། འཛམ་གླིང་སའི་ལྟེ་བ་རྒྱ་གར་རྡོ་རྗེ་གདན་གྱི་བྱང་ཕྱོགས། ལྷ་སྐལ་ཕྱག་ན་པདྨོའི་འཕྲིན་ལས་གྱིས་དུས་ཀུན་སྐྱོང་བ། རྒྱལ་བསྟན་ཉི་མ་གཞོན་ནུ་ཆེས་ཆེར་གསལ་བའི་ཡུལ་གྲུ། བཅུ་ཕྲག་རིག་གནས་ཀྱི་གཟི་བྱིན་ལྷམ་མེར་འཕྲོ་ཞིང་། འཛམ་གླིང་ས་སྒང་ཧྲིལ་པོ་ན་སྙན་གྲགས་ཀྱི་བ་དན་གཡོ་བའི་རི་ཁ་བ་གངས་ཅན་བོད་ཀྱི་ཡུལ་འདི་ལ། མདོ་ཁམས་སྒང་དྲུག་ཏུ་གྲག་པའི་ཡ་གྱལ། སྟོད་ཕྱོགས་རྒྱལ་མོ་རོང་གི་ཆར་གཏོགས། དེ་ཡང་ཆོས་རྗེ་༧རྒྱལ་བ་བཟང་ཞེས་གྲུབ་པའི་རྟགས་མཚན་ཅིར་ཡང་ངོམ་ཞིང་འཕྲིན་ལས་བཞི་ལ་མངའ་དབང་འབྱོར་བ་དཔལ་ལྡན་རྒྱལ་བ་ཇོ་ནང་བའི་སྐྱེས་བུ་ཆེན་པོ་གང་ཉིད་ཀྱིས། ཕྱི་ལོ་༡༤༤༠ལ་དགོན་འདི་ཐོག་མར་བཏབ་པར་གྲགས་ཤིང་། འདི་ཡང་ཁོང་གིས་མདོ་སྨད་དུ་དགོན་པ་བརྒྱ་དང་བཅུ་གསུམ་བཏབ་པའི་ནང་ཚན་ཡིན་པར་གྲག་གོ།

རྒྱལ་རོང་སྣར་འདུས་ཆོས་འཁོར་བདེ་ཆེན་གླིང་ཞེས་པའི་དགོན་པ་འདི་ནི་དམ་པ་ཁོང་གི་དགོན་པའོ།། དེ་ནས་ཉིན་ཞག་ལོ་ཟླའི་འཕྲེང་བ་ལ་རིམ་གྱིས་བསྐྱེད་བསྲིངས་བའི་ཚེ།   བསྐལ་བ་དཔག་ཏུ་མེད་པའི་སྔ་རོལ་ནས་ཚུལ་མཐུན་བག་ཡོད་ཀྱི་སྤྱོད་པ་ལ་ཡོངས་སུ་གོམས་པའི་བག་ཆགས་ཀྱི་མཐུ་ཉེ་བར་སད་དེ། སྐུ་ན་འཕྲ་མོའི་དུས་ནས་བྱིས་པ་ཕལ་བ་ལྟར་ངུ་བ་ཉལ་བ་སོགས་མི་བྱེད་པར་སྤྱན་ཕྱེ་སྟེ། སྐུ་དྲང་བོར་ལུས་ཤིན་སྦྱངས་འགྲུབ་པའི་ཚུལ་དུ་བཞུགས་ཤིང་ཞལ་གྱི་འཛུམ་སོགས་སྐྱེ་དགུ་ཐམས་ཅད་ཀྱིས་མཐོང་ན་དགའ་བ་ཐམས་ཅད་ངོ་མཚར་བ་ཞིག་དང་། སྐུ་ནར་ཅུང་ཟད་སོན་པའི་དུས་སུ་ཡང་ཐ་མལ་བ་དང་སྤྱོད་པ་ཡེ་མི་མཐུན་པ་འཁོར་བ་མཐའ་དག་སྡུག་བསྔལ་གྱི་རང་བཞིན་དུ་གཟིགས་པ་དང་།  བྱང་ཆུབ་གྱི་སེམས་དང་བྱམས་སྙིང་རྗེ་སོགས་ཡོན་ཏན་དུ་མ་ལྷན་སྐྱེས་སུ་མངའ་བ།  ཞལ་གྱི་འཛུམ་མདངས་དང་སྤྱན་གྱིས་གཟིགས་སྟངས་སོགས་ཀྱང་མཛངས་བའི་བློ་གྲོས་དང་ལྡན་པའི་རྒྱལ་བའི་སྲས་ཀྱི་སྤྱོད་པ་དག་ངོ་མཚར་བ་ཞིག་གོ།

