བདག་མེད་གཉིས་ལ་དཔྱད་པ།

བདག་མེད་གཉིས་ལ་དཔྱད་པ་རྫོགས་ལྡན་ཆོས་མཆོག་གི་ལུགས་སུ་བྱས་པ།


བསེ་རྡོ་རྗེ།
རྟོན་པ་བཞི་ལྡན་ཀུན་མཁྱེན་དོལ་པོ་པ། །
ཤེས་རབ་རྒྱལ་མཚན་དཔལ་གྱི་ཞབས་ལ་འདུད། །
འཁྲུལ་བ་འཁོར་བའི་རྩ་བ་བདག་འཛིན་གཉིས། །
གཞོམས་མཛད་ཤེས་རབ་སྐྱེ་བར་བྱིན་གྱིས་རློབས། །

དེ་ཡང་ཇི་སྐད་དུ། སྙིང་རྗེ་པད་མ་དཀར་པོའི་མདོ་ལས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དེད་དཔོན་གྱིས་ཚེ་དང་ལྡན་པ་སྒྲ་གཅན་ཟིན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །སྒྲ་གཅན་ཟིན་ཐོང་སྨྲེ་སྔགས་མ་འདོན། སྒྲ་གཅན་ཟིན་བཅོམ་ལྡན་འདས་དེས་འདུ་བྱེད་ཐམས་ཅད་མི་རྟག་པ། འདུ་བྱེད་ཐམས་ཅད་སྡུག་བསྔལ་བ། ཆོས་ཐམས་ཅད་བདག་མེད་པ། མྱ་ངན་ལས་འདས་པ་ཞི་བའོ་ཐོག་མ་ཉིད་དུ་ཆོས་མ་བསྟན་ཏམ། ཞེས་ཡོངས་སུ་གྲགས་པའི་ཆོས་ཀྱི་སྡོམ་ཆེན་པོ་བཞི་བཀའ་བསྩལ་བའི་ནང་ནས་བདག་མེད་པ་སྟེ། དུས་ཀྱི་འཁོར་པོའི་འགྲེལ་བཤད་དྲི་མེད་འོད་ལས། སྟོང་པ་ཉིད་ཀྱི་དེ་ཁོ་ན་ལ་ནི་བྱེ་བྲག་ཡོ་དེ་དེ་ཡང་བདག་མེད་ཅེས་པ་ལ་སོགས་པ་སྟེ། བདག་མེད་ནི་རྣམ་པ་གཉིས་ཏེ་གང་ཟག་གི་བདག་མེད་དང་ཆོས་ཀྱི་བདག་མེད་པའོ། །ཞེས་བདག་མེད་པ་དེ་ཡང་གཉིས་གསུངས་ཤིང་། དེ་དག་གི་དོན་ཡང་རང་སྡེ་གྲུབ་མཐའ་སྨྲ་བ་སོ་སོ་ཡི་བཞེད་ཚུལ་མང་དུ་སྣང་སྟེ།
དཔེར་ན་གནས་མ་བུ་པ་སོགས་བརྗོད་མེད་ཀྱི་བདག་ཡོད་པ་དང་བྱེ་སྨྲ་དང་མདོ་སྡེ་བས་ཆོས་ཀྱི་བདག་མེད་མི་བཞེད་པ། དབུ་མ་པའི་ནང་དུའང་དགག་བྱ་སོ་སོར་དབྱེ་མི་དབྱེ་སོགས་འདྲ་དང་མི་འདྲ་བའི་རྣམ་བཞག་བྱུང་མོད། དེ་དག་རེ་རེ་ནས་ཤོད་པར་མི་ལོངས་ལ་ཤོད་པའི་ནུས་པ་མེད་ཕྱིར་རེ་བའང་དེ་ཙམ་མི་བྱེད་པར་འདིར་ཅུང་གླེང་བར་འདོད་པ་ནི་དཔལ་ཇོ་ནང་པའི་གཞུང་ལས་བྱུང་བ་བཞིན་བདག་མེད་གཉིས་ཀྱི་འཇོག་ཚུལ་ཐུན་མིན་དག་གི་གནས་ལ་འཇུག་ཁུལ་བྱ་སྟེ།

འདི་ལ་ཡང་བདག་མེད་གཉིས་ཀྱི་གོ་རིམ་གྱི་བྱུང་བ་དང་། བདག་མེད་གཉིས་དང་བདག་གཉིས་ཀྱི་ངོས་འཛིན་དང་། ཞར་བྱུང་དོགས་གནས་རེ་ཟུང་དགོད་པ་བཅས་པས་མཐུས་པར་བྱའོ།།


དང་པོ་བདག་མེད་གཉིས་ཀྱི་བྱུང་བ་ལ་མདོ་བསྟན་བཅོས་བགྲང་ལས་འདས་ཤིང་གོ་རིམ་ཡང་དེ་ཙམ་དུ་མོད་པར་འདུག་རེ་སྐད་ན་ཡང་། ཁོ་བོ་ལྟ་བུ་བླུན་པ་བྱིས་བློ་རྩིང་པོ་ཞིག་གིས་བཤད་པར་མི་ནུས་པས། རྒྱ་མཚོ་ལས་ཆུ་ཐིག་གི་དཔེ་ལྟར་རེ་ཟུང་རེ་གཉིས་ཙམ་བཀོད་ན་འདི་ལྟར་ཏེ། སྤྱིར་འཁོར་ལོ་གསུམ་གྱི་དབང་དུ་བྱས་ན་དང་པོ་ལས་གང་ཟག་གི་བདག་མེད་དང་ཐ་མ་གཉིས་ལས་ཆོས་ཀྱི་བདག་མེད་བསྟན་པའི་ཚོད་དུ་འདུག་སྟེ། དང་པོ་ལས་བདེན་བཞིའི་སྡུག་བདེན་གྱི་ཁྱད་ཆོས་སྟོང་བདག་མེད་གཉིས་གསུངས་པས་དེའི་སྟོང་དང་བདག་མེད་པའི་དོན་ཡང་། ཆོས་རྗེ་ཉ་དབོན་པའི་བསྟན་པ་སྤྱི་འགྲེལ་གྱི་རྣམ་བཤད་ཡིད་ཀྱི་མུན་སེལ་ལས། གང་ཟག་གི་བདག་རྟག་པས་བདག་གིར་བཟུང་བྱའི་བདག་གི་བས