ཀླུ་སྒྲུབ་ཀྱི་སྔོན་དུ་སེམས་ཙམ་པ་ཡོད་མེད་ཀྱི་སྐོར་གླེང་བ།

ཀླུ་སྒྲུབ་ཀྱི་སྔོན་དུ་སེམས་ཙམ་པ་ཡོད་མེད་ཀྱི་སྐོར་གླེང་བ།

རྩོམ་པ་པོ།  དབུ་མ་འཛིན་གྲྭའི་ལྷ་སྐྱབས། 

བླ་མ་དང་དབྱེར་མ་མཆིས་པའི་མགོན་པོ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །

【བརྗོད་སྙིང་།】བཤད་ཚུལ་རྙིང་པ་ལ་ཨུ་ཚུགས་དང་གསར་པ་ལ་ཨ་གསར་མི་བྱེད་པར་གཟུར་གནས་ཀྱི་སྒོ་ནས་དཔྱད་པ་ལ་ཞུགས་ཏེ་ཀླུ་སྒྲུབ་ཀྱི་སྔོན་དུ་སེམས་ཙམ་པ་བྱུང་ཡོད་མེད་ལ་གསལ་ཁ་ཞིག་བཏོད་རྒྱུ་ནི་ཐོག་མའི་དམིགས་ཡུལ་ཡིན། དཔྱད་རྩོམ་འདིའི་བརྗོད་བྱ་གཙོ་བོ་ནི་ཐོག་མར་ཀླུ་སྒྲུབ་བྱུང་བའི་དུས་ཚིགས་ལ་འདོད་ཚུལ་མི་འདྲ་བ་ཡོད་པ་དག་ངོས་འཛིན་གསལ་བོར་བྱས་ཡོད། དཔེར་ན། སངས་རྒྱས་འདས་ནས་ལོ་བཞི་བརྒྱ་ལོན་སྐབས་སུ་བྱུང་བ་བུ་སྟོན་དང་རྗེ་བཙུན་ཏཱ་ར་ནཱ་ཐ་སོགས་ཀྱི་གསུང་ཚུལ་དང་། སྤྱི་ལོ་༡༢༠ནས་༣༠༠་བར་དུ་བྱུང་བ་ཞིབ་འཇུག་པ་དག་གི་འདོད་ཚུལ་གསལ་བོར་བཤད་ནས། ཀླུ་སྒྲུབ་ཀྱི་སྔོན་དུ་སེམས་ཙམ་པ་མེད་པར་འདོད་པའི་ཞིབ་འཇུག་པ་དག་གི་འདོད་ཚུལ་དེ་ལ་རྒྱུ་མཚན་སྟོབས་ལྡན་མེད་པ་དང་། དེ་ལས་ཀླུ་སྒྲུབ་ཀྱི་སྔོན་དུ་སེམས་ཙམ་པ་ཡོད་པའི་སྒྲུབ་བྱེད་ཀྱི་ཁུངས་བཙན་ཚུལ་བསྟན་ཡོད། འདིར་སྐད་བརྡ་རིག་པའི་ཐབས་ལམ་གཙོ་བོར་སྤྱད་ནས་དཔྱད་ཞིབ་བྱས་ཡོད། དཔེར་ན། ཀླུ་སྒྲུབ་ཀྱི་སྔོན་དུ་སེམས་ཙམ་པའི་ཐ་སྙད་དང་“ཀུན་གཞི་”ལྟ་བུའི་ཐུན་མིན་གྱི་ཆོས་སྐད་དང་“སྣང་བ་ཐམས་ཅད་སེམས་ཙམ་ཡིན་པ་དང་རྣམ་ཤེས་བདེན་གྲུབ་”ལྟ་བུ་སེམས་ཙམ་པའི་ལྟ་གྲུབ་དག་བྱུང་ཡོད་པས་སེམས་ཙམ་པ་བྱུང་ཟིན་པ་ཚོད་དཔག་བྱེད་པ་ལྟ་བུ་ཡིན། དཔྱད་རྩོམ་འདིས་ཞིབ་འཇུག་པ་དག་གིས་གང་བཤད་ན་དེའི་རྒྱབ་ལྗོངས་ཀྱི་རྒྱུ་མཚན་ལ་མི་བལྟ་བར་དེ་ཧ་ཅང་ཚད་ལྡན་དང་ཁུངས་ལྡན་ཡིན་པར་རློམ་པ་དང་། སེམས་ཙམ་པ་ཟེར་བ་དེ་ཐོགས་མེད་ཡབ་སྲས་ཀྱིས་གསར་བཏོད་བྱེད་པ་དང་ཐོགས་མེད་ཡབ་སྲས་ལས་སྔོན་ཐེག་ཆེན་ནི་དབུ་མ་ཁོ་ན་ཡིན་སྙམ་པའི་མཐར་ལྷུང་གི་འདོད་པ་རྒྱུད་ལྡན་དག་ལ་དོན་མི་འགྱུར་གྱི་ཐེ་ཚོམ་རེ་འདྲེན་ཐུབ་སྙམ་མོ།།

【གནད་ཚིག】ཀླུ་སྒྲུབ། སྒྲ་གཅན་འཛིན་བཟང་པོ། སེམས་ཙམ་པ། ཀུན་གཞི། 

【གླེང་གཞི།】 (དང་པོ། ཁ་བྱང་འདེམས་པའི་རྒྱབ་ལྗོངས་དང་དོན་སྙིང་།)  རྗེ་ཙོང་ཁ་པས་《ཀུན་གཞི་རྒྱ་ཆེར་འགྲེལ།》ལས་ཐོགས་མེད་ཡབ་སྲས་ཀྱི་སྔོན་དུ་ཐེག་ཆེན་གྱི་གྲུབ་མཐའ་ལ་དབུ་མ་པ་ཁོ་ན་ལས་སེམས་ཙམ་པ་མེད་པ་དང་སེམས་ཙམ་པའི་གྲུབ་མཐའ་ཐོགས་མེད་དབྱིག་གཉེན་སོགས་ཀྱིས་གསར་བཏོད་ཡིན་པར་བཤད་པས་གནས་སྐབས་ཤིག་ལ་བོད་ཀྱི་མཁས་པ་དག་གི་ཁྲོད་དུ་འདོད་ཚུལ་འདི་ཡོངས་གྲགས་སུ་གྱུར། དེས་རྗེས་སུ་དེ་ལ་དགག་པ་བྱེད་མཁན་གཙོ་བོ་ཞིག་ས་སྐྱའི་མཁས་པ་ཆེན་པོ་པཎ་ཆེན་ཤཱཀྱ་མཆོག་ལྡན་ཡིན་ལ། ཁོང་གིས་《བཤེས་གཉེན་མུས་པ་རབ་འབྱམས་པའི་དྲི་ལན་མཐོང་བ་དོན་ལྡན་གྱི་སྐོར་》ལས་ཐོགས་མེད་དབྱིག་གཉེན་གྱི་བསྟན་བཅོས་དང་སྔགས་ཀྱི་བསྟན་བཅོས་དག་གི་སེམས་ཀྱི་འོད་གསལ་བ་འདི་གཙོ་བོར་བརྗོད་བྱ་བྱེད་པ་དང་འཆད་ཚུལ་དག་མཚུངས་བས། ཐོགས་མེད་དབྱིག་གཉེན་གྱི་བསྟན་བཅོས་སེམས་ཙམ་པའི་བསྟན་བཅོས་ཡིན་ན་སྔགས་ཀྱི་རྒྱུད་སྡེ་དག་ཀྱང་སེམས་ཙམ་པའི་བསྟན་བཅོས་ཡིན་དགོས་པའི་བསམ་ཚུལ་བཏོན། དེའི་རྗེས་སུ་རྗེ་བཙུན་ཏཱ་ར་ནཱ་ཐས་ཀླུ་སྒྲུབ་ཀྱི་སྔོན་དུ་སེམས་ཙམ་པའི་སློབ་དཔོན་ལྔ་བརྒྱ་དང་བསྟན་བཅོས་ཅི་རིགས་པར་བྱུང་བ་《རྒྱ་གར་ཆོས་འབྱུང་》དུ་གསུངས་ཤིང་དེ་ནི་ཡིག་ཆ་རྙིང་བའི་ཁུངས་དང་ལྡན་ཞིང་གཞན་དང་མི་འདྲ་བའི་བཤད་ཚུལ་ཁྱད་ཆོས་ཅན་ཞིག་ཡིན། ཞིབ་འཇུག་པ་དག་གིས་འདས་པའི་ལོ་མང་པོ་ཞིག་གི་རིང་ལ་ཐབས་ལམ་སྣ་ཚོགས་ཀྱི་སྒོ་ནས་དཔྱད་ཞིབ་བྱས་ཀྱང་ཡོངས་གྲགས་སུ་ཁས་ལེན་ཐུབ་པའི་གཅིག་གྱུར་གྱི་གྲུབ་དོན་ཞིག་མ་རྙེད། འོན་ཀྱང་རྒྱུགས་ཆེ་བའི་འདོད་ཚུལ་ནི་སེམས་ཙམ་པ་ཀླུ་སྒྲུབ་ཀྱི་རྗེས་སུ་བྱུང་པ་དེ་ཡིན་པ་འདྲ། ཞིབ་འཇུག་གི་ལས་ཀ་འདི་མགོ་བཟུང་ནས་ལོ་བརྒྱ་ཕྲག་སོང་ཟིན་ཀྱང་བོད་པ་ཚོས་མཐོང་ཐོས་སུ་མ་གྱུར་པ་རེད། དགའ་འོས་པ་ཞིག་ལ་ཁང་དཀར་ཚུལ་ཁྲིམས་མཆོག་གིས་ཞིབ་འཇུག་པའི་དཔྱད་ཞིབ་དག་ཕྱོགས་སྡོམ་བྱས་པའི་ཁོང་གི་དཔྱད་རྩོམ་དག་གིས་བོད་ཡུལ་ནས་སྒེའུ་ཁུང་གསར་བ་ཞིག་ཕྱེས་པ་རེད། ཁང་དཀར་ཚུལ་ཁྲིམས་ཀྱི་བཤད་ཚུལ་གཞིར་བཟུང་ནས་ཀརྨ་པ་འཕྲིན་ལས་རྡོ་རྗེའི་《སེམས་ཙམ་སུམ་ཅུ་པའི་འགྲེལ་པ་ཞལ་གསུང་མས།》བོད་ཀྱི་བཤད་གྲྭ་བའི་སྡེ་ཁག་ལ་གསལ་བརྡ་ཞིག་དང་ལྷག་ཏུ་ཇོ་ནང་པའི་དཔེ་ཆ་བ་ཁ་ཤས་ལ་འུར་ཞིག་བསླངས་ཡོད་པ་འདྲ།

གང་ལྟར་སེམས་ཙམ་པའི་གྲུབ་མཐའ་ནི་ཐོགས་མེད་ཡབ་སྲས་ཀྱིས་གསར་བཏོད་ཅིག་ལས་དེའི་སྔོན་དུ་མེད་པ་དང་། ཐོགས་མེད་ཡབ་སྲས་ཀྱི་བསྟན་བཅོས་ཐམས་ཅད་སེམས་ཙམ་པའི་བསྟན་བཅོས་ཡིན་པ་སྙིང་པོར་བཟུང་བའི་རིགས་གཞུང་དཔྱད་གླེང་འདི་འདྲ་ཞིག་སླེབས་ཡོང་དུས། ཇོ་ནང་བའི་རིགས་གཞུང་ལྟ་གྲུབ་ཀྱིས་འདི་ལ་གདོང་ཐུག་ཅིག་མི་རྒྱག་ཀ་མེད་དུ་གྱུར་ཡོད། ཞིབ་འཇུག་པ་ཕལ་ཆེ་བ་དང་སྔོན་ནས་ད་བར་གྱི་བོད་ཀྱི་མཁས་པ་མང་པོ་ཞིག་གིས་ཀླུ་སྒྲུབ་ཀྱི་སྔོན་དུ་སེམས་ཙམ་པ་མེད་པར་འདོད་པས། སེམས་ཙམ་པ་ཐོགས་མེད་ཡབ་སྲས་ཀྱིས་གསར་བཏོད་དང་། ཐོགས་མེད་ཡབ་སྲས་ཀྱི་བསྟན་བཅོས་དག་སེམས་ཙམ་པའི་བསྟན་བཅོས་སུ་འདོད་པ་འདི་ད་སྐབས་ཕྱི་ནང་གཉིས་ལ་ཡོངས་གྲགས་ལྟ་བུར་གྱུར་ཡོད། འོན་ཀྱང་བདེན་པ་དང་གནས་ལུགས་ནི་འདོད་མཁན་མང་ཉུང་གིས་ཐག་གཅོད་ཐུབ་པ་ཞིག་མ་ཡིན་ཏེ། དཔེར་ན། དུས་ཡུན་ལོ་བརྒྱ་ཕྲག་ཡས་མས་ལ་འཛམ་གླིང་གི་ཚན་རིག་པ་ཚང་མས་གཅིག་གྱུར་གྱི་ཁས་ལེན་ཐོབ་པའི་ཚན་རིག་གི་ལྟ་ཚུལ་མང་པོ་ཞིག་མཐར་ཧྲིལ་གྱིས་འདོར་དགོས་པར་གྱུར་པ་ལྟ་བུ་རེད། ཡིན་ན་ཡང་བདེན་དོན་དང་གནས་ལུགས་ཤིག་ར་སྤྲོད་དགོས་ན་དེའི་རྒྱབ་ལྗོངས་སུ་རིག་གནས་པའི་སྡེ་ཚན་སྟོབས་ལྡན་ཞིག་དགོས་པ་རེད། འོན་ཀྱང་དོགས་གནས་འདིའི་སྐོར་གྱི་དཔྱད་རྩོམ་དང་རྩོམ་ཡིག་འབོར་ཆེན་ཞིག་གིས་སེམས་ཙམ་པ་ཀླུ་སྒྲུབ་ཀྱི་རྗེས་སུ་བྱུང་བ་དེ་ཧབ་ཐོབ་བྱེད་པས། ཀླུ་སྒྲུབ་ཀྱི་སྔོན་དུ་སེམས་ཙམ་པ་ཡོད་པའི་རྒྱུ་མཚན་མང་པོ་ཞིག་སྣང་མེད་དུ་ཤོར་འདུག ཁོ་བོའི་དཔྱད་རྩོམ་འདིར་ཀླུ་སྒྲུབ་ཀྱི་སྔོན་དུ་སེམས་ཙམ་པ་མེད་པའི་རྒྱུ་མཚན་དང་། ཀླུ་སྒྲུབ་ཀྱི་སྔོན་དུ་སེམས་ཙམ་ཡོད་པའི་རྒྱུ་མཚན་གཉིས་བསྡུར་བ་བྱས་ཏེ། ཀླུ་སྒྲུབ་ཀྱི་སྔོན་དུ་སེམས་ཙམ་པ་ཡོད་པའི་རྒྱུ་མཚན་གྱིས་ཁུངས་བཙན་ཚུལ་གསལ་བཤད་བྱས་ཡོད་དོ།།