དགའ་བོ་རབ་ཏུ་བྱུང་བའི་མདོ་ལས།  རབ་ཏུ་བྱུང་བ་རྣམས་ནི་བསིལ་ཁང་དུ་གནས་པ་ལྟ་བུའོ། ཞེས་དང་།ཆོ་འཕྲུལ་ཆེན་པོའི་མདོ་ལས།སྨད་པར་བྱ་བའི་ཁྱིམ་ལ་བསྟེན་པ་དེས། །བླ་མེད་བྱང་ཆུབ་དམ་པ་གཞལ་མི་ཐོབ། །ཁྱིམ་གྱིས་སྐྲག་སྟེ་ཁྱིམ་ནས་མངོན་བྱུང་བ། །དེ་དག་བྱང་ཆུབ་མཆོག་འདི་རྙེད་མི་དཀའ། །ཞེས་དང་།སྐྱེས་རབས་ལས།གལ་ལྟེ་ཆོས་སྤྱོད་ཁྱིམ་པའི་བསོད་ནམས་འཆོར། །ཁྱིམ་ལ་ཕྱོགས་པ་ཆོས་ཀྱང་ག་ལ་འགྲུབ།  །དེ་བས་ཆོས་དང་འགལ་བའི་སྐྱོན་ཡོད་ཕྱིར། །བདག་ལ་ཕན་འདོད་སུ་ཞིག་ཁྱིམ་ལ་གནས།།ཞེས་གསུངས་པ་ལྟར་ཁྱིམ་དང་འཁོར་བ་ལ་ཐུགས་གཏིང་ནས་སྐྱོ་སྟེ་ངེས་འབྱུང་དང་རབ་ཏུ་བྱུང་བ་དང་། ཐར་བའི་ཡོན་ཏན་གྱིས་ཐུགས་འཕྲོག་སྟེ་བསྟན་པའི་གཞི་མ་དང་།  ཡོན་ཏན་གྱི་འབྱུང་གནས་རབ་ཏུ་བྱུང་བ་དང་། འཁོར་བའི་རྒྱ་མཚོ་སྡུག་བསྔལ་གྱི་རང་བཞིན་དུ་མཐོང་ནས་ངེས་འབྱུང་དང་བསྟན་འགྲོ་ལ་ཕན་པའི་ཐུགས་བསྐྱེད་རླབས་ཆེན་བསྐྱེད་དེ། དགུང་གྲངས་དྲུག་ཙམ་ནས་བླ་མ་བསྟེན་ནས་བསྟན་པའི་ཆོས་སྒོར་ཞུགས།  དེ་ཡང་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་སྤྲུལ་བ། ཁམས་གསུམ་འགྲོ་བ་སྒྲོལ་བའི་དེད་དཔོན་ཆེན་པོ། བསླབ་གསུམ་ཡོངས་སུ་འཛིན་པའི་དགེ་བའི་བཤེས་གཉེན་ཆེན་པོ། རིམ་གཉིས་མཐར་ཐུག་རྟོགས་པའི་གྲུབ་ཐོབ་ཆེན་པོ། དེ་ཉིད་བཅུ་མཐར་སོན་པའི་རྡོ་རྗེ་སློབ་དཔོན་ཆེན་པོ། རྡོ་རྗེ་ནང་གི་ས་ལམ་བཅུ་གཉིས་ལ་དབང་ཐོབ་པའི་རྡོ་རྗེ་འཆང་ཆེན་པོ་མཚན་བརྗོད་པ་དཀའ་བ་དོན་གྱི་སླད་དུ་མཚན་ནས་སྨྲོས་ན། རྗེ་ཀུན་དགའ་འཇམ་དབྱངས་མཁྱེན་རབ་རྒྱ་མཚོ་དཔལ་བཟང་པོའམ་མཚན་གཞན་འཇམ་དཔལ་བཞད་པའི་རྡོ་རྗེ་ཞེས་བྱ་བའི་ཞལ་གྱི་དཀྱིལ་འཁོར་ཐོག་མར་མཇལ་ཏེ་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཐོག་མར་འཇུག་པའི་སྒོ་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བའི་སྡོམ་པ་བླངས་ནས་ནང་པ་སངས་རྒྱས་པའི་སྒོར་ཚུད།  དེ་ནས་དགེ་བསྙེན་གྱི་སྡོམ་པ་ཞུས་ནས་བཀྲ་ཤིས་ཀྱི་མེ་ཏོག་འཐོར་ཞིང་མཚན་བླ་མ་སྐྱབས་སུ་གསོལ། དགུང་ལོ་བདུན་ཙམ་ནས་རྗེ་ཀུན་དགའ་འཇམ་དབྱངས་མཁྱེན་རབ་རྒྱ་མཚོ་དཔལ་བཟང་པོའམ་མཚན་གཞན་འཇམ་དཔལ་བཞད་པའི་རྡོ་རྗེ་རིན་པོ་ཆེ་དེ་ཉིད་ཀྱི་མཁན་པོ། བླ་མ་ཚུལ་ཁྲིམས་རྒྱ་མཚོ་ནས་སློབ་དཔོན།  དགེ་སློང་ངེས་དོན་ཉི་མ་ནས་དུས་གོ་བ་མཛད་པ་སོགས་དགེ་འདུན་གྲངས་ཚང་བའི་དབུས་སུ་བར་མ་རབ་བྱུང་གི་སྡོམ་པ་དང་དགེ་ཚུལ་གྱི་བསླབ་པ་བླངས་ཤིང་། མཚན་ཀུན་དགའ་མཐར་ཕྱིན་རྒྱ་མཚོ་དཔལ་བཟང་པོ་ཞེས་མཚན་གྱི་མེ་ཏོག་སྤྱི་བོར་བཀོད་ནས། བཙུན་ཆུང་འདིས་ངའི་གཉེར་གནས་མཛད་ཀྱང་ཁོ་ལ་ཆོས་པ་དགའ་མོ་ཞིག་ཡོང་ཞེས་ལུང་བསྟན་ཀྱང་གསུངས། དུས་འདི་ནས་བཟུང་སྟེ་སྙིགས་དུས་ཆོས་བརྒྱད་ཆང་གིས་མྱོས་པའི་བླ་ཆེན་རྣམས་དང་མི་འདྲ་བར་ཟས་གོས་གནས་མལ་ཡོ་བྱད་སོགས་ངན་ངོན་ཙམ་གྱིས་ཆོག་ཤེས་པ།  སྤྱོད་པ་མཐའ་གཉིས་ལ་མི་གནས་པ་བཀའ་གདམས་གོང་མའི་རྣམ་ཐར་འཛིན་པའི་སྐུ་བཙུན་པ་མཐར་ཐུག་པར་བཞུགས་པས་ལྷ་དང་བཅས་པའི་བསོད་ནམས་ཀྱི་ཞིང་བླ་ན་མེད་པར་གྱུར་བའོ།།

དགུང་ལོ་ཉི་ཤུ་རྩ་གཅིག་ཐོག་ལ་ཆོས་སྡེ་ཆེན་པོ་ཨ་མཆོག་མཚན་ཉིད་དགོན་གྱི་དགེ་བའི་བཤེས་གཉེན་ཆེན་པོ་གྲགས་པ་ཀླུ་སྒྲུབ་ནས་མཁན་པོ་སོགས་དགེ་འདུན་གྲངས་ཚང་པའི་དབུས་སུ་དགེ་སློང་གི་སྡོམ་པའི་བརྟུལ་ཞུགས་ཆེན་པོ་མངོན་པར་ཡང་དག་པར་སྒྲུབ་པར་མཛད་དོ། །དེ་ཡང་ཁམས་གསུམ་ཆོས་ཀྱི་རྒྱལ་བོ་ཀུན་མཁྱེན་དོལ་པོ་བའི་ཞལ་ནས། ཚུལ་ཁྲིམས་རྣམ་དག་དམ་ཚིག་མ་ཉམས་པར།. །ཆོས་མཆོག་བདུད་རྩི་ལྟ་བུ་འདི་འདྲ་ལ།  །ཐོས་བསམ་སྒོམ་གསུམ་སྤེལ་མར་ཉམས་བླངས་བས།  །རིང་བོར་མི་ཐོགས་ཆོས་ཀྱི་རྒྱལ་བོར་འགྱུར།  །ཞེས་གསུངས་བ་ནང་བཞིན་དུ་ལོ་འགའ་རེ་ཉམས་ལེན་དང་།  ཚུལ་ཁྲིམས་རྣམ་དག་ཙམ་གྱིས་རྒྱལ་བའི་བསྟན་པ་ཡོངས་རྫོགས་ཀྱི་སྒོར་ཞུགས་པ་མ་ཡིན་པར་ཐུགས་ལ་དགོངས་ནས། རྗེ་ཀུན་དགའ་འཇམ་དབྱངས་མཁྱེན་རབ་རྒྱ་མཚོ་སོགས་མཚན་ཉིད་བཅུ་དང་ལྡན་པའི་དགེ་བའི་བཤེས་གཉེན་དམ་པ་མང་པོ་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་དུ་བསྟེན་ཏེ་དམ་པའི་ཆོས་ཀྱི་སྣོད་རུང་གི་ཚུལ་དུ་ཞི་ཞིང་དུལ་བའི་དཔལ་སྐྱེད་པ་དང་། ཆོས་གང་གསན་བཞེས་གནང་སྐབས་སུ་སྣོད་ཀྱི་སྐྱོན་གསུམ་སྤངས་ཏེ།  ལེགས་བཤད་ཀྱི་བདུད་རྩི་ངོམས་མེད་དུ་འཐུང་བ་དང་།  བཤེས་གཉེན་དམ་པ་རྣམས་ཀྱི་བཀའ་གསུང་དེ་རང་རྒྱུད་འདུལ་བའི་གདམས་ངག་ཏུ་བླངས་ནས་བསླབ་པ་གསུམ་གྱི་ཉམས་ལེན་གྱིས་ཐོས་བསམ་སྒོམ་གསུམ་གཅིག་གྲོགས་གཅིག་ཏུ་སོང་བ་བཞིན་སྤེལ་མར་ཉམས་སུ་བླངས་པས་དོན་གྱི་མཁས་པ་རྒྱལ་བའི་གོ་འཕང་ཆེན་པོ་བདག་གིར་མཛད། དེ་ནས་རྡོ་རྗེ་སློབ་དཔོན་ཆེན་པོ་ཁྱབ་བདག་རྡོ་རྗེ་འཆང་རྗེ་ཀུན་དགའ་འཇམ་དབྱངས་མཁྱེན་རབ་རྒྱ་མཚོ་དཔལ་བཟང་བོ་དང་མཁར་རྡོ་རྗེ་འཆང་ཤེས་རབ་ཆོས་འཕེལ་ཡབ་སྲས་གཉིས་ཀྱི་ཞབས་པད་གཙུག་ཏུ་བཀུར་ཏེ། རྒྱུད་ཐམས་ཅད་ཀྱི་རྒྱལ་པོ། དམ་པ་དང་བོའི་སངས་རྒྱས་ནས་བརྒྱུད་པའི་བྱིན་བརླབས་ཀྱི་ཚན་ཁ་མ་ཉམས་པའི་བླ་མའི་མན་ངག་གིས་ཟུར་བརྒྱན་ཏེ། གདམས་པའི་མན་ངག་ཐུན་མོང་སྔོན་འགྲོ་ནས་བཟུང་སྟེ་ཐུན་མིན་སྔོན་འགྲོ་དབེན་པ་གསུམ་དང་རྫོགས་རིམ་སྦྱོར་བ་ཡན་ལག་དྲུག་སོགས་ལོ་བཞི་བཅུ་ལྷག་གི་རང་ལ་གནས་རིས་མེད་དུ་རི་ཁྲོད་ལ་འགྲིམས་ནས་ལས་བཞིས་བསགས་སྦྱངས་བར་ཆད་སེལ་བ་སོགས་བསགས་སྦྱངས་གནད་སྨིན་བྱས། ཐུན་བཞིས་སྒྲུབ་པ་ཉམས་ལེན་བརྩོན་པ་ལྷོད་མེད་དུ་གནང་བ་ནི་ངོ་མཚར་བའི་སྐྱེས་བུ་དམ་པའི་རྣམ་ཐར་རོ།།

དགུང་ལོ་རེ་གསུམ་ཐོག་ལ་རང་ཡུལ་དུ་དཔལ་དུས་ཀྱི་འཁོར་ལོའི་སྦྱོར་བ་ཡན་ལག་དྲུག་གི་སྒྲུབ་སྡེ་གསར་འཛུགས་གནང་སྟེ་ཐོག་མར་གྲྭ་བ་བཅུ་ལྷག་སྦྱོར་དྲུག་ལ་བཞུགས་པ་མ་ཟད།  སྒྲུབ་པའི་རྒྱལ་མཚན་སྒྲེང་བའི་སྒྲུབ་རྒྱུད་ཀྱི་བསྟན་པ་སྤེལ་བའི་རྒྱུན་དུས་ད་ལྟའང་གནས་བཞིན་ཡོད་དོ།།    

རྗེ་དམ་པ་ཁོང་གིས་དུས་འགྱུར་གྱི་ལོ་རྒྱུས་སྡེ་གཟར་ཁྲོད་དཀའ་ཁག་ཇི་ལྟར་བྱུང་ཡང་དེ་ལ་གདོང་གཏད་དེ་གོས་རྣམ་གསུམ་སྐུ་ལ་འབྲལ་མེད་ངང་། མཁས་བཙུན་བཟང་གསུམ་དང་ཚུལ་གནས་དད་བརྩོན་ཤེས་རབ་ཀྱི་བསླབ་པ་དང་བྱམས་སྙིང་རྗེའི་སྤྱོད་མཆོག་ཐུགས་རྒྱུད་ལས་མ་བོར་སྟབས། སྡོམ་བརྩོན་ངུར་སྨྲིག་གི་དེད་དཔོན་ཞེས་ངོ་མཚར་བའི་བསྔགས་རྗོད་དང་གྲགས་སྙན་མེ་ཏོག་གི་འདབ་བརྒྱ་ས་ཆེན་པོ་རྔ་ཡུལ་མན་ཆད་དུ་ཁྱབ་པར་གྱུར་ཡོད། བླ་མའི་ལུང་བསྟན་བཞིན་རང་དགོན་ཆོས་འཁོར་བདེ་ཆེན་གླིང་དང་ལྷར་ཡག་དགོན་སོགས་སུ་མཐའ་ཡས་པའི་གདུལ་བྱ་གང་དག་ལ་བགྲང་བྱ་ཉི་ཤུ་ལྷག་གི་རིང་དུ་ཟབ་མོ་ངེས་གསང་སྦྱོར་བ་ཡན་ལག་དྲུག་གི་གཙོས་ངེས་དོན་ཆོས་གྱི་འཁོར་ལོ་བར་མེད་དུ་བསྐོར་ཏེ་འགྲོ་བ་མང་པོ་ལ་གནས་སྐབས་དང་མཐར་ཐུག་གི་ཕན་པ་རྒྱ་ཆེར་སྤེལ། དེ་ཡང་ལྷག་པའི་ལྷ་དང་བླ་མ་གོང་མ་མང་པོ་ཞིག་གི་ལུང་བསྟན་ནང་བཞིན་དགུང་ལོ་དོན་བརྒྱད་སྟེང་བོད་ཟླ་༦་ཚེས༢༩ཉིན་གདུལ་བྱ་རྟག་འཛིན་ཅན་རྣམས་ཆོས་ལ་བསྐུལ་ཕྱིར་ཞི་བའི་དབྱིངས་སུ་གཟིམས་པའི་ཚུལ་བསྟན་ནས་ཐུགས་དམ་ཉིན་གསུམ་གྱི་རིང་ལ་བཞུགས།   ཇི་སྐད་དུ།  རིམ་གཉིས་སྨོན་ལམ་ལས། ནོར་བུའི་རྩེ་མོར་ཉི་རྡུལ་བརྟན། །གཙུག་ཏོར་བྱང་སེམས་ཟླ་བ་ཉ། །ཞེས་སོགས་རྒྱུད་ཀྱི་དགོངས་པ་ལྟར།  བྱང་སེམས་དཀར་ཆ་སྟེང་དུ་གཤེགས་པ་ཤངས་རྩེ་ནས་ཐོན།  དམར་ཆ་ཐུར་དུ་གཤེགས་ནས་བབས་པ་ཀུན་གྱིས་མཐོང་བ། གདུང་མཆོད་་རིང་ལ་བྱང་སེམས་ཞི་བའི་དྲི་བཟང་གིས་ཆོས་འཁོར་བདེ་ཆེན་གླིང་གི་ཁོར་ཡུག་ཀུན་ལ་ཁྱབ་པ་རྒྱུན་མ་ཆད། དེ་ནས་གྲྭ་ཚང་དང་དགོན་ཁག་མང་པོ་ཕེབས་ནས་རྒྱུད་སྡེ་སོ་སོའི་ཆོ་ག་སོགས་དང་སྨོན་ལམ་རྣམ་པར་དག་པས་མཚམས་སྦྱར་ནས་དགོངས་རྫོགས་མཇུག་མ་གྲུབ་བར་ཆད་མེད་དུ་གསུངས། ལྷ་སྡེ་དང་ཕྱོགས་ཡས་མས་ཀྱི་དད་ལྡན་སློབ་ཚོགས་རྣམས་ཀྱིས་ཉིན་མཚན་མེད་པར་ཕྱག་དང་སྐོར་བ་བྱས་ཏེ་སྐུ་གདུང་སྦྱིན་བསྲེགས་ལ་འབུལ་བའི་བར་དགེ་སྒྲུབ་གང་ལེགས་བྱས།  དེ་ནས་གདུང་འབུལ་བཞུ་ཉིན་སྐྱ་རེངས་ཤར་བ་ནས་ནམ་མཁའ་དྭངས་ཤིང་འཇའ་ཚོན་སྣ་ལྔ་དང་འོད་ཀྱིས་གང་ཞིང་ཉི་ཤར་འབྲུག་གི་དུས་སུ་སྣར་འདུས་ཚོ་བ་ནས་དྲང་ཐད་དུ་སྤྲིན་གྱི་མར་ཐག་ལྟ་བུ་དང་ཁྱད་ཆོས་ངོ་མཚར་བའི་རྟགས་མཚན་མང་པོ་བྱུང་།སྐུ་གདུང་བཞུ་འབུལ་གནང་སྐབས་གདུང་ཁང་གི་བུམ་པའི་ཕྱོགས་བརྒྱད་ནས་སངས་རྒྱས་རིག་ལྔའི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་ཐམས་ཅད་རྫོགས་པར་འགྲུབ་བའི་རྟགས་མཚན་དཀར་སེར་དམར་ལྗང་དང་སྔོན་པོའི་མདོག་ཅན་གྱི་བདུད་རྩི་བབས་པ་དང་། གདུང་བཞུས་རྗེས་གདུང་རུས་དབུ་ཐོད་སྟེང་དུ་ཡིག་འབྲུ་ཧྐྵ་སོགས་མང་པོ་བབས་འདུག་ལ་ཤཱ་རིའི་བུའི་གཟུགས་བརྙན་དང་ཐང་སྟོང་རྒྱལ་པོའི་སྐུ་རང་བྱོན་སོགས་ཐམས་ཅད་རང་བཞིན་དུ་བབས་འདུག་པས་ཀུན་གྱི་མཐོང་བས་དད་པའི་ཡིད་དྲངས། དགོངས་རྫོགས་མ་གྲུབ་བར་དུ་ནམ་མཁའ་ནས་འཇའ་ཚོན་ཤར་བ་སོགས་ངོ་མཚར་བའི་རྟགས་མཚན་རྒྱུན་