་སྟོང་པས་སྟོང་པའམ། དོན་གཞན་གྱུར་གྱི་བདག་གིས་སྟོང་པས་སྟོང་པ། རང་ཉིད་གང་ཟག་གི་བདག་དང་གཅིག་ཏུ་མེད་པས་བདག་མེད་པ་ཞེས་བྱུང་བས། དེའི་བདག་མེད་པ་གང་ཟག་གི་བདག་མེད་པར་བསྟན། དེ་ཡང་བླང་དོར་རབ་གསལ་ལས། འཁོར་དང་པོར་སྲིད་པ་གསུམ་པོ་འདི། །མི་རྟག་སྡུག་བསྔལ་སྟོང་པ་བདག་མེད་ཅེས། །འཁོར་བའི་ཉེས་དམིགས་བཤད་ཅེས་གསུངས་པ་དང་། འཁོར་ལོ་བར་པ་དང་ཐ་མ་གཉིས་ཆར་དུ། ཆོས་རྣམས་མ་སྐྱེས། མ་འགགགཟོད་ནས་ཞི་བ་སོགས་གསུངས་པ་ནི་ཆོས་ཀྱི་བདག་མེད་དང་། ཁྱད་པར་ཡུམ་གྱི་མདོ་རྣམས་སུ། གཟུགས་ལ་རང་བཞིན་མེད་དོ། དེའི་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་དེ་ཡིན་པའི་ཕྱིར་ཞེས་དང་། གཟུགས་ཀྱི་སྔོན་གྱི་མཐའ་མི་དམིགས། ཕྱི་མའི་མཐའ་མི་དམིགས། ད་ལྟར་བྱུང་བ་མི་དམིགས་ཞེས་དང་། གཟུགས་ནི་གཟུགས་ཀྱིས་སྟོང་ངོ་། ཞེས་སོགས་རྣམ་མཁྱེན་བར་འགྲེས་རྐང་རེ་རེ་སྦྱར་བས་ནི་ཆོས་བདག་མེད་པ་བསྟན་པ་ཤིན་ཏུ་གསལ་ཏེ། དེ་དག་ནི་དངོས་འཛིན་གྱི་གཉེན་པོར་གསུངས་པ་ཡིན་པར་བླང་དོར་རབ་གསལ་དུ། འཁོར་ལོ་བར་པར་དངོས་འཛིན་དགག་པའི་ཕྱིར། །གཟུགས་ནས་རྣམ་མཁྱེན་བར་གྱི་ཆོས་རྣམས་ཀུན། །སྟོང་ཉིད་རྨི་ལམ་སྒྱུ་མ་ལྟ་བུར་ཞེས། །བསྟན་ནས་ཞེས་གསུངས་ཤིང་དངོས་འཛིན་ཆོས་ཀྱི་བདག་ཡིན་པར་ཐེག་མཆོག་དབུ་མར་གསུངས་པས་དེའི་སྟོང་པ་ཡང་ཆོས་ཀྱི་བདག་མེད་པར་གྲུབ་ཅིང་འཆད་པར་ཡང་འགྱུར་རོ། །མདོ་སྡེ་གཅིག་གི་དབང་དུ་བྱས་ན་ཡང་ཉེ་བར་འཁོར་གྱིས་ཞུས་པའི་མདོ་ལས། སེམས་དམྱལ་འཇིགས་པ་ང་ཡིས་བསྟན་བྱས་ཏེ། །སེམས་ཅན་སྟོང་ཕྲག་དུ་མ་སྐྱོ་བས་ཀྱང༌། །གང་དག་ཤི་འཕོས་ངན་སོང་དྲག་འགྲོ་བའི། །འགྲོ་བ་དེ་དག་ནམ་ཡང་ཡོད་མ་ཡིན། །ཞེས་པས་གང་ཟག་གི་བདག་མེད་པ་དང་པོར་བསྟན་ཅིང་དེ་ནས་རིམ་བཞིན་ཕྱི་རོལ་ཀྱི་དོན་མེད་ཅིང་སེམས་སུ་བསྟན་པ་དང༌། བྱེད་པོ་གཞན་མེད་ཀྱི་རྟོག་པ་ཉིད་ཡིན་པས། སྣང་བ་དེ་ཡང་སེམས་ལས་གཞན་མིན་ཞེས་པ་དང་། དེ་ནས་རྟོག་པའི་དབང་གིས་འཇིག་རྟེན་རྣམས་བཏགས་ཏེ། །འདུ་ཤེས་འཛིན་པས་བྱིས་པ་རྣམ་པར་ཕྱེ། །འཛིན་དང་འཛིན་མེད་དེ་ཡང་བྱུང་མིན་ཏེ། ཡོངས་སུ་རྟོགས་པ་རྒྱུ་མ་སྨིག་རྒྱུ་བཞིན། །ཞེས་གཟུང་འཛིན་གཉིས་ཀ་མེད་པར་བསྟན་པས་ཆོས་ཀྱི་བདག་མེད་པ་རྗེས་སུ་བསྟན་པ་ལྟ་བུ་ཡོད་པར་མ་ཟད། ཆོས་ཀྱི་བདག་མེད་དངོས་སུ་བསྟན་ཏེ་གང་ཟག་གི་བདག་མེད་ཤུགས་བསྟན་པ་གཉིས་གོ་རིམ་མེད་པར་བསྟན་པ་ཡང་། ཤེར་སྙིང་ལས། ཤཱ་རིའི་བུ་དེ་ལྟ་བས་ཆོས་ཐམས་ཅད་སྟོང་པ་ཉིད་དེ། མཚན་ཉིད་མེད་པ། ཞེས་སོགས་ནས་མ་ཐོབ་པ་ཡང་མེད་དོ་ཞེས་པའི་བར་གྱིས་ཆོས་ཀྱི་བདག་མེད་དངོས་སུ་བསྟན་པའི་ཤུགས་ལ་གང་ཟག་གི་བདག་མེད་གསུངས་པ་ཡིན་ཏེ། ཤེར་སྙིང་ཚིག་འགྲེལ་རྨད་དུ་བྱུང་བར། དེ་དག་ཐམས་ཅད་ཀྱི་དངོས་བསྟན་ལ་ཆོས་ཀྱི་བདག་མེད་ཁོ་ན་གསུངས་ཏེ། གང་ཟག་གི་བདག་མེད་ནི་དེའི་ཤུགས་ལ་འབྱུང་བར་དགོངས་སོ། ཞེས་དང་སྔོན་མེད་ལེགས་བཤད་ལས་ཡང་དེ་ལྟར་གསུངས་པས་མདོ་གཅིག་ལ་བདག་མེད་གཉིས་མཉམ་ཏུ་གསུངས་པའང་སྣང་བར་གྱུར་ཏོ། བསྟན་བཅོས་ཀྱི་དབང་དུ་བྱས་ན་ནི། རྒྱལ་བ་བྱམས་པས་དབུས་མཐའ་རུ། ཡང་དག་མ་ཡིན་ཀུན་རྟོག་ཡོད། །དེ་ལ་གཉིས་པོ་ཡོད་མ་ཡིན། །སྟོང་པ་ཉིད་ནི་འདི་ལ་ཡོད། །དེ་ལ་ཡང་ནི་དེ་ཡོད་དོ། །སྟོང་པ་མ་ཡིན་མི་སྟོང་མིན། །དེ་ལྟ་བས་ན་ཐམས་ཅད་བཤད། །ཡོད་པས་མེད་པས་ཡོད་པས་ན། །དེ་ནི་དབུ་མའི་ལམ་ཡིན་ནོ། །ཞེས་གཟུང་འཛིན་གཉིས་མེད་པར་བཤད་པས་ཆོས་ཀྱི་བདག་མེད་དང་།
ཟ་བ་བཟའ་དང་དེ་ཡི་ལུས། །སོགས་ལ་འགྲེལ་བཤད་ལྟར་ན་བདག་མེད་གཉིས་མཉམ་ཏུ་དང་། གཅིག་དང་རྒྱུ་དང་ཟ་བ་དང་། །བྱེད་པ་དང་ནི་དབང་བསྒྱུར་དང་། །ཞེས་སོགས་གང་ཟག་གི་བདག་མེད་བསྟན་པས་གཞུང་དེར་ཆོས་ཀྱི་བདག་མེད་སྔོན་ལ་གསུངས་ཤིང་། མདོ་རྒྱན་དུ་བདག་ཏུ་ལྟ་བ་བདག་ཉིད་བདག་མཚན་མིན། །ངན་པར་གནས་མིན་མཚན་ཉིད་མི་འདྲ་ཕྱིར། །གཉིས་ལས་གཞན་མེད་དེ་ནི་ནོར་པ་སྐྱེས། །དེ་ཕྱིར་ཐར་པ་ནོར་ཙམ་ཟད་པ་ཡིན། །གང་ཟག་གི་བདག་མེད་དང་། རང་དང་རང་གི་བདག་ཉིད་དང་། །མེད་ཕྱིར་རང་གི་ངོ་བོ་ལ། །མི་གནས་ཕྱིར་དང་བཟུང་བཞིན་དེ། །མེད་ཕྱིར་ངོ་བོ་ཉིད་མེད་འདོད། །སྔ་མ་ཕྱི་མའི་རྟེན་ཡིན་པས། །ངོ་བོ་ཉིད་ནི་མེད་པ་ཡིས། །སྐྱེ་མེད་འགག་མེད་གཟོད་ནས་ཞི། །རང་བཞིན་མྱ་ངན་འདས་པ་འགྲུབ། །ཅེས་སོགས་ཀྱིས་སྐྱེ་མེད་དང་འགག་མེད་བསྟན་པས་དེ་དག་ནི་ཆོས་ཀྱི་བདག་མེད་ཀྱི་རྣམ་གྲངས་ཡིན་པས་དེ་བསྟན་པར་སོང་བ་དང་། ཡང་གང་ཟག་བཏགས་པར་ཡོད་ཉིད་དུ། །བརྗོད་བྱ་རྫས་སུ་མ་ཡིན་ནོ། །ཞེས་སོགས་ཀྱིས་ཀྱང་གང་ཟག་གི་བདག་འགོག་པར་མཛད་ལ། རྩ་ཤེས་སུ་བདག་ལས་མ་ཡིན་སོགས་ཆོས་ཀྱི་བདག་དང་། རེ་ཞིག་སོང་ལ་མི་འགྲོ་སྟེ། །ཞེས་གང་ཟག་གི་བདག་འགོག་ཚུལ་འཆད་པ་ལྟར་རམ། གལ་ཏེ་ཕུང་པོ་བདག་ཡིན་ན། །སོགས་ཀྱི་གང་ཟག་གི་བདག་མེད་བསྟན་པས་གོ་རིམ་ཡང་དེ་ལྟར་ཡིན་ལ། རིན་ཕྲེང་དང་བཞི་བརྒྱ་པ་སྤྱོད་འཇུག་སོགས་ནི་གང་ཟག་གི་བདག་མེད་སྔོན་དུ་གསུངས་པ་ཡིན་པར་སྣང་ཞིང་། ཆོས་རྗེ་ཀུན་མཁྱེན་ཆེན་པོས་བདག་གཉིས་བཀག་པ་གསལ་བོ་མ་མཇལ་ཡང་། བསྟན་པ་སྤྱི་འགྲེལ་གྱི་གསོལ་འདེབས་སུ། བདག་མེད་སྟོང་པ་ཞི་བའི་ལམ་འཇུག་པ། །བདེན་བཞི་སྟོན་མཛད་བླ་མའི་ཞབས་ལ་འདུད། །ཅེས་དང་གང་ཟག་གི་བདག་མེད་དང་། མཐའ་དང་དབུས་མེད་རང་རང་ངོ་བོ་ཡི། །སྟོང་བར་སྟོན་མཛད་བླ་མའི་ཞབས་ལ་འདུད། །ཅེས་གོ་རིམ་དུ་བྱུང་པས་དེ་ལྟར་མཛད་པར་སྣང་ལ། དབུ་མའི་མན་ངག་ཁྱད་འཕགས་དུ་ཡང་གོ་རིམ་དེ་ལྟར་བྱུང་ཞིང་། རྗེ་ཏཱ་ར་ནཱ་ཐའི་གསུང་ལ་ནི་ལམ་རིམ་དང་ཐེག་མཆོག་དབུ་མ་གཉིས་ཆར་དུ་གང་ཟག་གི་བདག་མེད་སྔོན་ལ་འབྱུང་བ་མཐོང་སྣང་དུ་གྲུབ་པ་དེ་ལགས་པས་འདིར་བྲི་བའི་ངལ་བ་མི་བྱའོ། །

གཉིས་པ་བདག་མེད་གཉིས་དང་བདག་གཉིས་ཀྱི་ངོས་འཛིན་པ་ནི།