(གཉིས་པ། ཐབས་ལམ།)འདིར་སྐད་བརྡ་རིག་པའི་ཐབས་ལམ་གཙོ་བོར་སྤྱད་ཡོད། སེམས་ཙམ་པའི་ཐ་སྙད་དང་། སེམས་ཙམ་པའི་ཐུན་མོང་མ་ཡིན་པའི་ཆོས་སྐད་ “ཀུན་གཞི་དང་ངོ་བོ་ཉིད་གསུམ་”་དང་།  “སྣང་བ་ཐམས་ཅད་སེམས་ཙམ་ཡིན་པ་དང་རྣམ་ཤེས་བདེན་གྲུབ་”སྟེ་སེམས་ཙམ་པའི་ལྟ་གྲུབ་ཀླུ་སྒྲུབ་ཀྱི་སྔོན་དུ་ཐོན་ཡོད་པ་དང་། ལང་གཤེགས་ལུང་འདྲེན་བྱས་ཡོད་པ་དང་སེམས་ཙམ་པའི་ཐུན་མོང་མ་ཡིན་པའི་ཆོས་སྐད་ཐོན་ཡོད་པའི་ཀླུ་སྒྲུབ་ཀྱི་གསུང་དུ་གྲགས་པའི་བསྟན་བཅོས་མང་པོ་ཞིག  ཀླུ་སྒྲུབ་ཀྱི་གསུང་ཡིན་པ་སྔོན་གྱི་རྒྱ་གར་གྱི་མཁས་པ་མང་པོ་ཞིག་གིས་ཁས་ལེན་པ་སོགས་རྒྱུ་མཚན་མང་པོ་དང་ཞིབ་འཇུག་པ་དག་གི་གཏན་ཚིགས་གཉིས་བསྡུར་བ་དང་གོང་བསྒྲིགས་ནས་ཀླུ་སྒྲུབ་ཀྱི་སྔོན་དུ་སེམས་ཙམ་པ་ཡོད་པར་བསྒྲུབས་ཡོད། 

【གཞུང་དངོས།】 ས་བཅད་། (ཀ-ཁ-ག-ང-) བཞི་ལས། ཀ-སྡེའི་ནང་དུ་བྲམ་ཟེ་སྒྲ་གཅན་འཛིན་བྱུང་བའི་དུས་ཚིགས་ལ་བརྟེན་ནས་ཀླུ་སྒྲུབ་བྱུང་བའི་དུས་ཚིགས་ངོས་འཛིན་བྱས་ཡོད། (ཁ-ག-ང-) སྡེ་བ་འདི་དག་གི་ནང་དུ་རིམ་བཞིན་རྗེ་བཙུན་ཏཱ་ར་ནཱ་ཐས་ཀླུ་སྒྲུབ་ཀྱི་སྔོན་དུ་སེམས་ཙམ་པ་བྱུང་བར་འདོད་ཚུལ་དང་། ཞིབ་འཇུག་པའི་དཔྱད་ཐབས་གཞིར་བྱས་ཀྱང་ཀླུ་སྒྲུབ་ཀྱི་སྔོན་དུ་སེམས་ཙམ་པ་ཡོད་པར་སྒྲུབ་ཐུབ་ཚུལ་བཤད་ཡོད། 

ཀ—ས་བཅད་དང་པོ། ཀླུ་སྒྲུབ་བྱུང་བའི་དུས་ཚིགས་ལ་དཔྱད་པ། 

  ཞིབ་འཇུག་པའི་ཀླུ་སྒྲུབ་བྱུང་བའི་དུས་ཚིགས་ངོས་འཛིན། 

ཞིབ་འཇུག་པ་དག་ལ་ནང་ཁུལ་དུ་འདོད་ཚུལ་མི་འདྲ་བ་མང་པོ་ཡོད། ཁང་དཀར་ཚུལ་ཁྲིམས་ཀྱི་《ཆོས་འབྱུང་ལེགས་བཤད་དཀའ་གནད་མདུད་འགྲོལ་མ་ལས།》“ཉི་ཧོང་གི་མཁས་པ་སློབ་དཔོན་ཨི་ཧ་ཁུ་རྗུ་(Hakuuju) ཡིས་ཀླུ་སྒྲུབ་ཕྱི་ལོ་༡༥༠ནས་༢༥༠བར་འཚོ་གཞེས་གནང་བར་གསུངས་པ་འདི་ལ་རྣམ་པར་དག་པའི་རྒྱབ་རྟེན་གྱི་རྒྱུ་མཚན་མང་བས་མཁས་པ་མང་པོ་ཞིག་གིས་འཐད་ཕྱོགས་སུ་ཞལ་བཞེས་གནང་བར་ལྟར་འཐད་པ་ཡིན། དེའི་རྒྱུ་མཚན་ཡང་དང་པོ་ལོ་ཆེན་གཞོན་ནུའི་སྲོག་(鳩摩羅)གི་འགྱུར་བྱང་ཆུབ་སེམས་དཔའ་ཀླུ་སྒྲུབ་རྣམ་ཐར་(龍��菩萨傅)དུ་ཀླུ་སྒྲུབ་མྱ་ངན་ལས་འདས་ཏེ་དེ་བར་ལོ་བརྒྱ་ལྷག་འདས་ཞེས་གསལ་ལ། ལོ་ཆེན་གཞོན་ནུའི་སྲོག་ཕྱི་ལོ་༤༠༡་ལོར་རྒྱ་ནག་ཐང་གི་རྒྱལ་ས་ཁྲང་ཨན་དུ་ཞབས་སོར་འཁོད་འདུག་པས་དེ་ནས་ལུགས་ལྡོག་གིས་བརྩིས་ན་ཀླུ་སྒྲུབ་དེའི་གོང་རོལ་ལོ་སུམ་བརྒྱར་མྱ་ངན་ལས་འདས་པར་ངོས་འཛིན་བྱེད་དགོས། གཉིས་པ་ལོ་ཆེན་གཞོན་ནུའི་སྲོག་གིས་སློབ་དཔོན་མཐིང་མིག་ཅན་(青目)གྱི་རྩ་ཤེའི་འགྲེལ་བ་དང་མཉམ་དུ་རྩ་ཤེ་རྒྱ་ནག་གི་སྐད་དུ་བསྒྱུར་ཡོད། ལོ་ཆེན་གྱིས་སྐུ་གཞོན་ནུའི་ཚེ་ཤ་ཤའི་རྒྱལ་སྲས་སཱུར་ཡ་སོ་མ་(莎車王子須利耶蘇摩) ལ་དབུ་མ་རྩ་ཤེའི་གསན་བཞེས་གནང་ཡོད་པས་ན་སློབ་དཔོན་མཐིང་མིག་ཅན་གྱི་འགྲེལ་བ་ཡོད་པའི་དབུ་མ་རྩ་ཤེ་ཕྱི་ལོ་༣༥༠གོང་དུ་བརྩམས་ནས་བཞུགས་པར་རྩོད་པ་མེད། ཕྱོགས་མཚུངས་ལོ་ཆེན་གྱིས་སཱུར་ཡ་སོ་མ་ལ་འཕགས་པ་ལྷའི་བརྒྱ་པ་(百論)དང་། ཀླུ་སྒྲུབ་ཀྱི་སྒོ་བཅུ་གཉིས་པའི་བསྟན་བཅོས་(十二門論)ཀྱང་གསན་བཞེས་གནང་ཡོད། རྒྱུ་མཚན་དེ་དག་ལ་བརྟེན་ནས་སློབ་དཔོན་མཐིང་མིག་ཅན་སཱུར་ཡ་སོ་མའི་གོང་རོལ་མི་རབས་ཡིན་པས་ན་སློབ་དཔོན་མཐིང་མིག་ཅན་ཕྱི་ལོ་༣༠༠གོང་རོལ་དུ་བྱོན་པ་བསམ་ཞིབ་ནུས་པ་ཡིན། [་་་་་་་་་་་་] ལྷག་པར་སློབ་དཔོན་མཐིང་མིག་ཅན་གྱི་རྩ་ཤེའི་འགྲེལ་བ་རབ་བྱེད་ཉེར་བདུན་པར་བཞི་བརྒྱ་པའི་ལུང་འདྲེན་ཡོད་པས་སློབ་དཔོན་ཀླུ་སྒྲུབ། འཕགས་པ་ལྷ།མཐིང་མིག་ཅན། སཱུར་ཡ་སོ་མ།གཞོན་ནུའི་སྲོག་བཅས་ལ་བརྒྱུད་ཡོད། དེ་ནས་ལུགས་ལྡོག་ཞིབ་རྩིས་བརྒྱབ་ན་སློབ་དཔོན་ཀླུ་སྒྲུབ་ཕྱི་ལོ་༡༥༠ནས་༢༥༠ཙམ་ལ་འཚོ་གཞེས་གནང་བར་ཚོད་དཔག་ནུས།” ཞེས་བཤད་ཡོད། 

འོ་ན་འདི་ནི་རྩོད་མེད་ཡོངས་གྲགས་ཀྱི་ཁས་ལེན་ཐུབ་པ་ཞིག་ཡིན་ནམ་ཟེར་ན་མ་ཡིན་ཏེ།  མཁས་པ་ལ་མོ་ཏོས་(Lamotte)ཀླུ་སྒྲུབ་འཚོ་གཞེས་དུས་རབས་ཕྱི་ལོ་༢༤༣ནས་༣༠༠ཙམ་ལ་ངེས་པར་ཚོད་དཔག་གནང་། མཁས་པ་ཝེན་ཀ་ཏ་ར་མ་ནན་(VenkataRamanan) གྱིས་ཀླུ་སྒྲུབ་འཚོ་གཞེས་ཕྱི་༥༠ནས་༡༢༠ཙམ་ལ་ངེས་པར་ཚོད་དཔག་གནང་། མཁས་པ་རོ་བྷིན་སོང་(Robinsonགིས་ཀླུ་སྒྲུབ་འཚོ་གཞེས་དུས་རབས་གསུམ་པ་ལ་ངེས་པར་ཚོད་དཔག་གནང་། ཞིབ་འཇུག་པ་འདི་དག་གི་འདོད་ཚུལ། ཁང་དཀར་ཚུལ་ཁྲིམས་ཀྱི་《ཆོས་འབྱུང་ལེགས་བཤད་དཀའ་གནད་མདུད་འགྲོལ》ལས་བཤུས། དེས་ན་ཞིབ་འཇུག་པ་དག་ལ་ཡང་ཀླུ་སྒྲུབ་བྱུང་བའི་དུས་ཚིགས་ཐུན་མོང་ཞིག་མེད་པ་གསལ་བོ་རེད།  ཀླུ་སྒྲུབ་བྱུང་བའི་དུས་ཚིགས་ཐུན་མོང་ཞིག་མེད་ན། ཀླུ་སྒྲུབ་ཀྱིས་མཛད་པའི་བསྟན་བཅོས་དང་དངོས་སློབ། སྐབས་དེའི་རིག་རྫས་དངོས་པོ་སོགས་བྱུང་བའི་དུས་ཚིགས་ཀྱང་ཐུན་མོང་ཞིག་མེད་པ་ཤུགས་ལ་གོ་ཐུབ།  རྒྱུ་མཚན་དེའི་ཕྱིར་ཞིབ་འཇུག་པ་དག་གིས་ཡོངས་གྲགས་སུ་ཁས་ལེན་ཐུབ་པའི་ཀླུ་སྒྲུབ་བྱུང་བའི་དུས་ཚིགས་ཤིག་གཏན་ཁེལ་བྱེད་ཐུབ་མེད་པ་དེ་ “ང་ཚོས་ཤེས་རྒྱུ་ཧ་ཅང་གལ་ཆེ།” 

ཁང་དཀར་ཚུལ་ཁྲིམས་ཀྱིས་ལོ་ཆེན་གཞོན་ནུའི་སྲོག་གིས་བཤད་པའི་ཀླུ་སྒྲུབ་བྱུང་བའི་དུས་ཚིགས་དེ་རྒྱུ་མཚན་གཞན་དག་ལ་ལྟོས་ན་འཐད་ཕྱོགས་སུ་བཟུང་ཆོག་པའི་རྒྱུ་མཚན་དུ། 《ཆོས་འབྱུང་ལེགས་བཤད་དཀའ་གནད་མདུད་འགྲོལ་》ལས།“འོན་ཀྱང་ལོ་ཆེན་གཞོན་ནུའི་སྲོག་(鳩摩羅)དུས་རབས་[ཀྱི་]ཆ་ནས་ཀླུ་སྒྲུབ་དང་ཐག་ཉེ་བ་དང་། ཤེར་ཕྱིན་དང་། དབུ་མའི་གཞུང་ལུགས་ལ་གསན་བཞེས་དཔྱིས་ཕྱིན་པར་མཛད་པའི་མཁས་གྲུབ་ཆེན་པོ་ཞིག་ཡིན་པས་ན་ལོ་ཆེན་འདིས་བཀའ་གནང་བའི་ལོ་རྒྱུས་རྣམས་ཅུང་ཟད་ཁུངས་བཙན་པར་མངོན།” ཞེས་བཤད་མོད།འོན་ཀྱང་《འཕགས་པ་སྤྲིན་ཆེན་པོ་སྟོང་ཕྲག་བཅུ་གཉིས་པ་》ལས། “ཀུན་དགའ་བོ་ལི་ཙྪ་བཱི་གཞོན་ནུ་སེམས་ཅན་ཐམས་ཅད་ཀྱིས་མཐོང་ན་དགའ་བ་ཞེས་བྱ་བ་འདི་ནི་ང་མྱ་ངན་ལས་འདས་ནས་ལོ་བཞི་བརྒྱ་ལོན་པ་ན་ཀླུ་ཞེས་བྱ་བའི་དགེ་སློང་དུ་གྱུར་ནས་ངའི་བསྟན་པ་རྒྱས་པར་རབ་ཏུ་བསྟན་ཏེ། མཐར་གྱིས་རབ་ཏུ་དང་བའི་འོད་ཅེས་བྱ་བའི་འཇིག་རྟེན་གྱི་ཁམས་སུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡེ་ཤེས་འབྱུང་གནས་འོད་ཅེས་བྱ་བར་འགྱུར་རོ།།” ཞེས་དང་།  (འདི་《འཇུག་པ་རང་འགྲེལ་》དུ་དྲངས་ཡོད་པ་ལས་ད་ལྟ་མདོ་ན་ཇི་བཞིན་པ་མེད།)  《འཇམ་དཔལ་རྩ་རྒྱུད་ལས།》 “དེ་བཞིན་གཤེགས་པ་ང་འདས་ནས། །ལོ་ནི་བཞི་བརྒྱ་ལོན་པ་ན། །དགེ་སློང་ཀླུ་ཞེས་དེ་འབོད་འབྱུང་། །བསྟན་པ་ལ་ནི་དད་ཅིང་ཕན། །རབ་ཏུ་དགའ་བའི་ས་ཐོབ་པ། །ལོ་ནི་དྲུག་བརྒྱ་དག་ཏུ་འཚོ། །རིག་པ་རྨ་བྱ་ཆེན་མོ་ནི། །”ཞེས་གསུངས་ཤིང་སངས་རྒྱས་འདས་ནས་ལོ་བཞི་བརྒྱ་ལོན་སྐབས་སུ་ཀླུ་སྒྲུབ་བྱུང་བར་ལུང་བསྟན་པའི་མདོ་འདི་གཉིས་ཀྱི་དུས་ཚིགས་ཀླུ་སྒྲུབ་དང་དུས་མཉམ་མམ་ཡང་ན་ཤིན་ཏུ་ཉེ་བ་ཞིག་ཡིན་པ་འདྲ་སྟེ། ཁང་དཀར་ཚུལ་ཁྲིམས་ཀྱི་《ཆོས་འབྱུང་ལེགས་བཤད་དཀའ་གནད་མདུད་འགྲོལ་》ལས།“གོང་གསལ་མདོ་རྒྱུད་རྣམས་[ལུང་བསྟན་པའི་མདོ་སོགས་]རྒྱ་ནག་འགྱུར་གྱི་དུས་རབས་སོགས་ཕྱོགས་གང་ས་ནས་བརྟག་དཔྱད་བྱས་འབྲས་སློབ་དཔོན་ཀླུ་སྒྲུབ་བྱོན་རྗེས་སུ་ཕྱོགས་སྒྲིག་མཛད་པར་དོགས་པ་མེད།”ཅེས་ཀླུ་སྒྲུབ་ཀྱི་རྗེས་སུ་བྱུང་བར་བཤད་པ་དང་། 

རྗེ་བཙུན་ཏཱ་ར་ནཱ་ཐའི་(༡༥༧–༡༦༣༥)《རྒྱ་གར་ཆོས་འབྱུང་ལས།》 “དེའི་ཚེ་འཕགས་པས་གཟུངས་མང་པོ་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་སྤྱན་དྲངས་པས་ཉན་ཐོས་རྣམས་ཀླུ་སྒྲུབ་ཀྱིས་བརྩམས་སོ་ཟེར་རོ། །དེ་ཕྱིན་ནས་ཐེག་ཆེན་གྱི་མདོ་སྡེ་གསར་དུ་བྱོན་པ་མེད་དོ། །”ཞེས་ཀླུ་སྒྲུབ་མྱ་ངན་ལས་འདས་རྗེས་སུ་ཐེག་ཆེན་གྱི་མདོ་གཅིག་ཀྱང་བྱུང་མེད་པར་གསུངས།  དེས་ན་ལུང་བསྟན་གྱི་མདོ་དེ་གཉིས་ཀླུ་སྒྲུབ་བྱུང་རྗེས་སུ་ཕྱོགས་སྒྲིག་བྱས་པ་དང་། ཀླུ་སྒྲུབ་འདས་རྗེས་སུ་ཐེག་ཆེན་གྱི་མདོ་གཅིག་ཀྱང་མ་བྱུང་བ་གཉིས་གོང་བསྒྲིགས་ན། ལུང་བསྟན་གྱི་མདོ་དེ་གཉིས་ཀླུ་སྒྲུབ་ཀྱི་དུས་སྐབས་སུ་བྱུང་བ་གསལ་ལོ།།   

ཡང་འཕགས་པ་སྤྲིན་ཆེན་པོའི་ལུང་བསྟན་གྱི་ཚིག་དེ་རྩོད་མེད་ཀྱི་མཁས་པ་ཆེན་པོ་དཔལ་ལྡན་ཟླ་བས་འཇུག་པ་རང་འགྲེལ་དུ་དྲངས་ཡོད་པས་ཧ་ཅང་ཚད་ལྡན་ཡིན་པ་དང་། རྒྱ་གར་གྱི་མཁས་པས་ཀྱང་ཀླུ་སྒྲུབ་སངས་རྒྱས་འདས་ནས་ལོ་བཞི་བརྒྱ་ལོན་ཚེ་བྱུང་བར་འདོད་པ་གསལ་ལོ།། 

   རྗེ་བཙུན་ཏཱ་ར་ནཱ་ཐའི་ཀླུ་སྒྲུབ་བྱུང་བའི་དུས་ཚིགས་ངོས་འཛིན་ཚུལ། 

རྗེ་བཙུན་ཏཱ་ར་ནཱ་ཐའི་གསུང་ཚུལ་གཞིར་བྱས་ན་ཀླུ་སྒྲུབ་སྤྱི་ལོའི་སྔོན་གྱི་དུས་རབས་གཉིས་པའི་ནང་བྱུང་བར་གསལ་ཏེ།  རྗེ་བཙུན་ཏཱ་ར་ནཱ་ཐའི་《སྒྲོལ་མའི་རྒྱུད་ཀྱི་ལོ་རྒྱུས་གསེར་གྱི་ཕྲེང་བ་ཞེས་བྱ་བ་》ལས།   “རྒྱལ་བ་མྱ་ངན་ལས་འདས་ནས། ལོ་སུམ་བརྒྱ་ལྷག་པ་ཙམ་ཉན་ཐོས་རྣམས་ཀྱིས་བཀའ་བསྡུ་བ་གསུམ་པ་ཟིན་པའི་དུས་གཞན་ཞིག་ན། [་་་་་་་་་་་་་་་་་་་་]རྣལ་འབྱོར་སྤྱོད་པའི་སློབ་དཔོན་ལྔ་བརྒྱ་དང་། ངོ་བོ་ཉིད་མེད་སྨྲ་བའི་བདག་ཉིད་ཆེན་པོ་བརྒྱད་ལ་སོགས་པ་བྱུང་ངོ་། །”   ཞེས་དང་།  རྗེ་བཙུན་ཏཱ་ར་ནཱ་ཐའི་《རྒྱ་གར་ཆོས་འབྱུང་ལས།》 “སློབ་དཔོན་[བྲམ་ཟེ་སྒྲ་གཅན་འཛིན་བཟང་པོ་]འདི་དང་དུས་མཉམ་དུ་བཙུན་པ་ཀ་མ་ལ་གརྦྷ་དང་། གྷ་ན་ས་ལ་ལ་སོགས་པ་དབུ་མའི་ཚུལ་ལུགས་སྟོན་པའི་བཙུན་པ་ཆེན་པོ་བརྒྱད་ཙམ་བྱུང་ཞིང་།”  ཞེས་དང་། 

རྗེ་བཙུན་ཏཱ་ར་ན་ཐའི་《གཞན་སྟོང་སྙིང་པོ་ལས།》 [དབུ་མ་ཕལ་བ་འཛིན་པ་]  “འདི་རྣམས་ཀྱི་རང་རིག་གི་འདོད་པས་སྒྲ་གཅན་འཛིན་བཟང་པོ་སོགས་ངོ་བོ་ཉིད་མེད་སྨྲ་བ་བརྒྱད་དང་། སློབ་དཔོན་ཀླུ་སྒྲུབ་ཀྱང་གྲུབ་མཐའ་འདི་ཁོ་ན་འཛིན་པ་ཡིན་ནོ་ཞེས་འདོད་དོ། །” ཞེས་གསུངས།

དེས་ན་ངོ་བོ་ཉིད་མེད་པར་སྨྲ་བའི་བདག་ཉིད་ཆེན་པོ་བརྒྱད་དང་དུས་མཉམ་དུ་བྱུང་བའི་བྲམ་ཟེ་སྒྲ་གཅན་འཛིན་བཟང་པོ་ནི་ཀླུ་སྒྲུབ་ཀྱི་སློབ་དཔོན་ཡིན་པས་འདི་བྱུང་བའི་དུས་ཚིགས་ལ་དཔགས་ནས་ཀླུ་སྒྲུབ་བྱུང་བའི་དུས་ཚིགས་ངོས་འཛིན་བྱེད་ཐུབ་པ་ཡིན།

  ཀ—༣ ཀླུ་སྒྲུབ་ཀྱི་སློབ་དཔོན་བྲམ་ཟེ་སྒྲ་གཅན་འཛིན། 

བྲམ་ཟེ་སྒྲ་གཅན་འཛིན། སྒྲ་གཅན་འཛིན་བཟང་པོ། དཔལ་ས་ར་ཧ་རྣམས་མི་གཅིག་ཡིན། རྗེ་བཙུན་ཏཱ་ར་ནཱ་ཐས་ཐ་སྙད་འདི་དག་བསྲེས་ནས་བེད་སྤྱོད་བཏང་ཡོད་ཀྱང་དོན་ལ་མི་གཅིག་གི་མིང་ཡིན་པ་དང་། སྒྲ་གཅན་འཛིན་བཟང་པོ་ཆུང་བ་འདི་མི་གཞན་ཞིག་ལ་གསུངས་ཡོད་པ་དེ་ཤེས་དགོས། 

དེ་ཡང་《རྒྱ་གར་ཆོས་འབྱུང་ལས།》“སློབ་དཔོན་ཆེན་པོ་བྲམ་ཟེ་སྒྲ་གཅན་འཛིན་བཟང་པོ་ན་ལེནྡྲར་བྱོན་ཏེ། དེ་ཡང་བཙུན་པ་ནག་པོ་ཞེས་བྱ་བ་ཞིག་ལས་བསྙེན་པར་རྫོགས་ཤིང་ཉན་ཐོས་ཀྱི་སྡེ་སྣོད་རྣམས་གསན། [་་་་་་་་་་་་་]དཔལ་ས་ར་ཧའམ་བྲམ་ཟེ་ཆེན་པོ་སྒྲ་གཅན་འཛིན་བྲམ་ཟེའི་སྤྱོད་པ་ལ་གནས་པའི་དུས་སུ་ནི།”  ཞེས་དང་། 

《བཀའ་བབས་བདུན་ལྡན་གྱི་རྣམ་ཐར་ལས།》“དེ་ཡང་སློབ་དཔོན་ཆེན་པོ་བྲམ་ཟེ་སྒྲ་གཅན་འཛིན་ཞེས་བྱ་བ་ཡུལ་ཨོ་ཌི་བི་ཤར་འཁྲུངས། རིགས་ནི་བྲམ་ཟེ།[་་་་་་་་་་་་] སློབ་དཔོན་འདིའི་མཁན་པོ་ནི། གནས་བརྟན་ནག་པོ་ཞེས་བྱ་བ་ཡིན། [་་་་་་་་་་་་་] དེ་ནས་རིག་པ་བརྟུལ་ཤུགས་ཀྱི་སྤྱོད་པ་བྱ་བར་དགོངས་ཏེ། [་་་་་་་་་་་་་]སྣ་ཚོགས་སུ་སྤྱོད་ཅིང་མདའ་བཟོ་བའི་བྱ་བ་མཛད། ཡེ་ཤེས་གོང་ནས་གོང་དུ་འཕེལ་བས། མཚན་ཡ་ས་ར་ཧ་སྟེ། མདའ་བསྣུན་ཞེས་གྲགས།” ཞེས་དང་། 

རྗེ་བཙུན་ཏཱ་ར་ནཱ་ཐའི་《སྒྲོལ་མའི་རྒྱུད་ཀྱི་ལོ་རྒྱུས་གསེར་གྱི་ཕྲེང་བ་ཞེས་བྱ་》བ་ལས།“སློབ་དཔོན་དེ་ལ་རྒྱུད་བཞི་པོ་དེ་རྣམས་འཕགས་པ་ཀླུ་སྒྲུབ་ཀྱིས་ཞུས་ཏེ། སློབ་དཔོན་འདིས་ནི་རིག་སྔགས་དེ་ཐམས་ཅད་གྲུབ་པ་ཡིན་ནོ། །དེས་ཨཱརྱ་དེ་ཝ་ལ་བཤད། དེས་སྒྲ་གཅན་འཛིན་བཟང་པོ་ཆུང་བ་ལ་གདམས་ཏེ། སློབ་དཔོན་འདི་ནི་དམངས་རིགས་ལས་རབ་ཏུ་བྱུང་བ། རིག་པའི་གནས་ལྔ་ལ་བྱང་ཞིང་། ཐེག་པ་ཆེ་ཆུང་གི་སྡེ་སྣོད་ཐམས་ཅད་མཁྱེན་པ་ཞིག་ཡིན་ལ། འདིས་འཕགས་པ་ཀླུ་སྒྲུབ་ཀྱི་གཞུང་རྣམས་ལམ་གྱི་ལུས་གཅིག་ཏུ་བསྒྲིལ་ནས་བསྟན་པའི་བསྟན་བཅོས་ཨསྨ་གརྦྷ་ཞེས་བྱ་བ་བརྩམས་གསུང་། [་་་་་་་་་་་་་་་་་་་་] དེ་ཡང་འགྲེལ་པ་ཚིག་གསལ་ལས། ཀླུ་སྒྲུབ་སྒྲ་གཅན་འཛིན་བཟང་པོའི་ཞལ་སྔ་ནས་དང་བཅས་འཕགས་པ་ལྷས་ཀྱང་རྗེས་སུ་བསྟན་པ་དང་། ཞེས་གསུངས་པའི་སྒྲ་གཅན་འཛིན་བཟང་པོ་དེ་ཡང་འདི་ཁོ་ན་ཡིན་པས། བྲམ་ཟེ་ཆེན་པོར་འདོད་པ་ནི་མུན་སྤྲུལ་ལོ། །”ཞེས་ཀླུ་སྒྲུབ་ཀྱི་བླ་མར་གྱུར་པའི་སྒྲ་གཅན་འཛིན་བཟང་པོ་དང་། ཨཱརྱ་དེ་ཝའི་སློབ་མར་གྱུར་པའི་སྒྲ་གཅན་འཛིན་བཟང་པོ་གཉིས་ཡོད་པ་ཧ་ཅང་གསལ་བོ་གསུངས་ཡོད། 

འོན་ཀྱང་མཁས་པ་བུ་སྟོན་གྱི་《བུ་སྟོན་ཆོས་འབྱུང་ལས།》“དེ་ནས་བྲམ་ཟེ་ས་ར་ཧ་ལ་དཔལ་གསང་བ་འདུས་པ་ལ་སོགས་པའི་གཞུང་གདམས་པ་དང་བཅས་པ་ཞུས་སོ།། དེ་ནས་ནཱ་ལེནྡྲའི་མཁན་པོ་སྒྲ་གཅན་འཛིན་བཟང་པོ་ལ་མཁན་པོ་ཞུས་ནས་བསྙེན་པར་རྫོགས་ཏེ་དགེ་སློང་དཔལ་ལྡན་ཞེས་གྲགས་སོ།།” ཞེས་གསུངས་པའི་ཉམས་ལ་བརྟགས་ན་ས་ར་ཧ་དང་སྒྲ་གཅན་འཛིན་བཟང་པོ་གཉིས་མི་གཉིས་ལ་ངོས་འཛིན་པའི་ཉམས་ཤིག་འདུག  རྗེ་བཙུན་ཏཱ་ར་ནཱ་ཐས་ས་ར་ཧ་ནཱ་ལེནྡྲའི་མཁན་པོར་གྱུར་ཅིང་དེའི་མདུན་ནས་ཀླུ་སྒྲུབ་བསྙེན་པར་རྫོགས་པར་གསུངས་པ་ཡིན་ཏེ།  རྗེ་བཙུན་ཏཱ་ར་ནཱ་ཐའི་《བཀའ་བབས་བདུན་ལྡན་གྱི་རྣམ་ཐར་》ལས།  “དེ་ནས་ནཱ་ལནྡྲ་ཡི་མཁན་པོར་གྱུར། ཅེས་དང་། [་་་་་་་་་་་་་]དེའི་སློབ་མ་ནི་སློབ་དཔོན་ཀླུ་སྒྲུབ་ཡིན་ཏེ། དེ་ཡང་ལྷོ་ཕྱོགས་བཻ་དརྦྷར་སྐུ་འཁྲུངས། རིགས་ནི་བྲམ་ཟེའོ། །  [་་་་་་་་་་་་་] མཐར་ནཱ་ལེནྡྲར་སླེབ། མཁན་པོ་སྒྲ་གཅན་འཛིན་གྱིས་ཚེ་དཔག་མེད་ཀྱི་རིག་སྔགས་བཟླར་བཅུག་པས། ལེགས་པར་འཚོ་ཐུབ།”   ཅེས་གསུངས་པས་ཤེས། 

ཁང་དཀར་ཚུལ་ཁྲིམས་ཀྱི་《ཆོས་འབྱུང་ལེགས་བཤད་དཀའ་གནད་མདུད་འགྲོལ་》ལས་བུ་སྟོན་གྱི་གསུང་དེ་དྲངས་ནས། “ཞེས་གསལ་རུང་ནཱ་ལེནྡྲཱ་ནི་དབུ་མའི་ཀླུ་སྒྲུབ་ཀྱི་སྐབས་སུ་གཞི་ནས་བཞེང་རྒྱུ་ཡིན་པ་དང་། སྒྲ་གཅན་འཛིན་བཟང་པོའང་ཀླུ་སྒྲུབ་བླ་མ་མ་ཡིན་མོད། ཕྱིས་སུ་བྱོན་པའི་སྔགས་ཀྱི་ཀླུ་སྒྲུབ་ཀྱིས་ནཱ་ལེནྡཱ་རུ་སྒྲ་གཅན་བཟང་པོ་ཞེས་པའི་མཚན་ཅན་ཞིག་ལ་ཆོས་གསན་སྦྱོང་གནང་བར་བསམ་ཡང་མི་འགྲིག་པ་མེད།” ཅེས་བཤད།  དེ་ཡང་《འགྲེལ་པ་ཚིག་གསལ་ལས།》 “ ཀླུ་སྒྲུབ་སྒྲ་གཅན་འཛིན་བཟང་པོའི་ཞལ་སྔ་ནས་དང་བཅས་འཕགས་པ་ལྷས་ཀྱང་རྗེས་སུ་བསྟན་པ་དང་།”  ཞེས་གསུངས་པ་རྒྱུ་མཚན་དུ་བྱས་པ་ཡིན་སྙམ། འོན་ཀྱང་བྲམ་ཟེ་སྒྲ་གཅན་འཛིན་བཟང་པོ་དང་སྒྲ་གཅན་འཛིན་བཟང་པོ་ཆུང་ངུ་གཉིས་ཀྱི་ཁྱད་པར་གསུངས་ཡོད་པ་དག་མ་མཐོང་བ་འདྲ། 

མཉམ་འཇོག་དགོས་ས་ཞིག་ལ།  རྗེ་བཙུན་ཏཱ་ར་ནཱ་ཐའི་《བཀའ་བབས་བདུན་ལྡན་གྱི་རྣམ་ཐར་》ལས།  “ ཕྱིས་སངས་རྒྱས་ཐོད་པའི་ཟིན་བྲིས་རྒྱ་དཔེ་འཐོར་བ་གཅིག་ན། བར་དུ་རབ་ཏུ་བྱུང་བའི་སྐོར་དེ་མེད་ཅིང་། བྲམ་ཟེ་སྒྲ་གཅན་འཛིན་དང་། གནས་བརྟན་སྒྲ་གཅན་འཛིན་ཐ་དད་པར་འདོད་པའང་སྣང་། མི་ཉག་ལོ་ཙཱ་བའང་དེ་བཞིན་འདོད་པར་མངོན་ཏེ་དེ་ངོས་མི་འཐད་རྒྱུའང་མེད་དོ། །” ཞེས་གསུངས་པའི་ཉམས་ལ་བརྟགས་ན་བུ་སྟོན་གྱིས་གསུངས་པ་ལྟར་ས་ར་ཧ་དང་སྒྲ་གཅན་འཛིན་བཟང་པོ་གཉིས་མི་མི་འདྲ་བ་གཉིས་ལ་བཤད་པ་མིན་ནམ་སྙམ། 

    ཀ—༤ ཀླུ་སྒྲུབ་ཀྱི་སློབ་དཔོན་བྲམ་ཟེ་སྒྲ་གཅན་འཛིན་བྱུང་བའི་དུས་ཚིགས།

བྲམ་ཟེ་སྒྲ་གཅན་འཛིན། བྲམ་ཟེ་སྒྲ་གཅན་འཛིན་བཟང་པོ། ས་ར་ཧ།  སྒྲ་གཅན་འཛིན་བཟང་པོ་ཆུང་བ། འདི་དག་ངོས་འཛིན་གསལ་བོ་ཞིག་ཤེས་ནས་ཀླུ་སྒྲུབ་ཀྱི་སློབ་དཔོན་བྲམ་ཟེ་སྒྲ་གཅན་འཛིན་བྱུང་བའི་དུས་ཚིགས་ལ་དཔྱད་ན།  རྗེ་བཙུན་ཏཱ་ར་ནཱ་ཐའི་《རྒྱ་གར་ཆོས་འབྱུང་》ལས། “དཔལ་ས་ར་ཧའམ་བྲམ་ཟེ་ཆེན་པོ་སྒྲ་གཅན་འཛིན་བྲམ་ཟེའི་སྤྱོད་པ་ལ་གནས་པའི་དུས་སུ་ནི། རྣལ་འབྱོར་སྤྱོད་པའི་སློབ་དཔོན་ལྔ་བརྒྱ་པོ་དེ་རྣམས་བྱུང་བ་ཡིན་ལ།”    ཞེས་གསུངས་པ་ལྟར་སེམས་ཙམ་པའི་སློབ་དཔོན་ལྔ་བརྒྱས་ཐེག་ཆེན་གྱི་ཆོས་གསུང་སྐབས་སུ་བྲམ་ཟེ་སྒྲ་གཅན་འཛིན་ད་དུང་རབ་ཏུ་བྱུང་མེད་པར་རིག་པའི་གནས་བཅོ་བརྒྱད་ལ་མཁས་པའི་བྲམ་ཟེའི་སྤྱོད་པ་བཟུང་ཡོད།  དེ་ནས་རིམ་གྱིས་རབ་ཏུ་བྱུང་ཞིང་མཁས་པ་ཆེན་པོར་གྱུར་ནས་ནཱ་ལེནྡའི་མཁན་པོ་མཛད། ཀླུ་སྒྲུབ་ནི་དུས་སྐབས་འདིར་ཁོང་དང་འཕྲད་པ་ཡིན་ལ་སྐབས་དེར་ཀླུ་སྒྲུབ་ལོ་བདུན་ཡིན།   

དེས་ན་སེམས་ཙམ་པའི་སློབ་དཔོན་ལྔ་བརྒྱ་སངས་རྒྱས་མྱ་ངན་ལས་འདས་ནས་ལོ་སུམ་བརྒྱ་ལྷག་ཙམ་ན་བྱུང་བར་གསུངས་པས།  སེམས་ཙམ་པའི་སློབ་དཔོན་ལྔ་བརྒྱ་སངས་རྒྱས་མྱ་ངན་ལས་འདས་ནས་ལོ་(༣༥༠____༤༣༠) བར་དུ་བྱུང་ན། སྒྲ་གཅན་འཛིན་དེ་དག་ལས་ལོ་ཉི་ཤུའི་ཆུང་བའི་དབང་དུ་བཏང་ན་སངས་རྒྱས་མྱ་ངན་ལས་འདས་ནས་(༣༧༠____༤༥༠) བར་དུ་བྱུང་བར་ཚོད་དཔག་བྱེད་ཐུབ།  སྒྲ་གཅན་འཛིན་ནཱ་ལེནྡྲའི་མཁན་པོ་ཡིན་དུས་ཀླུ་སྒྲུབ་ལོ་བདུན་ཡིན་པས་ཀླུ་སྒྲུབ་སྒྲ་གཅན་འཛིན་ལས་ལོ་སུམ་ཅུའི་ཆུང་བའི་དབང་དུ་བཏང་ན།  སངས་རྒྱས་འདས་ནས་ལོ་(༤༠༠____༤༨༠) བར་དུ་ཀླུ་སྒྲུབ་བྱུང་ཡོད་པ་ཚོད་དཔག་བྱེད་ཐུབ།  “དེས་ན་རྗེ་བཙུན་ཏཱ་ར་ནཱ་ཐའི་གསུངས་ཚུལ་གཞིར་བྱས་ན་སྤྱི་ལོའི་སྔོན་གྱི་དུས་རབས་གཉིས་པ་ནས་དུས་རབས་དང་པོའི་དུས་དཀྱིལ་སྟེ།  ( སྤྱི་ལོའི་སྔོན་གྱི་ལོ་ ༡༤༤— ༦༤  ) བར་དུ་བྱུང་བར་ཚོད་དཔག་བྱེད་ཐུབ།”

འཕགས་པ་སྤྲིན་ཆེན་པོ་དང་འཇམ་དཔལ་རྩ་རྒྱུད་ལས་སངས་རྒྱས་མྱ་ངན་ལས་འདས་ནས་ལོ་བཞི་བརྒྱ་ལོན་པ་ན་ཀླུ་སྒྲུབ་བྱུང་བར་བཤད་པ་དང་ཡང་མཐུན། དེ་ལྟར་ན་སེམས་ཙམ་པའི་སློབ་དཔོན་ལྔ་བརྒྱ་དང་བྲམ་ཟེ་སྒྲ་གཅན་འཛིན་ཀླུ་སྒྲུབ་རྣམས་ལོ་བཅུ་ཕྲག་ཁ་ཤས་ཀྱི་སྔ་རྗེས་སུ་བྱུང་བ་ཙམ་ཡིན་པས་ཁོང་རྣམས་ནཱ་ལེནྡར་ཞལ་འཛོམས་བྱུང་ཆོག་ཆོག་ཅིག་རེད།

 —  ས་བཅད་གཉིས་པ། རྗེ་བཙུན་ཏཱ་ར་ནཱ་ཐས་ཀླུ་སྒྲུབ་ཀྱི་སྔོན་དུ་སེམས་ཙམ་པ་བྱུང་བར་བཤད་པ། 

དེ་ལྟར་ཀླུ་སྒྲུབ་བྱུང་བའི་དུས་ཚིགས་ཀྱི་སྐོར་དེང་གི་ཞིབ་འཇུག་པའི་འདོད་ཚུལ་དང་།  རྗེ་བཙུན་ཏཱ་ར་ནཱ་ཐ་སོགས་བོད་ཀྱི་མཁས་པ་དག་གི་འདོད་ཚུལ་ངོས་ཟིན་པར་བྱས་ནས།  ད་ནི་ཀླུ་སྒྲུབ་ཀྱི་སྔོན་དུ་སེམས་ཙམ་པ་ཡོད་མེད་ལ་དཔྱད་ན།  སྔོན་དུ་བྱུང་བར་འདོད་མཁན་ནི་བོད་ཀྱི་མཁས་པ་དག་གི་ཁྲོད་ན་རྗེ་བཙུན་ཏཱ་ར་ནཱ་གཅིག་པུའམ་ཡང་ན་ཆེས་ཐོག་མ་དེ་ཡིན་སྙམ།  རྗེ་བཙུན་ཏཱ་ར་ནཱ་ཐའི་རྒྱ་གར་ཆོས་འབྱུང་ལས།   ཀླུ་སྒྲུབ་ཀྱི་སྔོན་དུ་སེམས་ཙམ་པའི་སློབ་དཔོན་ལྔ་བརྒྱ་དང་བསྟན་བཅོས་ཀྱང་ཅི་རིགས་པ་བྱུང་ཡོད་པར་གསུངས་ཡོད།  

སེམས་ཙམ་པའི་སློབ་དཔོན་ལྔ་བརྒྱ་པོ་བྱུང་བའི་དུས་ཚོད་ནི། རྗེ་བཙུན་ཏཱ་ར་ནཱ་ཐའི་《སྒྲོལ་མའི་རྒྱུད་ཀྱི་འབྱུང་ཁུངས་གསལ་བར་བྱེད་པའི་ལོ་རྒྱུས་གསེར་གྱི་ཕྲེང་བ་ཞེས་བྱ་བ་》ལས།   “རྒྱལ་བ་མྱ་ངན་ལས་འདས་ནས། ལོ་སུམ་བརྒྱ་ལྷག་པ་ཙམ་ཉན་ཐོས་རྣམས་ཀྱིས་བཀའ་བསྡུ་བ་གསུམ་པ་ཟིན་པའི་དུས་གཞན་ཞིག་ན། ལྷ་དང་ཀླུ་དང་གནོད་སྦྱིན་དང་དྲི་ཟ་དང་སྲིན་པོ་རྣམས་ཀྱི་གནས་ན་བཞུགས་པའི་ཐེག་པ་ཆེན་པོའི་མདོ་སྡེ་ཕལ་ཆེ་བ་ཡང་རྒྱ་གར་གྱི་ཡུལ་ཐ་དད་པ་རྣམས་སུ་བྱོན། རང་བྱུང་གི་གླེགས་བམ་རྣམས་ཀྱང་བྱུང་ཞིང་གཅིག་ཅར་དར་བར་གྱུར་ལ། དེ་དག་སྟོན་པ་པོ་སྡོམ་བརྩོན་ཆོས་སྨྲ་བ། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་ཅིང་། འཇམ་དཔལ་དང་། སྤྱན་རས་གཟིགས་དང་། བྱམས་པ་ལ་སོགས་པའི་ཞལ་མཐོང་བ་རྣལ་འབྱོར་སྤྱོད་པའི་སློབ་དཔོན་ལྔ་བརྒྱ་དང་། ངོ་བོ་ཉིད་མེད་སྨྲ་བའི་བདག་ཉིད་ཆེན་པོ་བརྒྱད་ལ་སོགས་པ་བྱུང་ངོ་། །”ཞེས་གསུངས། (དེས་ན་སེམས་ཙམ་པ་ཐོག་མར་བྱུང་དུས་སངས་རྒྱས་མྱ་ངན་ལས་འདས་ནས་ལོ་སུམ་བརྒྱ་ལོན་རྗེས་སུ་ཡིན་ན་སྤྱི་ལོའི་སྔོན་གྱི་དུས་རབས་གཉིས་པའི་དུས་མཇུག་དུ་སེམས་ཙམ་པ་བྱུང་བ་ཡིན།)  བཀའ་བསྡུ་གསུམ་པ་བྱུང་བའི་དུས་ཚོད་བུ་སྟོན་རིན་པོ་ཆེ་དང་རྗེ་བཙུན་ཏཱ་ར་ནཱ་ཐ་གཉིས་འདོད་ཚུལ་མཐུན་པ་ཡིན་ཏེ། 《བུ་སྟོན་ཆོས་འབྱུང་ལས།》 “དེ་ཚེ་སྟོན་པ་འདས་ནས་ལོ་སུམ་བརྒྱ་ལོན་ཟེར་ཏེ།”ཞེས་གསུངས།   

རྗེ་བཙུན་ཏཱ་ར་ནཱ་ཐའི་སེམས་ཙམ་པའི་བྱུང་བ་དག་ངག་སྒྲོས་ཙམ་ལས་ཁུངས་ཚད་ལྡན་ཅི་ཡོད་སྙམ་ན།  རྒྱ་གར་པནྜི་ཏས་བྲིས་པའི་ཡིག་ཆ་རྙིང་བ་ལ་ཁུངས་བཅོལ་ཡོད་ཚུལ་རྗེ་བཙུན་ཏཱ་ར་ནཱ་ཐའི་རྒྱ་གར་ཆོས་འབྱུང་གི་མཇུག་ཏུ་གསལ་བོར་གསུངས་ཡོད་པས་དེར་བལྟ་བར་བྱའོ།།   འདི་དག་གི་སྐོར་ནས་རྗེ་བཙུན་ཏཱ་ར་ནཱ་ཐའི་རྒྱ་གར་ཆོས་འབྱུང་སོགས་སུ་བཤད་པ་ཕུན་སུམ་ཚོགས་པ་ཡོད་ཀྱང་དེ་དག་གི་སྐོར་ནི།  ཇོ་ནང་མདོ་སྔགས་སློབ་གླིང་གི་༢༠༢༥ ལོའི་མཐར་ཕྱིན་འཛིན་གྲྭའི་མཐར་ཕྱིན་དཔྱད་རྩོམ་དེབ་གཉིས་པ་དང་གསུམ་པ་སོགས་སུ་ལེགས་པར་བཤད་ཟིན་པས་གཞན་གྱིས་རྩོམ་ཟིན་པ་དག་བརྐུས་ནས་རང་གིས་བྲིས་པའི་ཁུལ་མི་བྱེད་དོ།། 