མ་ཆད།ཡིན་ཡང་བླ་མ་རིན་པོ་ཆེ་ཁོང་གིས་ཞལ་ནས་འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་འབུམ་གཅིག་དང་མི་ཚེ་གང་ལ་དགེ་བ་བསྒྲུབ་པའི་མཐུས་གདུང་རུའི་རྡུལ་ཙམ་ཁ་ལ་ཐོག་པའི་སེམས་ཅན་རྣམས་ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་སུ་སྐྱེ་ཐུབ་པའི་བསྔོ་བ་དང་སྨོན་ལམ་གྱིས་མཚམས་སྦྱར་ཡོད་ཅེས་གསུངས་པས།ཞལ་ཆེམས་ཇི་བཞིན་གདུང་རུས་ཚང་མས་གདུང་ཚྭ་དཔར་ནས་གནས་མཆོག་པདྨ་འབྱུང་གནས་ཞེས་བྱ་བའི་གནས་དེར་བླ་མ་གྲྭ་ཚང་དང་སློབ་འབངས་ཡོངས་ཀྱིས་གདུང་ཚྭ་གདན་དྲངས་ནས་གཡས་སུ་འཁྱིལ་བའི་ཆུ་ནང་དུ་གཤེགས། དེ་ནས་གྲྭ་ཚང་དང་སློབ་འབང་དག་གིས་གསོལ་ཇ་བཞེས་སྐབས་གདུང་ཚྭའི་ཁང་བཟང་ཡང་ཆུས་མ་འཁྱེར་བར་གཡས་སུ་འཁྱིལ་བའི་ཆུའི་སྟེང་དུ་རང་བཞིན་དུ་གནས་པའི་རྟགས་སོགས་ཉིན་དེར་ཡང་ནམ་མཁའ་ནས་འཇའ་འོད་སྣ་ཚོགས་རྟགས་ངོ་མཚར་བ་མང་།  དེ་ནས་བླ་མ་གྲྭ་ཚང་དང་སློབ་འབང་རྣམས་རང་ཡུལ་དུ་བྱོན་རྗེས་ཁང་བཟང་དེ་རང་བཞིན་དུ་ཆུའི་ནང་དུ་ཐིམ་པ་སོགས་རྟགས་མཚན་མང་པོ་གནས་དེར་གྲོང་བ་དག་གིས་དངོས་སུ་མཐོང་བ་སོགས་ངོ་མཚར་བའི་རྟགས་མང་ཀྱང་ཚིག་ཚོགས་མང་བས་མ་བྲིས་སོ།།

ཚེ་རབས་དུ་མར་བྱམས་བརྩེས་ཉེར་བསྐྱངས་བའི།།
རྒྱལ་བ་ཀུན་ལས་ལྷག་པའི་དྲིན་ཆེན་རྗེ།།
རྫོགས་པའི་བྱང་ཆུབ་མ་ཐོབ་བར་དུ་བདག།
མཚན་ལྡན་བླ་མ་ཁྱེད་ལ་སྐྱབས་སུ་མཆི།།

ཞེས་པ་འདི་ནི་ཡང་སྤྲུལ་ཀུན་དགའ་ངག་དབང་མཁྱེན་རབ་རྒྱ་མཚོའི་བཀའ་མ་ལྡོག་ཙམ་དུ་དམ་པ་གང་གི་སློབ་བུ་ཞིག་གིས་༢༠༢༦བོད་ཟླ་༦ཚེས་༢༥ཉིན་བྲིས་པའོ།།

ནང་དོན་ཡོངས་ཁུངས། ཤམྦྷ་ལའི་བོད་ཡིག་སྤྱི་སྟེགས།

ཇོ་ནང་སྣར་འདུས་དགོན་ཆོས་འཁོར་བདེ་ཆེན་གླིང་།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།