མདོ་ལས་ནི་ཆོས་དང་གང་ཟག་གི་བདག་ཅེས་དང་དེ་མེད་ཅེས་པ་ལས་སོ་སོའི་ཚད་འདི་ཞེས་གསལ་བོ་གསུངས་པ་མི་སྣང་ལ། དེའི་ཕྱིར་བདག་གཉིས་དང་བདག་མེད་གཉིས་ལ་ངོས་འཛིན་ལུགས་ཀྱང་མང་དུ་བྱུང་བ་སྐད་འདུག་མོད། དེ་དག་ནི་གླེང་མི་སྤོབས་པས་བཏང་སྙོམས་སུ་བཞག་སྟེ། རྗེ་ཇོ་ནང་པའི་རང་ལུགས་ལ་ཇི་ལྟར་ངོས་འཛིན་པ་ཤོད་པའི་ལས་སུ་ཞུགས་ན་ནི། ཆོས་རྗེ་ཀུན་མཁྱེན་ཆེན་པོའི་དབུ་མའི་མན་ངག་ཁྱད་འཕགས་ལས། ཆོས་ཀུན་བདག་མེད་གཉིས་ཀ་ཡིན་མོད་ཀྱི། །དགག་བྱ་ལྡོག་ཚུལ་ཕྱོགས་ནས་ལྡོག་པས་དབྱེ། །ཞེས་ཐོག་མར་བདག་མེད་གཉིས་སྟོང་གཞིའི་སྒོ་ནས་མི་འཇོག་པར་དགག་བྱའི་སྒོ་ནས་འཇོག་པར་གསུངས་པ་ལས་དགག་བྱ་ངོས་འཛིན་མ་བྱས་ལ། བདེན་པ་གཉིས་ཀྱི་རྣམ་པར་དབྱེ་བའི་འཇའ་ས་ལས། འཁོར་ལོ་དང་པོ་ནི། གཞི་ཚུལ་ཁྲིམས་ལ་གནས་ནས། ལྟ་བ་གང་ཟག་གི་བདག་རྟག་གཅིག་རང་དབང་ཅན་ཀུན་རྫོབ་ཏུའང་མེད་པར་བསྟན། ཅེས་དང་། ཆོས་ཀྱི་ཤན་འབྱེད་ལས། དེ་ཡང་འདི་ལྟར། བདག་དང༌། སེམས་ཅན་དང༌། སྲོག་དང༌། གང་ཟག་དང༌། ཤེད་ཅན་དང༌། ཤེད་བདག་དང༌། ཤེད་བུ་ལ་སོགས་པ་རྣམ་གྲངས་མང་པོ་ཅན་གང་ཟག་གི་བདག་རྟག་པ་གཅིག་པུ་རང་དབང་ཅན་འདོད་པ་དང༌། ཞེས་གང་ཟག་གི་བདག་ནི་རྣམ་པ་ཐམས་ཅད་དུ་རྟག་གཅིག་རང་དབང་ཅན་དུ་ངོས་འཛིན་པ་ལས་གཞན་དུ་མ་གསུངས་ལ། གྲུབ་མཐའ་དོན་གསལ་དུ། ཁྱབ་འཇུག་རྟག་པ་རང་དབང་ཅན། །ཡིན་ཞེས་ཟེར་བ་འདོད་པ་ལ། །སྐྱེ་འཆི་གཉིས་ཀྱི་སྡུག་བསྔལ་དག། མྱོང་བས་རང་དབང་ཅན་དུ་འགལ། ཞེས་དང་མུ་སྟེགས་པས་བརྟགས་པའི་བདག་གམ་མུ་སྟེགས་པའི་བདག་ཞེས་པ་སོགས་བྱུང་བ་ལ། དེའི་དོན་ས་བཟང་གིས་བླང་དོར་རབ་གསལ་དུ། ཁྱབ་འཇུག་དབང་ཕྱུག་པ་དག་ཐུན་མོང་དུ། །དེ་དག་ཀུན་གྱི་བྱེད་པོ་རང་དབང་ཅན། །བདག་ཀྱང་གཅིག་པུ་ཀུན་ལ་ཁྱབ་པ་དང་། །དུས་གསུམ་འགྱུར་མེད་རྟག་པར་འདོད་མོད་ཀྱི། །ཞེས་ཁྱད་ཆོས་བཞི་འདོད་པར་གསུངས་ལ་རེ་རེ་ནས་དགག་པ་བྱས་པ་སོགས་ཡོད་ལ།
རྗེ་ཉིད་ཀྱིས་ཆོས་བདག་གི་ངོས་འཛིན་གསལ་བོ་གསུངས་པ་མི་སྣང་ཡང་། དབུ་མའི་མན་ངག་དུ། ཆོས་ཀྱི་བདག་འཛིན་དངོས་པོར་ཞེན་པ་སྟེ། ཞེས་གསུངས་པའི་ཟུར་ལས་ཆོས་བདག་ནི་དགག་བྱ་དངོས་པོ་སྟེ་བདེན་དངོས་ལ་བྱེད་པ་དཔོགས་སུ་རུང་བར་སྣང་བ་དེ་ཙམ་མ་གཏོགས་བདག་གཉིས་འཛིན་ཚུལ་དང་བདག་གཉིས་འགོག་ཚུལ་སོགས་ཕྱོགས་གཅིག་ཏུ་སྡེབས་པ་མ་མཇལ་མོད། རྗེ་བཙུན་སྒྲོལ་བའི་མགོན་པོས་ལྟ་བ་ནི་དོལ་པོ་པའི་ལུགས་སྐྱོང༌། ཆོས་སྐད་ནི་རྒྱ་གར་གྲུབ་ཐོབ་ཀྱི་རྗེས་སུ་འབྲང༌། ཞེས་གསུངས་པས། འདིར་དམ་པ་དེ་ཉིད་ཀྱི་གཞུང་ལས་བྱུང་བ་བཞིན་ཅུང་ཞིག་བརྗོད་ན། རྗེ་ཉིད་ཀྱི་གསུང་བླ་ཆེན་ཡེ་ཤེས་དྲུང་གིས་ཟིན་བྲིས་སུ་བཏབ་པའི་ཐེག་མཆོག་དབུ་མའི་ཟིན་བྲིས་ལས། གང་ཟག་གི་བདག་གི་མཚན་ཉིད་རྟག་པ་གཅིག་པུ་རང་དབང་ཅན་ཡིན་པ། ཞེས་དང་། ལམ་རིམ་བདུད་རྩིའི་ཉིང་ཁུ་ལས། འོན་ཀྱང་མེད་པ་ལ་ཡོད་པར་འཛིན་པའི་བདག་འཛིན་གྱི་འཛིན་སྟངས་རློམ་དང་བསྟུན་ན་རྟག་པ་གཅིག་པུ་རང་དབང་ཅན་དུ་འཛིན་པ་ཡིན། ཞེས་གང་ཟག་གི་བདག་ལ་རྒྱུ་རྐྱེན་ལས་མ་སྐྱེས་པས་རྟག་པ། ཆ་ཤས་མེད་པས་གཅིག་པུ་པ། ཕུང་པོ་ལ་མ་ལྟོས་པས་རང་དབང་བ་སྟེ་ཁྱད་པར་གསུམ་དང་ལྡན་པ་དང་བདག་འཛིན་ཀྱང་དེ་ཁོ་ནར་འཛིན་པ་ལས་གཞན་མ་གསུངས་ཤིང་། ཐེག་མཆོག་དབུ་མར། དེ་ཡི་ཁྱད་པར་རྟག་གཅིག་རང་དབང་ཅན། །རང་བཞིན་གཙང་བཟང་མ་འདྲེས་པ་རུ་ལྟ། །ཞེས་གསུངས་པས་ཀྱང་གྲུབ་པར་ནུས་མོད། ད་དུང་གང་ཟག་གི་བདག་ལ་རྟག་གཅིག་རང་དབང་བའི་ལོགས་སུ་རྐྱ་བའི་བདག་རང་སྡེ་འོག་མ་དག་གིས་འཇོག་པ་དང་། བདག་འཛིན་ལ་ཡང་འཛིན་ཚུལ་གཉིས་དང་རྟག་གཅིག་རང་དབང་བར་འཛིན་པ་ཀུན་བཏགས་ཁོ་ནར་བཤད་པ་སོགས་ནི་དམ་པ་འདིའི་རང་ལུགས་སུ་ནམ་ཡང་མི་རུང་བར་ཤེས་པར་བྱ་སྟེ། བདེ་མཆོག་བསྟོད་ཆེན་གྱི་རང་འགྲེལ་ཕན་བདེའི་རྒྱ་མཚོ་ལས། ལྷན་སྐྱེས་ལ་ངས་སྔོན་ཆུ་འདི་ལ་བརྒལ་ནས་འོངས་སྙམ་པའི་རྟག་འཛིན་དང༌། བདག་ཉིད་གཅིག་པུ་གཞན་ལས་ལོགས་སུ་གར་བའི་རྣམ་པ་དང༌། སྐྱེ་མཆེད་དྲུག་དང༌། གནས་ལུས་ལོངས་སྤྱོད་ལ་ང་དབང་ཞེས་རྟག་གཅིག་རང་དབང་ཅན་གྱི་འདུ་ཤེས་འདི་ལྟ་བུ་འཇུག་པ་ཡོད་པས། རྟག་གཅིག་རང་དབང་གི་བདག་འཛིན་ཀུན་བརྟག་ཁོ་ན་ཡིན་ཞེས་པའང་མི་འཐད་དོ། ཞེས་དང་། དོགས་གཅོད་མུན་སེལ་ལས། ཤེས་བྱ་ལ་གཏན་ནས་མི་སྲིད་པའི་བདག་དེ། རྟག་གཅིག་རང་དབང་ཅན་ལ་ཟེར། འདི་ཀུན་བཏགས་ཁོ་ན་ཡིན་ཅེས་ཕལ་ཆེར་ཟེར་བ་མི་འཐད། ལྷན་སྐྱེས་ཀྱིས་ཀྱང་འདི་ཁོ་ནར་རློམ་པ་ཡིན། དེས་ན་མུ་སྟེགས་ཀྱི་གྲུབ་མཐས་བཏགས་པའི་ཀུན་བཏགས་ཚོ་ཡང༌། ལྷན་སྐྱེས་རྒྱུ་མཚན་དུ་བྱས་ནས་བཏགས་པ་ཡིན། བདག་འཛིན་ལྷན་སྐྱེས་ཀྱི་འཛིན་སྟངས་ཀྱིས་བཟུང་བ་ལྟར་ཤེས་བྱ་མི་སྲིད་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་རོ། །འོ་ན་རྟག་གཅིག་རང་དབང་བའི་དོན་གང་ཞེ་ན། དུས་གསུམ་གྱི་ང་ལ་ཁྱད་པར་མེད་པ་རྟག་པ་དང་། ཕྱི་ནང་གི་ཕུང་སོགས་དང་མ་འདྲེས་པར་ཚུགས་ཐུབ་པ་ནི་གཅིག་པུ་དང་། ལོངས་སྤྱོད་དང་རྫས་སམ་འཁོར་གྱི་བདག་པོའམ་དེ་དག་གི་རྗེ་བོ་ལྟ་བུར་གྱུར་བ་ལ་ནི་རང་དབང་བ་ཞེས་བྱ་སྟེ། ལམ་རིམ་བདུད་རྩིའི་ཉིང་ཁུ་ལས། དེ་ཡང་ན་ནིང་ངས་འདི་བྱས། ང་ད་གཟོད་འདི་བྱེད་སྙམ་པ། ན་ནིང་གི་ང་དེ་ད་ལྟའི་ང་འདི་ཡིན། འདི་ད་གཟོད་ཡང་འགྲོ་སྙམ་པ་དེ་ལ་རྟག་པར་འཛིན་པ་ཟེར། ཞེས་པ་ནས་འཛིན་སྟངས་ཀྱིས་དེ་ལྟར་བཟུང་ཡང་དེ་ལྟ་བུར་མ་གྲུབ་སྟེ། ཞེས་པའི་བར་གསུངས་ལ། དེ་དག་འགོག་པ་ཡང་ཐེག་མཆོག་དབུ་མར། འཕགས་པ་ལང་ཀར་གཤེགས་པའི་ཐེག་པ་ཆེན་པོའི་མདོ་ལས། ཕུང་པོ་རྣམས་ལ་བདག་མེད་དེ། །ཕུང་པོ་རྣམས་ཀྱང་བདག་ལ་མེད། །རྣམ་རྟོག་བཞིན་དུ་དེ་དག་མེད། །དེ་དག་མེད་པ་འང་མ་ཡིན་ནོ། །ཞེས་དམ་བཅའ་བཞི་ལས་དམ་བཅའ་དང་པོ་གསུམ་གྱིས་སྒྲོ་འདོགས་ཀྱི་མཐའ་དང་ཕྱི་མས་སྐུར་འདེབས་ཀྱི་མཐའ་སེལ་ཚུལ་གསུངས་པ་དྲངས་ནས། དམ་བཅའ་དེའི་དོན་རིགས་པའི་སྒྲུབ་ཚུལ་ལ་བྱམས་པའི་གཞུང་ཚན་པ་གསུམ་སྟེ་མདོ་རྒྱན་གྱི་དེ་ཁོ་ན་ཉིད་ཀྱི་ལེའུ་ལས་གསུངས་པ་ལ་བརྟགས་པ་གཉིས་དང་། ཚན་གཉིས་པ་བྱང་ཆུབ་ཕྱོགས་མཐུན་ཀྱི་ལེའུ་ལས་གསུངས་པ་ལ་གང་ཟག་གི་བདག་རྫས་ཡོད་སྤྱིར་དགག་པ་སོགས་གནད་དོན་ལྔ་དང་། དབུས་མཐར་བདག་གཅིག་འཛིན་སོགས་འཛིན་པ་བཅུའི་གཉེན་པོར་མཁས་པ་བཅུ་གསུངས་པ་རྣམས་ཞིབ་རྒྱས་སུ་བཀོད་པ་མ་ཟད། དེ་དག་གི་དོན་རྒྱས་བཤད་དང་འབྲེལ་ནས་བདག་འགོག་གི་རིགས་པ། རྩ་ཤེས་ལས། གལ་ཏེ་ཕུང་པོ་བདག་ཡིན་ན། །སོགས་ཚན་པ་བཅུ་གཉིས་གསུངས་པ་དབུ་མ་ཐེག་མཆོག་རྩ་འགྲེལ་ན་ཉི་ལྟར་གསལ་བས་འདིར་མི་འགོད་ལ། རྟག་གཅིག་རང་དབང་བ་འགོག་ཚུལ་ལམ་རིམ་ལས་གསུངས་པ་དེ་ལ་ཐམས་ཅད་འདུས་པར་འདུག་པས་ཅུང་ཙམ་བརྗོད་པར་འདོད།
དེ་ཡང་བདག་རྟག་པ་ཡིན་ན་བདེ་བ་ལན་གཅིག་མྱོང་ན་རྟག་ཏུ་མྱོང་བ་དང་སྡུག་བསྔལ་ལན་གཅིག་མྱོང་ན་རྟག་ཏུ་མྱོང་བར་ཐལ་བ་དང་། སྔར་འཁོར་བར་བཅིངས་པ་ཕྱིས་ཐར་མི་སྲིད་པ་དང་། ཕྱིས་ཐར་བ་པས་སྔར་འཁོར་བ་མ་མྱང་བ་ཐལ་བ་བཅས་འབྱུང་སྟེ། ལམ་རིམ་ལས། གལ་ཏེ་བདག་དེ་རྟག་ན་ནི་བདག་དེ་ལན་ཅིག་བདེ་བ་མྱོང་ན་རྟག་ཏུ་བདེ་དགོས་པ་དང༌། ལན་ཅིག་སྡུག་བསྔལ་མྱོང་ན་རྟག་ཏུ་སྡུག་དགོས་པ་དང༌། དུས་དང་པོ་འཁོར་བར་བཅིངས་ན་ཕྱིས་གྲོལ་བའི་དུས་མི་སྲིད་པ་དང༌། ཕྱིས་གྲོལ་བའི་གནས་སྐབས་སུ་ཡོད་ན། སྔོན་འཁོར་བ་མ་མྱོང་བར་ཐལ་བ་ལས་བདེ་སྡུག་སྤེལ་མ་དང༌། བཅིངས་གྲོལ་གྱི་གནས་སྐབས་སོ་སོར་འབྱུང་བས་རྟག་པའི་བདག་མེད་པར་ཐག་ཆོད། ཞེས་དང་། གཅིག་པུ་ཡང་མི་འཐད་དེ། བདག་ནི་ལུས་སེམས་ཀྱི་ཕུང་པོ་ལ་ཡོད་ལྟར་ན། མིག་སོགས་བདག་ན་ནི་བདག་དུ་མར་འགྱུར་ཞིང་། དེ་དག་བདག་མིན་ན་བདག་མི་རྙེད་ལ། ཕུང་པོ་བདག་ན་མི་རྟག་པར་ཐལ་བ་དང་། དེ་ལས་མིག་གིས་མཐོང་བ་དང་ལུས་ཀྱིས་རེག་པ་ལ་བདག་གིས་མཐོང་བ་དང་རེག་པའི་འདུ་ཤེས་འབྱུང་བ་འགལ་བས་བདག་གཅིག་པུ་མེད་པར་གྲུབ་ལ། བྱ་བྱེད་རྐྱེན་ལ་རག་ལས་པ་མངོན་སུམ་གྱིས་མཐོང་བས་རང་དབང་ཅན་གྱི་བདག་མི་སྲིད་པས་འགོག་པ་སོགས་ཤིན་ཏུ་གསལ་བས་གཟིགས་འཚལ་ལོ།
ཆོས་བདག་གི་ངོས་འཛིན་ལ་ཆོས་རྗེ་ཀུན་མཁྱེན་ཆེན་པོའི་གཞུང་དུ་ཚད་འཇོག་དང་གྲུབ་ཚུལ་འདི་ཞེས་ཞལ་གསལ་བོ་མི་སྣང་ཡང་། དབུ་མ་ངེས་དོན་རྒྱ་མཚོ་ལས། དེ་ལ་གང་ཟག་དང་ཆོས་སུ་གཏོགས་པའི་དངོས་པོ་ཐམས་ཅད་གནས་ལུགས་ལ་གཏན་ནས་མེད་ཅིང་མ་གྲུབ་པའི་ཕྱིར་རང་རང་ངོ་བོས་སྟོང་བ་སྟེ། ཀུན་རྫོབ་སྟོང་པ་ཉིད་དང༌། ཅེས་བདེན་མེད་དམ་རང་སྟོང་གི་ངོ་བོ་གསུངས་པས་ཆོས་ཀྱི་བདག་མེད་ཀྱི་ངོ་བོ་དེ་ལྟར་འཇོག་ལ། དེའི་ཟུར་ནས་གང་ཟག་དང་ཆོས་སུ་གཏོགས་པ་གནས་ལུགས་ལ་གྲུབ་པ་ཆོས་བདག་ཏུ་གོ་བར་ཟད་ལ། འོ་ན་ལུགས་འདིར་གནས་ལུགས་ལ་གྲུབ་པ་ཡོད་པ་འདོད་གཤིས། ཆོས་བདག་བཞེད་དམ་སྙམ་ན། དེ་ཡང་མ་ཡིན་ཏེ། བཀའ་བསྡུ་བཞི་པའི་དོན་བསྟན་རྩིས་ཆེན་པོའི་འགྲེལ་པ་ཕྱོགས་མེད་རིས་མེད་ལས། བདག་མེད་རྟོགས་པ་ལའང་སྐྱོན་དང་ཡོན་ཏན་གཉིས་ཏེ། དག་པའི་བདག་མེད་པར་རྟོགས་པ་ལ་སྐྱོན་དང༌། གང་ཟག་དང་ཆོས་ཀྱི་བདག་མེད་པར་རྟོགས་པ་ལ་ཡོན་ཏན་ཡོད་པའི་ཕྱིར་རོ། །ཞེས་སོགས་ཀྱི་མཚོན་ཆོས་དང་གང་ཟག་གི་བདག་མེད་པར་སྐབས་མང་པོར་གསུངས་པས་གྲུབ་པོ། དེའི་ཕྱིར་ཆོས་བདག་ཟེར་བ་བདེན་གྲུབ་ཙམ་མམ་གནས་ལུགས་དང་གཤིས་ལུགས་སུ་གྲུབ་པ་ཙམ་ལ་མི་འཇོག་པར་ཕྱི་པ་དང་རང་སྡེ་དངོས་སྨྲ་བས་ཞལ་གྱིས་བཞེས་པའི་བདེན་དངོས་སམ་འདུས་བྱས་ཀྱི་ཆོས་རྣམས་རང་རང་གི་ངོ་བོས་མི་སྟོང་པ་ལ་འཇོག་དགོས་སྟེ། རྗེ་ཏཱ་ར་ནཱ་ཐའི་ཐེག་མཆོག་དབུ་མར། འདུས་བྱས་ངོ་བོས་ཡོད་ན་ཆོས་བདག་བརྗོད། །ཅེས་དང་། ལམ་རིམ་ལས། ད་ནི་ཆོས་ཀྱི་བདག་མེད་སྟོན་ཏེ་ཆོས་ཞེས་པ་ཕུང་ཁམས་སྐྱེ་མཆེད་ལ་ཟེར། དེ་རྣམས་ལ་བློས་བཏགས་པ་ཙམ་མ་ཡིན་པར་རང་ཚུགས་ཐུབ་པའི་དངོས་པོ་ཅིག་ཡོད་སྲིད་ན་དེ་ཆོས་ཀྱི་བདག་ཡིན་མོད་ཀྱང༌། ཞེས་དང་ཤེར་འགྲེལ་སྔོན་མེད་ལེགས་བཤད་ལས་དེ་མཚུངས་སུ་གསུངས་པས་སོ། །
དེ་དག་གི་དོན་ཙམ་སྟོན་པའི་མདོ་བསྟན་བཅོས་ནི་གོང་དུ་སྨོས་ཟིན་ལ། ཆོས་བདག་འགོག་པའི་རིགས་པ་དག་ནི། མངོན་པར་རྟོགས་པའི་རྒྱན་གྱི་ཚིག་ལེའུར་བྱས་པའི་འགྲེལ་པ་མདོ་ལུགས་མ་ལས། ལུང་བསྟན་པ་ཇི་ལྟ་བ་བཞིན་དུ་འཕགས་པ་འདིས། དབུ་མ་རིགས་པའི་ཚོགས་ཀྱིས་ཐ་སྙད་པའི་དངོས་པོ་ཐམས་ཅད་དོན་དམ་པར་ཡོད་པ་བཀག་ཅིང་མེད་པར་བསྟན་པས་ཀུན་རྫོབ་ཀྱི་ཆོས་དོན་དམ་དུ་ཡོད་པར་འདོད་པའི་ཕྱོགས་བཤིག་ལ། ཅེས་བདེན་དངོས་རིགས་ཚོགས་ཀྱིས་བཀག་པར་གསུངས་ཤིང་། དེ་འགོག་པ་དེ་དག་ཏུ་ཤིན་ཏུ་རྒྱས་པར་ཡོད་ཅེས། དབུ་མ་ངེས་དོན་རྒྱ་མཚོ་ལས་གསུངས་ཏེ། འདིའི་ཤེས་བྱེད་རྣམས་ནི་བཀའ་འཁོར་ལོ་བར་བ་དང༌། དབུ་མ་རིགས་པའི་ཚོགས་ལ་སོགས་པ་རྣམས་སུ་རབ་ཏུ་གྲགས་པའི་ཕྱིར་དང༌། འདིར་ཡི་གེ་མངས་འགྲོ་བའི་ཕྱིར་མ་བྲིས་སོ། ཞེས་རང་སྟོང་རྟོགས་པའི་ལྟ་བ་བསྟན་པའི་སྐབས་ཞལ་འཕངས་མཛད་ཅིང་། རིགས་པའི་དབང་ཕྱུག་ཉ་དབོན་ཀུན་དགའ་དཔལ་གྱིས་ཀྱང་། རང་བཞིན་ཡོད་པ་མ་ཡིན་ནོ་ཞེས་སོགས་དབུ་མ་རིགས་ཚོགས་རྣམས་སུ་ཆོས་ཐམས་ཅད་བདེན་པའི་རང་བཞིན་མེད་པར་སྒྲུབ་པའི་རིགས་པའི་ཚུལ་དུ་མ་གསུངས་པའི་སྐབས་སུ་ཡང༌། དབུ་མའི་བཞེད་གཞུང་དུ་མ་གསུངས་པའི་ཕྱིར། ཞེས་པའི་མཚོན་གང་གི་བུ་ཆེན་དག་གིས་མགྲིན་གཅིག་དབྱངས་གཅིག་གིས་གསུངས་པ་དམ་པ་དེ་རྣམས་ཀྱི་གཞུང་ན་མངས་ལ། བྱང་ཆུབ་སེམས་འགྲེལ་གྱིས་དངོས་སྨྲ་འགོག་པ་ཇོ་ནང་རྗེ་བཙུན་གྱིས་བཤད་པ་སོགས་འདིར་སྤྲོ་བར་མི་བྱ་ལ། སྤྱིར་དབུ་མའི་གཏན་ཚིགས་ཆེན་པོ་བཞིའམ་ལྔ་ཞེས་གྲགས་ཤིང་། དེ་ཐམས་ཅད་ཀྱང་འགག་པ་མེད་པ་སྐྱེ་མེད་སོགས་ཀྱི་རྗེས་སུ་འབྲངས་པར་རྗེ་བཙུན་རིན་པོ་ཆེའི་ཐེག་མཆོག་དབུ་མར། འདི་རྣམས་རྩ་བའི་གཏན་ཚིགས་བླ་ན་མེད། །དབུ་མའི་གཞུང་གི་གཏན་ཚིགས་མཐའ་དག་ཀྱང༌། །འདི་རྣམས་ཁོ་ནའི་རྗེས་འབྲང་ཡིན་ཕྱིར་རོ། །ཞེས་