ག—ས་བཅད་གསུམ་པ།  ཞིབ་འཇུག་པ་དག་གི་དཔྱད་ཐབས་དང་ཞིབ་འཇུག་གི་གྲུབ་དོན་གཞིར་བྱས་ནས་ཀླུ་སྒྲུབ་ཀྱི་སྔོན་དུ་སེམས་ཙམ་པ་ཡོད་མེད་ལ་དཔྱད་པ།    

   སེམས་ཙམ་པའི་ཐ་སྙད་ཀླུ་སྒྲུབ་ཀྱི་སྔོན་དུ་བྱུང་ཚུལ།   

ཞིབ་འཇུག་པ་དག་གིས་གྲུབ་མཐའི་ཐ་སྙད་ཐོག་མར་བྱུང་བའི་ས་མཚམས་ལ་བརྟགས་ནས་དེ་ནམ་ཚོད་ཅིག་ལ་བྱུང་བར་ཚོད་དཔག་བྱེད་པ་བཞིན་ཀླུ་སྒྲུབ་ཀྱི་སྔོན་དུ་སེམས་ཙམ་པའི་ཐ་སྙད་ཡོད་མེད་ལ་དཔྱད་ན།  

རྣམ་རིག་པ། 

རྣལ་འབྱོར་སྤྱོད་པ་བ། 

སེམས་ཙམ་པ། 

འདི་དག་མིང་གི་རྣམ་གྲངས་ཡིན་ལ།  རྒྱ་གཞུང་དག་ཏུ་སྔ་མ་གཉིས་བེད་སྤྱོད་ཤུགས་ཆེ།ཀླུ་སྒྲུབ་ཀྱི་སྔོན་དང་དུས་མཉམ་དུ་“སེམས་ཙམ་པའི་ཐ་སྙད་”བྱུང་བའི་ཁུངས་ནི།《དཀོན་བརྩེགས་ཀྱི་རིན་ཆེན་ཕུང་པོའི་མདོ་ལས།》 “འོད་སྲུང་དེ་ལ་དགེ་སློང་རྣལ་འབྱོར་སྤྱོད་པ་གང་ཡིན་པ་དེ་དག་ལ་དགེ་སློང་ཞལ་ཏ་བྱེད་པས་འཐུན་པའི་འཚོག་ཆས་དང་། ན་བའི་གསོས་སྨན་དང་། ཡོ་བྱད་རྣམས་སྦྱིན་པར་བྱའོ། །”ཞེས་གསུངས།མདོ་འདི་ཐེག་ཆེན་གྱི་མདོ་དག་ལས་སྔོན་དུ་བྱུང་བ་ཡིན་ཏེ། སྤྱིར་ཐེག་དམན་གྱི་ཆོས་སྐད་ཙམ་ལས། སྟོང་ཉིད་སོགས་ཐེག་ཆེན་གྱི་ཆོས་སྐད་མེད་ན་མདོ་དེ་ཆེས་སྔ་བའི་མདོའི་སྡེ་ཚན་དང་། བཀའ་བར་བའི་བཤད་བྱ་སྟོང་ཉིད་སོགས་ཀྱི་ཆོས་སྐད་ཡོད་ལ་དེ་བཞིན་གཤེགས་པའི་སྙིང་པོ་སོགས་བཀའ་ཐ་མའི་ཆོས་སྐད་མེད་ན་མདོ་དེ་བར་དུ་བྱུང་བའི་མདོའི་སྡེ་ཚན་དང་། དེ་བཞིན་གཤེགས་པའི་སྙིང་པོ་དང་རྣམ་ཤེས་ཚོགས་བརྒྱད་སོགས་བཀའ་ཐ་མའི་ཆོས་སྐད་དག་གསལ་ན་ཐ་མར་བྱུང་བའི་མདོའི་སྡེ་ཚན་དུ་གཏོགས་པ་ཡིན་ལ། དྲངས་མ་ཐག་པའི་མདོ་འདི་ལས་ཐེག་དམན་གྱི་སོར་སྡོམ་གྱི་སྐོར་འབའ་ཞིག་འཆད་པ་ལས་སྟོང་ཉིད་སོགས་ཐེག་ཆེན་གྱི་ཆོས་སྐད་གཅིག་ཀྱང་མེད་པས་ཆེས་སྔ་བའི་མདོའི་སྡེ་ཚན་དུ་བྱུང་བར་ཚོད་དཔག་བྱེད་ཐུབ། ཆེས་སྔ་བའི་མདོའི་སྡེ་ཚན་དུ་གཏོགས་པའི་མདོ་དག་ནི་ཀླུ་སྒྲུབ་ཀྱི་སྔོན་དུ་བྱུང་བར་ཡོངས་གྲགས་ཡིན། ཁང་དཀར་ཚུལ་ཁྲིམས་ཀྱིས་ཀྱང་སེམས་ཙམ་ཀྱི་སྔོན་དུ་བྱུང་བའི་མདོ་གང་ཞིག་ལ། “རྣལ་འབྱོར་སྤྱོད་པ་”ཞེས་པའི་ཐ་སྙད་ཡོད་པའི་མདོའི་མཚན་གཞི་ལ། “དཀོན་བརྩེགས་ཀྱི་རིན་ཆེན་ཕུང་པོའི་མདོ།” འདི་བཞག་ཡོད་དོ།།  

དེ་བཞིན་ཀླུ་སྒྲུབ་དང་དུས་མཉམ་པའི་བསྟན་བཅོས་ལས་ཀྱང་ “རྣལ་འབྱོར་སྤྱོད་པའི་” ཐ་སྙད་བྱུང་བའི་ཁུངས་ནི། ཀླུ་སྒྲུབ་ཀྱི་དངོས་སློབ་འཕགས་པ་ལྷའི་བསྟན་བཅོས་《བཞི་བརྒྱ་པ་ཞེས་བྱ་བའི་ཚིག་ལེའུར་བྱས་པ་》ལས། “ བྱང་ཆུབ་སེམས་དཔའི་རྣལ་འབྱོར་སྤྱོད་པ་བཞི་བརྒྱ་པ་ལས་རྟག་པར་འཛིན་པ་སྤང་བའི་ཐབས་བསྟན་པ་སྟེ་རབ་ཏུ་བྱེད་པ་དང་པོའོ།།”  ཞེས་གསལ་བར་གསུངས་ཡོད།  “ལུང་དང་པགས་པ་གར་འཐེན་”ཟེར་བ་ལྟར་དགོངས་པ་ནི་ཇི་ལྟར་བཀྲལ་རུང་ཆོག་མོད་ “རྣལ་འབྱོར་སྤྱོད་པ་” ཞེས་པའི་ཐ་སྙད་གཞུང་འདི་གཉིས་ལས་ཐོན་པ་ནི་མིག་ཅན་གྱིས་གཟུགས་ཅན་ལ་བལྟས་ན་ཤེས་པ་འདི་རེད།  

  —  སེམས་ཙམ་པས་ཕྱི་དོན་མེད་པར་འདོད་པའི་ལྟ་གྲུབ་ཀླུ་སྒྲུབ་ཀྱི་སྔོན་དུ་བྱུང་ཚུལ། 

ཕྱི་དོན་མེད་པ་དང་རྣམ་ཤེས་བདེན་གྲུབ་ཏུ་སྨྲ་བ་དེ་སེམས་ཙམ་པའི་མཚན་ཉིད་དུ་ཐུན་མོང་གིས་འཇོག་བཞིན་ཡོད་པས།  (ཕྱི་དོན་མེད་པ་)དང་(རྣམ་ཤེས་བདེན་གྲུབ་)འདི་གཉིས་སེམས་ཙམ་པའི་ཐུན་མོང་མ་ཡིན་པའི་ལྟ་བ་ཡོད་ན་མེད་ན་གཉིས་ཡིན་པ་ཤེས་ཐུབ།  དུས་རབས་དང་པོ་དང་གཉིས་པའི་སྐབས་ནས་སྣང་བ་ཐམས་ཅད་སེམས་ཙམ་ཡིན་ཟེར་ནས་ཕྱི་དོན་མེད་པའི་ལྟ་གྲུབ་བྱུང་ཡོད།  རྒྱུ་མཚན།  སངས་རྒྱས་ཕལ་བོ་ཆེའི་མདོའི་ནང་ཚན་ས་བཅུ་པའི་མདོ་ལས་ཕྱི་དོན་མེད་པར་གསུངས་ཡོད་ལ་ཞིབ་འཇུག་པ་དག་གིས་མདོ་འདི་དུས་རབས་དང་པོ་ནས་གཉིས་པའི་བར་དུ་བྱུང་བར་བཤད་བཞིན་ཡོད།  ཀརྨ་པས་《སེམས་ཙམ་སུམ་ཅུ་པའི་འགྲེལ་པ་ཞལ་གསུང་མ་》ལས། “ དེའི་ནང་གི་ས་བཅུ་པའི་མདོ་དུས་རབས་དང་པོའམ་གཉིས་པའི་ནང་ནས་བྱུང་བ་ཡིན་སྲིད་ཅེས་ཚོད་དཔག་བྱེད་ཀྱིན་འདུག”  ཅེས་བཤད།  ཞིབ་འཇུག་པ་དག་གིས་ཀླུ་སྒྲུབ་ཡ་མཐའ་ཕྱི་ལོ་༡༢༠ནས་མ་མཐའ་༣༠༠བར་དུ་བྱུང་བར་ཚོད་དཔག་བྱེད་བཞིན་ཡོད་པས་དུས་ཚོད་ཀྱི་ཆ་ནས་ས་བཅུ་པའི་མདོ་ཀླུ་སྒྲུབ་ཀྱིས་སྔོན་དུ་བྱུང་བ་ཤུགས་ཆེ་བ་གསལ་ལ་མ་མཐའ་ཡང་དུས་མཉམ་ཡིན་ཆོག 

ས་བཅུ་པའི་མདོ་ལས་ཕྱི་དོན་མེད་པར་གསུངས་ཚུལ་ནི།《སངས་རྒྱས་ཕལ་པོ་ཆེ་ཞེས་བྱ་བ་ཤིན་ཏུ་རྒྱས་པ་ཆེན་པོའི་མདོའི་སྐབས་བཞི་པ་མདོ་སྡེ་ས་བཅུ་པའི་མདོ་》ལས།“དེ་འདི་ལྟར་ཁམས་གསུམ་པ་འདི་སེམས་ཙམ་སྟེ།” ཞེས་གསལ་བོར་གསུངས་ཡོད། སློབ་དཔོན་ལེགས་ལྡན་བྱེད་ཀྱི་《ཤེས་རབ་སྒྲོན་མ་》ལས།“བཅོམ་ལྡན་ཀྱིས་སེམས་ཙམ་ཞེས་གསུངས་པའི་མདོ་སྡེའི་དོན་ཀྱང་སེམས་ལས་གཞན་པའི་བྱེད་པ་པོ་དང་། ཟ་བ་པོ་མེད་པའི་ཕྱིར་སེམས་ཙམ་མོ་ཞེས་གསུངས་པར་ཁས་བླངས་པའི་ཕྱིར། དེ་ལྟར་ངེས་པར་བྱར་མི་ནུས་ཏེ།” ཞེས་བྱེད་པ་པོ་དགག་པ་ལས་ཕྱི་དོན་མ་དགག་པར་གསུངས། འོན་ཀྱང་བྱེད་པ་པོ་དགག་པ་ནི་བདེན་མོད་ཕྱི་དོན་མ་དགག་པར་གསུངས་པ་མི་རིགས་ཏེ། འཕགས་པ་ཐོགས་མེད་ཀྱི་《ཐེག་བསྡུས་》ལས།“ལུང་དང་རིགས་པས་དཔག་པར་བྱ་སྟེ། དེ་ལ་ལུང་ནི་བཅོམ་ལྡན་འདས་ཀྱིས་ས་བཅུ་པ་ལས་འདི་ལྟ་སྟེ། ཁམས་གསུམ་པ་འདི་ནི་སེམས་ཙམ་མོ་ཞེས་གསུངས་པ་དང་། དགོངས་པ་ངེས་པར་འགྲེལ་པ་ལས་བཅོམ་ལྡན་འདས་གང་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གྱི་གཟུགས་བརྙན་དེ་ཅི་སེམས་དེ་ལས་ཐ་དད་པ་ཞེས་བགྱིའམ་ཐ་དད་པ་མ་ལགས་ཞེས་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱམས་པ་ཐ་དད་པ་མ་ཡིན་ཞེས་བྱའོ། །”ཞེས་སྣོད་བཅུད་ཐམས་ཅད་སེམས་ཀྱི་སྣང་བ་ཙམ་ལས་ཕྱི་དོན་དུ་མེད་པར་ས་བཅུ་པའི་ལུང་འདིས་བསྒྲུབས། འོ་ན་ཐོགས་མེད་ཚད་མར་བྱེད་ཐུབ་པའི་རྒྱུ་མཚན་ཅི་ཡོད་ལེགས་ལྡན་ཡང་མཁས་པ་ཆེན་པོ་མ་ཡིན་ནམ་སྙམ་ན། ཐོགས་མེད་ནི་རྒྱལ་བའི་དགོངས་པ་འགྲེལ་བ་ལ་རྒྱལ་བ་རང་ཉིད་ཀྱིས་ལུང་དུ་བསྟན་པའི་སྐྱེ་བོ་ཡིན་པས་ཁོང་ལྟ་བུས་རྒྱལ་བའི་དགོངས་པ་མ་ལོན་ན་དཔང་གྱུར་སྐྱེ་བོ་མི་རྙེད་པ་ཡིན་ནོ། །དེ་བཞིན་མཁས་མཆོག་དབྱིག་གཉེན་དང་ཤཱནྟི་པ་སོགས་ཀྱིས་ཀྱང་ས་བཅུ་པའི་མདོ་ཚིག་འདིའི་དགོངས་པ་ཕྱི་དོན་མེད་པའི་དོན་དུ་གསུངས་མོད་ཚིག་ཚོགས་ལ་འཇིགས་ནས་གཞུང་ཚིག་མི་འགོད་དོ།།  

དེ་བཞིན་ཀླུ་སྒྲུབ་ཀྱི་སློབ་དཔོན་དཔལ་ས་ར་ཧ་ཆེན་པོའི་《དོ་ཧ་མཛོད་ཀྱི་གླུ་》ལས། “སེམས་ཉིད་གཅིག་པུ་ཀུན་གྱི་ས་བོན་ཏེ། །གང་ལ་སྲིད་དང་མྱ་ངན་འདས་འཕྲོ་བ། །འདོད་པའི་འབྲས་བུ་སྟེར་བར་བྱེད་པ་ཡི། །ཡིད་བཞིན་ནོར་འདྲའི་སེམས་ལ་ཕྱག་འཚལ་ལོ། །” ཞེས་གསུངས། འདི་ལ་དགོངས་པ་འགྲེལ་ཚུལ་མང་དུ་མཆིས་མོད་དངོས་བསྟན་ནི་ས་བཅུ་པ་ལས་གསུངས་པ་ཇི་བཞིན་འཁོར་འདས་གཉིས་ཀ་སེམས་ཀྱི་སྣང་བ་ཙམ་ཡིན་པ་གསལ་བོར་བསྟན་པས་ཀླུ་སྒྲུབ་ཀྱི་སྔོན་དུ་སྣང་བ་ཐམས་ཅད་སེམས་ཀྱི་སྣང་བ་ཙམ་ཡིན་པར་འདོད་པའི་ལྟ་གྲུབ་བྱུང་ཟིན་པར་གསལ། 

ཀླུ་སྒྲུབ་ཀྱིས་ཀྱང་སྣང་བ་སེམས་ཙམ་དུ་ཁས་ལེན་ཏེ།《ཐེག་པ་ཆེན་པོ་ཉི་ཤུ་པ་》ལས། “འདི་དག་ཐམས་ཅད་སེམས་ཙམ་སྟེ། །སྒྱུ་མའི་རྣམ་པར་ཡང་དག་འབྱུང་། །དེ་ནས་དགེ་དང་མི་དགེའི་ལས། །དེས་ནི་བདེ་འགྲོ་ངན་འགྲོར་སྐྱེ།།”  ཞེས་གསུངས།  འདི་ནི་《ས་བཅུ་པ་》ལས། “ཁམས་གསུམ་པ་འདི་སེམས་ཙམ་སྟེ།”  ཞེས་སྣང་བ་སེམས་ཙམ་དུ་གསུངས་ཚུལ་དང་ཚིག་དོན་གཉིས་ཆ་ནས་ཧ་ཅང་ཆ་འགྲིག་པ་ཞིག་བྱུང་བས་ཀླུ་སྒྲུབ་ཀྱིས་ས་བཅུ་པའི་མདོ་ཚིག་ཚིགས་བཅད་དུ་བསྡུས་ནས་གསུངས་པ་འདྲ།    

ཀླུ་སྒྲུབ་ཀྱི་གསུང་དུ་གྲགས་པ་མང་པོ་ཞིག་ཀླུ་སྒྲུབ་ཀྱི་གསུང་ཡིན་མིན་དོགས་གཞི་ཆེ་བས་ཐེག་པ་ཆེན་པོ་ཉི་ཤུ་པའང་ཀླུ་སྒྲུབ་ཀྱི་གསུང་ཡིན་པས་ཤེས་བྱེད་ཅི་ཡོད་ཟེར་ན།  ཁང་དཀར་གྱིས་ཐེག་པ་ཆེན་པོ་ཉི་ཤུ་པ་ཀླུ་སྒྲུབ་ཀྱི་གསུང་ཡིན་མིན་ལ་དོགས་གཞི་ཡོད་པར་བཤད་ཀྱང་།  ཀརྨ་པས་《སེམས་ཙམ་སུམ་ཅུ་པའི་འགྲེལ་པ་ཞལ་གསུང་མ་》ལས། “དཔེར་ན་མགོན་པོ་ཀླུ་སྒྲུབ་ཀྱི་གསུང་རྩོམ་གྱི་གྲས་སུ་བརྩི་ཞིང་། དུས་རབས་བཅུ་པའི་ནང་རྒྱ་སྐད་དུ་བསྒྱུར་བའི་ཐེག་པ་ཆེན་པོ་ཉི་ཤུ་པ་དང་།”  ཞེས་བཤད་པས་ཞིབ་འཇུག་གི་གྲུབ་དོན་གསར་བ་ཐོན་པ་ཡིན་ནམ་སྙམ།  དེ་མིན་ཡང་ཀླུ་སྒྲུབ་ཀྱི་དངོས་སློབ་འཕགས་པ་ལྷའི་《སྤྱོད་པ་བསྡུས་པའི་སྒྲོན་མ་》ལས། “ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱིས་དོན་འདི་གསལ་བར་བྱ་བའི་ཕྱིར། [་་་་་་་་་་་་]  འདི་དག་ཐམས་ཅད་སེམས་ཙམ་སྟེ། །སྒྱུ་མའི་རྣམ་པར་ཡང་དག་འབྱུང་། །དེ་ནས་དགེ་དང་མི་དགེའི་ལས། །དེས་ནི་བདེ་འགྲོ་ངན་འགྲོར་སྐྱེ།།” ཞེས་ཐེག་པ་ཆེན་པོ་ཉི་ཤུ་པའི་ཚིག་ལུང་འདྲེན་མཛད་ཡོད་པས་ཀྱང་ཀླུ་སྒྲུབ་ཀྱིས་མཛད་པར་ཐག་བཅད་ན་ཆོག་སྙམ།  དེ་བཞིན་ཀླུ་སྒྲུབ་ཀྱིས་མཛད་པར་གྲགས་པའི་བྱང་ཆུབ་སེམས་འགྲེལ་ལས་ཀྱང་སེམས་ཙམ་པ་ལ་དགག་པ་མཛད་པ་ཡོངས་གྲགས་ཡིན་མོད་བྱང་ཆུབ་སེམས་འགྲེལ་ཀླུ་སྒྲུབ་ཀྱི་གསུང་ཡིན་པར་སྒྲུབ་བྱེད་མ་རྙེད་པས་རེ་ཞིག་བཏང་སྙོམས་སུ་བཞག 

འཕགས་པ་ལྷས་གོང་ལྟར་གསུངས་ན་བདེན་མོད་“སྤྱོད་པ་བསྡུས་པའི་སྒྲོན་མ་”འཕགས་པ་ལྷའི་གསུང་ཡིན་མིན་ལ་དོགས་ན། ད་ལྟའི་བསྟན་འགྱུར་ཁྲོད་དུ་“སྤྱོད་པ་བསྡུས་པའི་སྒྲོན་མ་” ཞེས་པའི་མིང་ཐོན་པའི་བསྟན་བཅོས་གསུམ་ཙམ་འདུག་ལ།  ཇོ་ནང་ཕྱོགས་ལས་རྣམ་རྒྱལ་(༡༣༠༦–༡༣༨༦)གྱི་《བསྟན་བཅོས་འགྱུར་རོ་འཚལ་གྱི་དཀར་ཆག་དྲི་མེད་འོད་ཀྱི་ཕྲེང་བ་》ལས།  “རིམ་ལྔའི་དོན་འགྲེལ་སྤྱོད་པ་བསྡུས་པའི་སྒྲོན་མ་སློབ་དཔོན་ཨཱརྱ་དེ་བས་མཛད་པ། པཎྜི་ཏ་ཤྲདྡྷ་ཀ་ར་ཝརྨ་དང་ལོ་ཙཱ་བ་རིན་ཆེན་བཟང་པོའི་འགྱུར།” ཞེས་དང་།  སྒྲུབ་བྱེད་དུ་དྲངས་མ་ཐག་པའི་ 《སྤྱོད་པ་བསྡུས་པའི་སྒྲོན་མ་》ཞེས་བྱ་བའི་མཛད་བྱང་དུ། “སྤྱོད་པ་བསྡུས་པའི་སྒྲོན་མ་སློབ་དཔོན་ཆེན་པོ་ཨཱརྱ་དེ་བའི་ཞལ་སྔ་ནས་ཀྱིས་མཛད་པ་རྫོགས་སོ།། །།

རྒྱ་གར་གྱི་མཁན་པོ་ཤྲདྡྷ་ཀ་ར་ཝརྨ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།” ཞེས་གསུངས་པས་མིང་ལ་ཅུང་ཙམ་མི་འདྲ་བ་ཡོད་མོད་ལོ་ཙཱ་བ་གཅིག་ཡིན་པ་དང་།    ད་ལྟའི་བསྟན་འགྱུར་ཁག་ཏུ་ “སྤྱོད་པ་བསྡུས་པའི་སྒྲོན་མ་སློབ་དཔོན་ཆེན་པོ་ཨཱརྱ་དེ་བའི་ཞལ་སྔ་ནས་ཀྱིས་མཛད་པ་”ཟེར་བ་ཞིག་ལས་“རིམ་ལྔའི་དོན་འགྲེལ་སྤྱོད་པ་བསྡུས་པའི་སྒྲོན་མ་” ཞེས་པ་ཞིག་མི་འདུག་པས་དེ་གཉིས་མིང་མི་འདྲ་བ་ཙམ་ལས་དོན་ལ་བསྟན་བཅོས་གཅིག་ཡིན།

མིང་མི་འདྲ་བའི་རྒྱུ་མཚན་ནི།  གལ་ཏེ་ཇོ་ནང་ཕྱོགས་རྒྱལ་བས་ལེགས་སྦྱར་མཁྱེན་ན་ཁོང་གིས་ལེགས་སྦྱར་གྱི་མ་ཕྱི་ལ་བལྟས་ནས་ཐད་ཀར་ཡིག་བསྒྱུར་བྱས་ཡོད་སྲིད་ལ་མ་ཡིག་གཅིག་ལ་འགྱུར་མི་འདྲ་བ་ཡོང་བ་ནི་རྒྱུན་ལྡན་རེད།  ཡང་ན་ཁོང་གིས་འགྱུར་མི་འདྲ་བའི་མ་ཕྱི་ཞིག་ལ་བལྟས་ཡོད་ཀྱང་སྲིད།  དེའི་ཕྱིར་“རིམ་ལྔའི་དོན་འགྲེལ་སྤྱོད་པ་བསྡུས་པའི་སྒྲོན་མ་”དང་“སྤྱོད་པ་བསྡུས་པའི་སྒྲོན་མ་”གཉིས་འགྱུར་གྱི་ཁྱད་པར་ཅུང་ཙམ་ཡོད་པ་ལས་དོན་ལ་བསྟན་བཅོས་གཅིག་ཡིན་པ་ཤེས་ཐུབ།  དེས་ན་སྒྲུབ་བྱེད་དུ་དྲངས་མ་ཐག་པའི་ “སྤྱོད་པ་བསྡུས་པའི་སྒྲོན་མ”་ཞེས་བྱ་བའི་མཛད་བྱང་རང་དུ་འཕགས་པ་ལྷས་མཛད་པར་གསུངས་པ་དང་། ཇོ་ནང་ཕྱོགས་རྒྱལ་བའི་བསྟན་འགྱུར་དཀར་ཆག་ལས་ཀྱང་འཕགས་པ་ལྷས་མཛད་པར་གསུངས་པ་ནི།  སྒྲུབ་བྱེད་དུ་དྲངས་མ་ཐག་པའི་ “སྤྱོད་པ་བསྡུས་པའི་སྒྲོན་མ་”ཞེས་བྱ་བ་འཕགས་པ་ལྷའི་གསུང་ཡིན་པའི་ཁུངས་དང་རྒྱུ་མཚན་ཡིན་ནོ། །  

 —  རྣམ་ཤེས་བདེན་གྲུབ་འདོད་པའི་ལྟ་གྲུབ་ཀླུ་སྒྲུབ་ཀྱི་དུས་ནས་བྱུང་ཡོད། 

ཀླུ་སྒྲུབ་ཀྱི་དངོས་སློབ་འཕགས་པ་ལྷའི་《ཡེ་ཤེས་སྙིང་པོ་ཀུན་ལས་བཏུས་པར།》“ གཟུང་དང་འཛིན་པ་ལས་གྲོལ་བའི། །རྣམ་ཤེས་དམ་པའི་དོན་དུ་ཡོད། །བློ་མཚོའི་ཕ་རོལ་ཕྱིན་པ་ཡི། །རྣལ་འབྱོར་སྤྱོད་པའི་གཞུང་དུ་བསྒྲགས། །རྣམ་ཤེས་དམ་པའི་དོན་ལྡན་པ། །དེ་ཡང་བརྟེན་རྣམས་མི་འདོད་དེ། །གཅིག་དང་དུ་མའི་རང་བཞིན་དང་། །བྲལ་ཕྱིར་ནམ་མཁའི་པདྨ་བཞིན། །ཡོད་མིན་མེད་མིན་ཡོད་མེད་མིན། །གཉིས་ཀའི་བདག་ཉིད་ཀྱང་མིན་པས། །མཐའ་བཞི་ལས་གྲོལ་དབུ་མ་པ། །མཁས་པ་རྣམས་ཀྱི་དེ་ཁོ་ནའོ།།” ཞེས་རྣམ་ཤེས་བདེན་གྲུབ་འདོད་པའི་ལྟ་གྲུབ་ལ་དགག་པ་བྱས་པ་འདིས་ཀྱང་སྐབས་དེར་རྣམ་ཤེས་བདེན་གྲུབ་འདོད་པའི་ལྟ་གྲུབ་ཤུགས་ཆེན་དར་ཡོད་པ་མཚོན། ཡེ་ཤེས་སྙིང་པོ་ཀུན་ལས་བཏུས་པའི་གཞུང་འདིར་བྱེ་བྲག་སྨྲ་བ། མདོ་སྡེ་བ། རྣལ་འབྱོར་སྤྱོད་པ་བ། དབུ་མ་པ་སོགས་ཐ་སྙད་དངོས་སུ་ཐོན་ནས་གྲུབ་མཐའ་སྨྲ་བ་བཞིའི་འདོད་ཚུལ་སོ་སོར་བཀོད་ཡོད་པས་འཕགས་པ་ལྷ་དང་ཀླུ་སྒྲུབ་ཀྱི་དུས་སྐབས་སུ་སེམས་ཙམ་པའི་གྲུབ་མཐའི་སྲོལ་འཛིན་བྱུང་བ་ཤེས་ཐུབ།    

ཡེ་ཤེས་སྙིང་པོ་ཀུན་ལས་བཏུས་པ་འཕགས་པ་ལྷའི་གསུང་ཡིན་ན་དེ་ལྟར་ཡིན་པ་བདེན་མོད།  ཡེ་ཤེས་སྙིང་པོ་ཀུན་ལས་བཏུས་པ་འཕགས་པ་ལྷའི་གསུང་ཡིན་མིན་དོགས་གཞི་ཆེ་སྙམ་ན། དོགས་གཞི་ཆེ་བ་ནི་བདེན་མོད།  འོན་ཀྱང་སྒྲུབ་བྱེད་འཚོལ་ཚེ་འཕགས་པ་ལྷའི་གསུང་ཡིན་པའི་སྒྲུབ་བྱེད་བཙན་སྙམ།《དབུ་མ་རིན་པོ་ཆེའི་སྒྲོན་མ་》ཞེས་བྱ་བ་ལས། “ རྗེ་བཙུན་ཨཱརྱ་དེ་བས་ཀྱང་། ཡོད་མིན་མེད་མིན་ཡོད་མེད་མིན། །གཉི་ག་མེད་པ་མ་ཡིན་ལ། །མུ་བཞི་ལས་ནི་རྣམ་གྲོལ་བ། །དེ་ཉིད་དབུ་མ་པ་ཡིས་རིག །”ཅེས་ཡེ་ཤེས་སྙིང་པོ་ཀུན་ལས་བཏུས་པའི་ཚིག་འདི་དྲངས་ཡོད།  དེས་ན་རྒྱ་གར་མཁས་པས་ཀྱང་ཡེ་ཤེས་སྙིང་པོ་ཀུན་ལས་བཏུས་པ་ཨཱརྱ་དེ་བའམ་འཕགས་པ་ལྷའི་གསུང་ཡིན་པར་འདོད་པ་གསལ། 

《དབུ་མ་རིན་པོ་ཆེའི་སྒྲོན་མ་》ཞེས་བྱ་བ་སུས་མཛད་པ་ཡིན་སྙམ་ན་མཛད་བྱང་དུ་ “ སློབ་དཔོན་མཁས་པ་ཆེན་པོ་བྷ་བྱ་སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱི་གསུང་བཞིན་དུ་མཛད་པ་རྫོགས་སོ།།”ཞེས་གསུངས་ཤིང་སློབ་དཔོན་ལེགས་ལྡན་བྱེད་ཀྱི་མཚན་ལ་ཡང་བྷ་བྱས་ཟེར་བ་ཡིན་ཏེ།《རྟོག་གེ་འབར་བའི་》མཛད་བྱང་དུ་ “བྷ་བྱས་མཛད་པ་རྫོགས་སོ་”  ཞེས་འཀོད་ཡོད། འོན་ཀྱང་དབུ་མ་རིན་པོ་ཆེའི་སྒྲོན་མ་མཛད་མཁན་གྱི་སློབ་དཔོན་བྷ་བྱ་ནི།  རྟོག་གེ་འབར་བ་མཛད་མཁན་གྱི་སློབ་དཔོན་བྷ་བྱའམ་ལེགས་ལྡན་བྱེད་མ་ཡིན་ཏེ།   ཇོ་ནང་ཕྱོགས་ལས་རྣམ་རྒྱལ་ཀྱི་བསྟན་བཅོས་འགྱུར་རོ་འཚལ་གྱི་དཀར་ཆག་དྲི་མེད་འོད་ཀྱི་ཕྲེང་བ་ལས། “ 《དབུ་མ་རིན་པོ་ཆེ་སྒྲོན་མ་》སློབ་དཔོན་བྷ་བྱས་(འདི་སློབ་དཔོན་ལེགས་ལྡན་བྱེད་ནི་མ་ཡིན་ཏེ་ཟླ་གྲགས་དང་ཕྱོགས་གླང་གི་ལུང་དྲངས་པའི་ཕྱིར་རོ)མཛད་པ།”ཞེས་མཆན་ཞིག་བཀོད་འདུག་ཀྱང་མཆན་འདི་ཇོ་ནང་ཕྱོགས་རྒྱལ་བ་རང་གིས་བྲིས་པ་ཡིན་མིན་ཤེས་མ་སོང་།  གང་ཡིན་ཡང་རུང་མཆན་ལྟར་འཐད་པ་ཡིན་ཏེ་《དབུ་མ་རིན་པོ་ཆེའི་སྒྲོན་མ་》ལས་ཟླ་གྲགས་ཀྱི་ 《གསུམ་ལ་སྐྱབས་སུ་འགྲོ་བ་བདུན་ཅུ་པའི་》གཞུང་ཚིག་དྲངས་ཡོད།     དེས་ན་ལེགས་ལྡན་གྱི་གསུང་མ་ཡིན་མོད་གང་ལྟར་རྒྱ་གར་མཁས་པའི་གསུང་ཡིན་པ་ཐག་ཆོད་པས་ཁུངས་ཚད་ལྡན་དུ་བགྲང་ན་ཆོག་སྙམ་མོ།། 

ཁང་དཀར་ཚུལ་ཁྲིམས་ཀྱི་《ཆོས་འབྱུང་ལེགས་བཤད་དཀའ་གནད་མདུད་འགྲོལ་ལས།》 “གྲུབ་མཐའི་རྣམ་བཞག་སྟོན་པ་ཡེ་ཤེས་སྙིང་པོའི་ཀུན་ལས་བཏུས་སྔགས་ཀྱི་བསྟན་བཅོས་སོགས་མང་པོ་བཞུགས་ཡོད་ཀྱང་། དེ་དག་མཛད་མཁན་ནི་བཞི་བརྒྱ་པ་མཛད་མཁན་དང་སློབ་དཔོན་གཞན་ཡིན།”  ཞེས་བཞི་བརྒྱ་པ་མཛད་མཁན་འཕགས་པ་ལྷའི་གསུང་མ་ཡིན་པར་ཐག་བཅད་ཡོད།  འོན་ཀྱང་རྒྱུ་མཚན་ཅི་ཡང་བཤད་མེད།  གལ་ཏེ་ཀླུ་སྒྲུབ་ཀྱི་སྐབས་སུ་སེམས་ཙམ་པ་བྱུང་མེད་པ་གཞིར་བཞག་ནས་ཡེ་ཤེས་སྙིང་པོ་ཀུན་བཏུས་ལས་སེམས་ཙམ་པའི་གྲུབ་མཐའ་བཤད་པས་ཀླུ་སྒྲུབ་ཀྱི་དངོས་སློབ་འཕགས་པ་ལྷའི་གསུང་མིན་ཟེེར་ན།  དེ་ནི་བསྒྲུབ་བྱ་སྒྲུབ་བྱེད་དུ་བཀོད་པ་ཙམ་ལས་སྒྲུབ་བྱེད་སྟོབས་ལྡན་ཞིག་ཏུ་མི་མཐོང་།  

སྤྱིར་བཏང་ང་ཚོས་ཞིབ་འཇུག་པས་བཤད་པ་དག་ཧ་ཅང་ཚད་ལྡན་ཡིན་བསམ་བཞིན་ཡོད་མོད།  འོན་ཀྱང་ཞིབ་འཇུག་པ་མང་པོ་ཞིག་གིས་ཁོ་རང་ཚོས་སྒྲོམ་གཞི་ཞིག་གཏན་ཁེལ་བྱས་ནས་སྒྲོམ་གཞི་དེ་གཞིར་བཞག་གི་སྟེང་ནས་དཔྱད་པ་བཏང་འདུག   སྒྲོམ་གཞི་དེ་རྩོད་གཞི་ཅན་ཡིན་པའམ་ཡང་ན་ནོར་འཁྲུལ་ཅན་ཞིག་ཡིན་ན་དེ་ལ་བརྟེན་པའི་དཔྱད་པ་ཚང་མ་རྩོད་གཞི་ཅན་དང་ནོར་འཁྲུལ་ཅན་ཡིན་པ་རེད།  དཔེར་ན།   ཀླུ་སྒྲུབ་ཀྱི་དུས་སྐབས་སུ་སེམས་ཙམ་པའི་གྲུབ་མཐའ་མེད་པ་གཞིར་བཞག་པའི་སྒྲོམ་གཞིའི་སྟེང་ནས་སེམས་ཙམ་པའི་ཐུན་མོང་མ་ཡིན་པའི་ཆོས་སྐད་ཐོན་པའི་བཀའ་དང་བསྟན་བཅོས་དག་ཀླུ་སྒྲུབ་ཀྱི་རྗེས་སུ་བྱུང་བར་བཤད་བཞིན་དུ།  ཀླུ་སྒྲུབ་ཀྱིས་མཛད་པར་གྲགས་པའི་སེམས་ཙམ་པའི་ཐུན་མོང་མ་ཡིན་པའི་ཆོས་སྐད་ཐོན་ཡོད་པའི་བསྟན་བཅོས་མང་པོ་ཞིག་ཀླུ་སྒྲུབ་ཀྱིས་མཛད་པ་ཡིན་མིན་ལ་དོགས་པ་བྱེད་བཞིན་པ་ལྟ་བུས་མཚོན་རྩ་བའི་སྒྲོམ་གཞི་དེ་ཡང་རྩོད་གཞི་ཅན་དང་ནོར་འཁྲུལ་ཅན་མང་པོ་ཞིག་འདུག  

  སེམས་ཙམ་པའི་ལྟ་གྲུབ་མཚོན་བྱེད་ཀྱི་ཆོས་སྐད་ཁག་ཅིག་ཀླུ་སྒྲུབ་དང་དུས་མཉམ་དུ་བྱུང་ཚུལ། 

“ངོ་བོ་ཉིད་གསུམ།”  ཀླུ་སྒྲུབ་ཀྱི་《རང་བཞིན་གསུམ་ལ་འཇུག་པའི་སྒྲུབ་པ་》ལས།  “ཡོངས་གྲུབ་རང་བཞིན་ཤེས་པར་བྱ།། ཞེས་དང་། ཀུན་བརྟགས་དང་ནི་གཞན་གྱི་དབང་།།”  ཞེས་ངོ་བོ་ཉིད་གསུམ་གྱི་རྣམ་བཞག་གསལ་པོར་གསུངས་ཡོད། ཇོ་ནང་ཕྱོགས་རྒྱལ་བའི་《བསྟན་བཅོས་འགྱུར་རོ་འཚལ་གྱི་དཀར་ཆག་དྲི་མེད་འོད་ཀྱི་ཕྲེང་བ་》ལས། “རང་བཞིན་གསུམ་ལ་འཇུག་པའི་སྒྲུབ་པ་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ། ཁ་ཆེའི་པཎྜི་ཏ་ཟླ་བ་གྲགས་པའི་རང་འགྱུར།” ཞེས་ཀླུ་སྒྲུབ་ཀྱིས་མཛད་པར་གསུངས།   འོན་ཀྱང་ “རང་འགྱུར”་ཞེས་པའི་ཚིག་འདི་ལ་བསམ་ན་ཁ་ཆེའི་པཎྜི་ཏ་ཟླ་བ་གྲགས་པ་རང་ཉིད་ཀྱིས་བརྩམས་ཤིང་རང་ཉིད་ཀྱིས་བསྒྱུར་བ་ལྟ་བུ་ཞིག་ལ་གོ།   “རང་བཞིན་གསུམ་ལ་འཇུག་པའི་སྒྲུབ་པ་” ཞེས་པ་མདའ་ཚད་མའི་ཤོག་ལྷེ་གཉིས་ལས་མེད་པས་བསྟན་བཅོས་འདིར་ངོ་བོ་ཉིད་གསུམ་སྐོར་གྱི་བཤད་པ་གལ་གནད་ཅན་མང་ཡང་རྒྱ་བོད་ཀྱི་མཁས་པ་གྲགས་ཆེ་བ་དག་གིས་གཞུང་འདིའི་ཚིག་གཅིག་ཀྱང་ལུང་འདྲེན་བྱས་མེད་པ་འདྲ།  དེའི་ཆ་ནས་ཀྱང་ཀླུ་སྒྲུབ་ཀྱི་གསུང་ཡིན་མིན་ལ་དོགས་གཞི་ཆེ།   

ཀླུ་སྒྲུབ་ཀྱི་དུས་སུ་ “ངོ་བོ་ཉིད་གསུམ་” གྱི་ལྟ་གྲུབ་དར་ཡོད་པའི་རྒྱུ་མཚན་གཞན་ཞིག་ནི།   

《ཚིག་གསལ་ལས་》 “མདོ་སྡེ་ཀུན་ལས་བཏུས་དང་གཏམ་བྱ་རིན་ཆེན་ཕྲེང་དང་ཡང་དག་བསྟོད་པ་དང་།།” ཞེས་དཔལ་ལྡན་ཟླ་བ་གྲགས་པས་ཀླུ་སྒྲུབ་ཀྱིས་མཛད་པར་ཞལ་བཞེས་གནང་བའི་ “མདོ་ཀུན་ལས་བཏུས་པར་”ལང་གཤེགས་ཀྱི་ལུང་དྲངས་ཡོད་པས་ཀླུ་སྒྲུབ་ཀྱི་དུས་སུ་ངོ་བོ་ཉིད་གསུམ་གྱི་རྣམ་བཞག་ཆ་ཚང་གསུངས་པའི་ལང་གཤེགས་བྱུང་ཡོད་པར་གསལ། ལང་གཤེགས་ལས་ངོ་བོ་ཉིད་གསུམ་གྱི་རྣམ་བཞག་ཆ་ཚང་བ་བསྟན་པ་ནི་ཡོངས་གྲགས་ཡིན་པ་དང་ཧ་ཅང་གསལ་བས་ཚིག་ཚོགས་ལ་འཇིགས་ནས་འདིར་ལུང་ཚིག་མི་དགོད་དོ།། 

ཁང་དཀར་ཚུལ་ཁྲིམས་ཀྱི་《ཆོས་འབྱུང་ལེགས་བཤད་དཀའ་གནད་མདུད་འགྲོལ་》ལས། “ ཟླ་གྲགས་ཀྱིས་ཚིག་གསལ་དུ་ཀླུ་སྒྲུབ་ཀྱིས་མཛད་པར་ཞལ་བཞེས་གནང་པའི་མདོ་ཀུན་ལས་བཏུས་པར་[་་་་་་་་་་་་] དེར་ལང་གཤེགས་ལུང་ཡང་དྲངས་ཡོད་པས་རྩ་ཤེ་མཛད་མཁན་གྱི་ཀླུ་སྒྲུབ་ཀྱིས་མཛད་པ་མིན།” ཞེས་བཤད་ཡོད། འོན་ཀྱང་དེ་ནི་གོང་དུ་བཤད་པ་བཞིན་ཀླུ་སྒྲུབ་ཀྱི་སྔོན་དུ་སེམས་ཙམ་པའི་ལྟ་གྲུབ་མེད་པ་གཞིར་བཞག་གི་སྟེང་ནས་ཐག་བཅད་པ་ཙམ་རེད་སྙམ། 

“ཀུན་གཞི།” སྡེ་བ་བཅོ་བརྒྱད་ཀུན་ལ་ཡོངས་སུ་གྲགས་པའི་མདོ་སྡེ་ལས་ཀྱང་“ཀུན་གཞིའི་ཆོས་སྐད་” ཐོན་ཡོད་པ་ཡིན་ཏེ།རྗེ་བཙུན་ཏཱ་ར་ནཱ་ཐའི་《ཐེག་མཆོག་དབུ་མ་》ལས།“སྡེ་བ་ཀུན་ལ་གྲགས་པའི་མདོ་སྡེ་ནི།།གཅིག་ལས་འཕྲོས་པར་ཀུན་གཞིའི་མིང་གིས་བསྟན།།”དེའི་སྐབས་ཐེག་མཆོག་ཤིན་ཏུ་རྒྱས་པའི་དབུ་མ་ཆེན་པོ་རྣམ་པར་ངེས་པའི་རྣམ་བཤད་ཟིན་བྲིས་ལས།“  ཉན་ཐོས་སྡེ་བ་བཅོ་བརྒྱད་པོ་ཀུན་ལ་གྲགས་པའི་མདོ་སྡེ་གཅིག་ལས་འཕྲོས་པ་བརྒྱའི་བར་སྔོན་ཡོད་ཀྱང་ཕྱིས་གཅིག་ལས་འཕྲོས་པ་བཅུའི་བར་ཙམ་ཡོད་པ་ལས་དེའི་བཞི་ཚན་གྱི་སྐབས་ལས། སྐྱེས་བུ་ཀུན་གཞི་ལ་དགའ་བ། ཀུན་གཞི་ལ་ཀུན་ཏུ་དགའ་བ། མངོན་པར་དགའ་བ། ཡང་དག་པར་དགའ་བ།དེ་སྤངས་པའི་ཕྱིར་ཆོས་བསྟན་ན་རྣ་བ་གཏོད་ཅིང་སེམས་འཇོག་ལ། ཆོས་སྒྲུབ་སྟེ་དེ་བཞིན་གཤེགས་པ་འཇིག་རྟེན་དུ་བྱུང་ན་ངོ་མཚར་རྨད་དུ་བྱུང་བའི་ཆོས་དེ་ཡང་འབྱུང་ངོ་། །ཞེས་ཀུན་གཞིའི་མིང་གིས་བསྟན་པ་ཡིན་ཀྱང་།”ཞེས་དང་། དེ་བཞིན་ཉན་ཐོས་སྡེ་བའི་མདོ་《ཆོས་ཀྱི་ཚིགས་སུ་བཅད་པ་》ལས།“གང་ལ་ཀུན་གཞི་མེད་གྱུར་ཅིང་། །ཀུན་གཞི་ཐེ་ཚོམ་མི་དྲི་བ། །བདུད་རྩི་ཁོང་དུ་ཆུད་པ་ཐོབ། །དེ་ལ་བདག་ནི་བྲམ་ཟེར་བརྗོད། །” ཅེས་གསུངས། དེས་ན་ཀླུ་སྒྲུབ་ཀྱི་སྔོན་དུ་ཀུན་གཞིའི་ཆོས་སྐད་ཐོན་ཡོད་དོ།། 

དེས་ན་ཀླུ་སྒྲུབ་ཀྱི་སྔོན་དུ་སེམས་ཙམ་པའི་ཐ་སྙད་དང་། སེམས་ཙམ་པའི་ལྟ་གྲུབ། སེམས་ཙམ་པའི་ཐུན་མིན་གྱི་ཆོས་སྐད་དག་ཡོད་པས་ཀླུ་སྒྲུབ་ཀྱི་སྔོན་དུ་སེམས་ཙམ་པ་ཡོད་མེད་གཟུར་གནས་བློ་ལྡན་དག་གིས་ལེགས་པར་སོམས་ཤིག

   — ས་བཅད་བཞི་པ། ཞིབ་འཇུག་གི་གྲུབ་དོན་གྱི་ཚུལ་དུ་རང་གི་བསམ་ཚུལ་བརྗོད་པ། 

ཞིབ་འཇུག་པ་དག་གིས་ཀླུ་སྒྲུབ་ཀྱི་གཞུང་དུ་ལང་གཤེགས་དང་དགོངས་འགྲེལ་གྱི་ཚིག་ལུང་འདྲེན་བྱས་མེད་པས་ཀླུ་སྒྲུབ་ཀྱི་དུས་སུ་ལང་གཤེགས་དང་དགོངས་འགྲེལ་བྱུང་མེད་པ་ཚོད་དཔག་བྱས་པ་རེད། དེ་གཏན་ནས་བསམ་བློ་གཏང་རྒྱུ་མེད་ས་ཞིག་ཀྱང་མ་རེད། འོན་ཀྱང་ཀླུ་སྒྲུབ་ཀྱི་དུས་སུ་ལང་གཤེགས་དང་དགོངས་འགྲེལ་བྱུང་ཟིན་ཡོད་ན་ཡང་།  རྩ་བ་ཤེས་རབ་ལྟ་བུའི་ཀླུ་སྒྲུབ་ཀྱི་གཞུང་མང་པོ་ཞིག་གི་ནང་ལ་ལང་གཤེགས་དང་དགོངས་འགྲེལ་ལུང་འདྲེན་བྱས་མེད་པ་ནི་བསམ་གཞིག་མི་ཐུབ་ས་གང་ཡང་མེད་དེ།  དཔེར་ན་རྩ་བ་ཤེས་རབ་ལྟ་བུ་ལ་མཚོན་ན།  མཐའ་བཞི་སྐྱེ་འགོག་གི་རིགས་པ་སོགས་ལ་བརྟེན་ནས་བཀའ་བར་བའི་སྟོང་ཉིད་ཀྱི་རིམ་པ་དེ་གཙོ་བོར་འཆད་བཞིན་ཡོད་པས་རྣམ་ཤེས་ཚོགས་བརྒྱད་དང་ངོ་བོ་ཉིད་གསུམ་ལྟ་བུ་བརྗོད་བྱ་གཙོ་བོར་བྱས་པའི་ལང་གཤེགས་དང་དགོངས་འགྲེལ་ལྟ་བུ་ལ་བརྗོད་བྱའི་ཆ་ནས་འབྲེལ་མེད་ཡིན་པས་དེར་ལུང་འདྲེན་བྱས་མེད་པ་ཡང་རྒྱུ་མཚན་ཡོད་པ་ཞིག་རེད།  དཔེར་ན་ཀླུ་སྒྲུབ་ཀྱི་དུས་སུ་ཉན་ཐོས་ཀྱི་མདོ་བསྟན་བཅོས་དག་བྱུང་ཟིན་ན་ཡང་ཀླུ་སྒྲུབ་ཀྱིས་དེ་དག་ལུང་འདྲེན་བྱས་མེད་པ་ལྟ་བུ་རེད།  དེས་ན་མདོ་དང་བསྟན་བཅོས་དེ་དང་དེ་ཀླུ་སྒྲུབ་ཀྱིས་ལུང་འདྲེན་མ་མཛད་པས་ཀླུ་སྒྲུབ་ཀྱི་དུས་སུ་མ་བྱུང་བར་བཤད་པ་ནི་སྤྱིར་བཏང་གི་རགས་བཤད་ཙམ་ལས་ངེས་པ་གཏན་ནས་མེད་པ་ཞིག་རེད།        

ཁང་དཀར་ཚུལ་ཁྲིམས་ཀྱི་《བྱམས་ཆོས་བསྐྱར་ཞིབ་དྲང་ངེས་མཛེས་རྒྱན་》ལས། “གོང་དུ་ཞུས་པ་རྣམས་རང་རིགས་བློ་གསལ་དག་ལ་དོགས་སློང་ཚུལ་དུ་ཞུས་པ་ཙམ་ལས་ཚད་མའི་སྟོབས་ཀྱིས་གྲུབ་དོན་རྙེད་པ་ཞིག་མིན།”  ཞེས་ཞིབ་འཇུག་པ་དག་གི་དཔྱད་བརྗོད་ལ་རྒྱུས་མངའ་ཧ་ཅང་ཆེ་བའི་ཁང་དཀར་ཚུལ་ཁྲིམས་ཀྱིས་ཀྱང་ཞིབ་འཇུག་པ་དག་གི་གྲུབ་དོན་དག་དང་ལེན་མ་ཐུབ་པ་རེད།

ཡང་ལང་གཤེགས་དང་དགོངས་འགྲེལ་ལྟ་བུ་ཐེག་ཆེན་གྱི་མདོ་མང་པོ་ཞིག་ཀླུ་སྒྲུབ་སོགས་བྱོན་རྗེས་སུ་གློ་བུར་དུ་ཐོན་པ་ལྟ་བུ་ཞིག་ལ་བསམ་བཞིན་ཡོད་མོད།  སྤྱིར་ཀླུ་སྒྲུབ་ཀྱི་སྔོན་དུ་བྲམ་ཟེ་སྒྲ་གཅན་འཛིན་ནམ་དཔལ་ས་ར་ཧ་སོགས་ཐེག་ཆེན་གྱི་གྲུབ་མཐའ་འཛིན་མཁན་ཅི་རིགས་པ་བྱུང་བ་དང་།  ཀླུ་སྒྲུབ་ཀྱིས་འཚོལ་སྡུད་བྱས་པའི་མདོ་མང་པོ་ཞིག་ཀྱང་དབེན་རི་ལ་བཞུགས་པའི་དགེ་སློང་བགྲེས་པོ་དག་གི་མདུན་ནས་ཞུས་པ་ཡིན་ཏེ།  ལོ་ཆེན་གཞོན་ནུའི་སྲོག་(鳩摩羅)གི་འགྱུར་《བྱང་ཆུབ་སེམས་དཔའ་ཀླུ་སྒྲུབ་ཀྱི་རྣམ་ཐར་》(龍��菩萨傅) ལས། “ དེ་ནས་སླར་ཡང་མདོ་འཚོལ་ཕྱིར་གངས་རི་ལ་ཞུགས་ནས་རིའི་མཆོད་རྟེན་དྲུང་དུ་དགེ་སློང་བགྲེས་པོ་ལས་ཐེག་ཆེན་མདོ་ཞུས་ཏེ་བསླབ་པས་དེ་ཁོ་ཉིད་ཀྱི་དོན་རྟོགས་ཀྱང་བསླབ་པ་མཐར་མ་ཕྱིན་ནས།  མདོ་འཚོལ་ཕྱིར་གང་སར་ཕེབས་སྐབས་བྱང་ཆུབ་སེམས་དཔའ་ཀླུ་ཆེན་པོས་(大龍菩萨)ལམ་བསྟན་ནས་ཀླུ་ཡུལ་ཕོ་བྲང་ནས་ཤིན་ཏུ་རྒྱས་པའི་ཟབ་མོའི་མདོ་ཞུས།  དེ་བསླབས་པས་ཆོས་ཟབ་མོ་རྟོགས་ཤིང་མི་སྐྱེ་བའི་བཟོད་པ་གཉིས་ཐོབ།”   ཅེས་གསལ། 

དེས་ན་སྔོན་གྱི་རྒྱ་གར་བ་དག་ནི་བསྟན་བཅོས་ཡིག་ཐོག་ལ་བྲི་རྒྱུར་མི་དགའ་ཞིང་བཀའ་བསྟན་མང་པོ་ཞིག་ངག་ནས་ངག་ཏུ་བརྒྱུད་དེ་ཡོང་བ་བཞིན།  ཐེག་ཆེན་གྱི་མདོ་དག་ཀྱང་དུས་ཤིན་ཏུ་སྔ་མོ་ནས་མི་ཡུལ་འདིར་བྱུང་ཡོད་ཀྱང་འཆད་ཉན་བྱེད་མཁན་རེ་ཟུང་ལས་མེད་པས་དར་ཁྱབ་ཆེར་མ་བྱུང་ཞིང་རིམ་བཞིན་ཀླུ་སྒྲུབ་དང་ཐོགས་མེད་ཡབ་སྲས་ཀྱིས་མདོ་དེ་དག་རྩལ་དུ་བཏོན་ནས་འཆད་ཉན་བྱས་པ་ལ་བརྟེན་རིམ་གྱིས་དར་རྒྱས་ཆེན་པོ་བྱུང་བ་ཞིག་རེད་སྙམ།     

མཇུག་བསྡུའི་གཏམ། 

དཔྱད་རྩོམ་འདི་ ཀ-ཁ-ག-ང- ས་བཅད་བཞི་ཡི་ནང་དུ་བསྡུས་ནས་བཤད་ཡོད་ལ།  ས་བཅད་དང་པོ།  ཀ—༤པའི་ནང་དུ། སེམས་ཙམ་པའི་སློབ་དཔོན་ལྔ་བརྒྱ་སངས་རྒྱས་མྱ་ངན་ལས་འདས་ནས་ལོ་(༣༥༠____༤༣༠) བར་དུ་བྱུང་ན། སྒྲ་གཅན་འཛིན་དེ་དག་ལས་ལོ་ཉི་ཤུའི་ཆུང་བའི་དབང་དུ་བཏང་ན་སངས་རྒྱས་མྱ་ངན་ལས་འདས་ནས་(༣༧༠____༤༥༠) བར་དུ་བྱུང་བར་ཚོད་དཔག་བྱེད་ཐུབ།  སྒྲ་གཅན་འཛིན་ནཱ་ལེནྡཱའི་མཁན་པོ་ཡིན་དུས་ཀླུ་སྒྲུབ་ལོ་བདུན་ཡིན་པས་ཀླུ་སྒྲུབ་སྒྲ་གཅན་འཛིན་ལས་ལོ་སུམ་ཅུའི་ཆུང་བའི་དབང་དུ་བཏང་ན།  སངས་རྒྱས་འདས་ནས་ལོ་(༤༠༠___༨༠ )བར་དུ་ཀླུ་སྒྲུབ་བྱུང་ཡོད་པ་ཚོད་དཔག་བྱས་ནས།  

རྗེ་བཙུན་ཏཱ་ར་ནཱ་ཐའི་གསུངས་ཚུལ་གཞིར་བྱས་ན་སྤྱི་ལོའི་སྔོན་གྱི་དུས་རབས་དང་པོ་ནས་སྤྱི་ལོའི་དུས་རབས་དང་པོའི་དུས་མགོ་སྟེ།  ( སྤྱི་ལོའི་སྔོན་གྱི་ལོ་ ༦༤— སྤྱི་ལོ་༡༦ ) བར་དུ་བྱུང་བར་ཚོད་དཔག་བྱེད་ཐུབ་ཚུལ་བཤད་ཡོད།

ས་བཅད་གཉིས་པ། ཁ—པའི་ནང་དུ་རྗེ་བཙུན་ཏཱ་ར་ནཱ་ཐའི་ཀླུ་སྒྲུབ་ཀྱི་སྔོན་དུ་སེམས་ཙམ་པ་བྱུང་བར་འདོད་ཚུལ་བཤད་ཡོད། 

ས་བཅད་གསུམ་པ། ག—པའི་ནང་དུ་ཞིབ་འཇུག་པ་དག་གི་དཔྱད་ཐབས་གཞིར་བཟུང་ནས་ཀླུ་སྒྲུབ་ཀྱི་སྔོན་དུ་སེམས་ཙམ་པའི་ཐ་སྙད་དང་། སེམས་ཙམ་པའི་ལྟ་གྲུབ་དང་། སེམས་ཙམ་པའི་ཆོས་སྐད་གལ་ཆེན་དག་བྱུང་ཡོད་ཚུལ་བཤད་ཡོད། 

ས་བཅད་བཞི་པ། ང—པའི་ནང་དུ་ཞིབ་འཇུག་པ་དག་གིས་ཀླུ་སྒྲུབ་ཀྱི་སྔོན་དུ་སེམས་ཙམ་པ་མེད་པར་བཤད་པའི་རྒྱུ་མཚན་དག་ནི་རགས་བཤད་ཙམ་ལས་ངེས་པ་གཏན་ནས་མེད་པ་ཞིག་དང་།  ཐེག་ཆེན་གྱི་མདོ་དག་ཀྱང་དུས་ཤིན་ཏུ་སྔ་མོ་ནས་མི་ཡུལ་འདིར་བྱུང་ཡོད་ཀྱང་དར་ཁྱབ་ཆེར་མ་བྱུང་ཞིང་རིམ་བཞིན་ཀླུ་སྒྲུབ་དང་ཐོགས་མེད་ཡབ་སྲས་ཀྱིས་མདོ་དེ་དག་དར་རྒྱས་ཆེན་པོར་བཏང་བ་ཞིག་ཡིན་ཚུལ་སོགས་གྲུབ་དོན་གྱི་ཚུལ་དུ་རང་གི་བསམ་ཚུལ་བརྗོད་ཡོད།  རྫོགས་སོ།།  འདིས་ཀྱང་སངས་རྒྱས་ཀྱི་བསྟན་པ་དར་སེམས་ཅན་ལ་བདེ་སྐྱིད་འབྱུང་། ཕ་མ་གཉིས་ནད་མེད་ཚེ་རིང་ཡོང་བའི་རྒྱུར་བསྔོ།

༢༠༢༥  ༡༡ ༡ ལེགས་པ་བརྒྱད་འཛོམས་ཉིན་ལྷ་སྐྱབས་ཀྱིས་རང་ཤག་ཏུ་མཇུག་ལེགས་པར་གྲུབ་པོ།།   དགེའོ། ། 

ནང་དོན་ཡོངས་ཁུངས། མདོ་སྔགས་སློབ་གླིང་ཆེན་མོའི་སྤྱི་སྟེགས།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།