གསུངས་ཏེ། དེ་དག་གི་ནང་ནས་རྟེན་འབྲེལ་གྱི་གཏན་ཚིགས་ནི་དངོས་པོ་ངོ་བོར་དཔྱོད་ན་སྟོབས་དང་མི་ལྡན་པ་དང་། མུ་བཞི་སྐྱེ་འགོག་ནི་འཕྲོས་དོན་ཙམ་ཡིན་པས། ཆོས་ཀྱི་བདག་འགོག་བྱེད་དམ་ཆོས་ཀྱི་བདག་མེད་སྒྲུབ་བྱེད་ཀྱི་གཏན་ཚིགས་ནི་གཙོ་བོ་གཉིས་ཏེ། གཅིག་དུ་བྲལ་དང་བོད་ཀྱི་དབུ་མ་པས་རྡོ་རྗེ་ཟེགས་མ་ཞེས་ཟེར་བའི་མཐའ་བཞི་སྐྱེ་འགོག་གཉིས་སོ། དེའི་ཚུལ་ཡང་རྩ་སྦྱོར་འགོད་པ་དང་ཕྱོགས་ཆོས་དང་ཁྱབ་པ་སྒྲུབ་པ་སོགས་ཡོངས་སུ་གྲགས་པས་མི་འགོད་ལ། ལམ་རིམ་ལས་གསུངས་པ་མདོར་བསྡུས་སུ་བྱས་ན་ནི། དང་པོ་རང་གི་ལུས་ལ་བལྟས་ཏེ་མིག་རྣ་ནས་རྡུལ་ཕྲན་བར་དུ་བསིལ་བས་ལུས་མི་རྙེད་པ་དང་། དེའི་རྩ་བ་རྡུལ་ཕྲན་འགོག་པའི་རིགས་པ་ལ་གཏུགས་ཅིང་། ལུས་མ་གྲུབ་ན་ཡང་སེམས་གྲུབ་སྙམ་པ་ལ། སེམས་ཡང་མཐོང་ཚོར་དང་ཚོགས་བརྒྱད། བཟང་ངན་སྣ་ཚོགས་ཚོགས་པ་ལ་བཏགས་པ་ཙམ་ལས་གཅིག་མ་གྲུབ་ལ་གཅིག་མ་གྲུབ་པས་དུ་མའང་དེ་འདྲ་ཡིན། དེས་ནི་ནང་བཅུད་གཏན་ལ་ཕབས་ཟིན་ཅིང་། ཕྱི་སྣོད་ཡང་སྟོང་གསུམ་ནས་རྡུལ་ཕྲན་བར་བཤིག་པས་གཅིག་དང་དུ་མ་གང་དུ་ཡང་མ་གྲུབ་པས་བཏགས་པ་ཙམ་ལས་དོན་ལ་གྲུབ་པ་མེད་པར་གྲུབ། དེ་ནས་དངོས་མེད་ལ་དཔྱད་ཚུལ་སོགས་ཡོད་པས་གཞུང་དེ་ཉིད་དུ་གཟིགས་འཚལ་ལོ།
དཔྱད་ཚུལ་དེ་དག་ཡང་ལོགས་པ་ཙམ་མ་ཡིན་པར་གཅིག་དུ་བྲལ་གྱི་རིགས་པས་གནད་ལ་ཐུགས་པ་ཤེས་པར་བྱ་དགོས་སྟེ། ཐེག་མཆོག་དབུ་མར། དོན་དམ་དཔྱོད་བྱེད་རིགས་པ་ཀུན་གྱི་གནད། །གང་གང་དེ་དེའི་ངོ་བོ་ཁྱད་པར་སོགས། །གཅིག་དང་ཐ་དད་དཔྱོད་དམ་འགལ་ཚོལ། །ཡིན་ཕྱིར་དཔྱོད་ཚུལ་ཐམས་ཅད་དེ་ལ་འདུས། །ཞེས་པས་སོ། བདག་གཉིས་ཀྱི་སྐོར་དེ་ཙམ་གྱིས་མཐུས་པར་བྱ་ཞིང་། འདི་དག་ཡང་། གྲུབ་མཐའ་དོན་གསལ་དུ། གོང་དུ་ལྟ་ངན་མ་བཀག་ན། །སེམས་ཅན་མང་པོ་ལམ་ངན་དུ། །འཇུག་ནས་ཉེས་པ་འོང་བར་ཐལ། །བཟློག་ན་ཕན་ཡོན་ཡོད་ཕྱིར་རོ། །ཞེས་གསུངས་པ་ལྟར་རང་ཉིད་ལམ་ངན་ལས་བཟློག་ཆེད་དུ་ཁ་ནང་དུ་བསྐོར་ཏེ་དམ་པ་གོང་མ་རྣམས་ལ་ལད་མོ་ཙམ་བྱས་ཁུལ་ལས་གང་ཡང་མིན།

མཇུག་མཐར་དེ་དག་གི་དོན་སྡོམས་དུ་དྲིལ་ནས་དོགས་པ་རེ་གཉིས་རེ་ཟུང་ཙམ་འགོད་པར་བྱ་སྟེ།


བདག་འཛིན་ཀུན་ལྷན་གཉིས་ཀྱིས་རྟག་གཅིག་རང་བར་འཛིན་པ་དགོས་པ་གཞིར་བཞག་ནས་བདག་འཛིན་ལ་གང་ཟག་རྟག་པ་དང་གཅིག་པུ་རང་དབང་བར་སོ་སོ་ནས་འཛིན་པ་དགོས་སམ། གང་རུང་ལས་འཛིན་པས་ཆོགདང་པོ་ལྟར་ན་བློ་གཅིག་ལ་འཛིན་ཚུལ་མི་མཐུན་པ་གཉིས་འབྱུང་བར་འགྱུར་ཞིང་། དེ་ལ་ཡང་གནོད་པ་ཆེར་མ་མཐོང་ཕྱིར་འདོད་ན། བློ་གཅིག་གིས་བདག་རྟག་པ་དང་བདག་ཤེས་བྱ་ལྟ་བུར་འཛིན་ཆོག་གམ་ཞེས་དྲིས་ན་ཇི་ལྟར་ལན་གདབས་སྙམ་སྟེ། ཆོག་ན་ནི་བློ་དོན་མཐུན་དང་དོན་མི་མཐུན་པ་གཉིས་སུ་གཞི་མཐུན་འདུ་བར་འགྱུར་ཞིང་། མི་ཆོག་ན་རྟག་པ་དང་གཅིག་པུ་པ། རང་དབང་བ་སོགས་ལ་མི་མཚུངས་བར་ཤོད་དགོས་ན་དེ་ཡང་དཀའ་བར་འདུག་ལ། ལྷན་སྐྱེས་ཡོད་མེད་ཀྱི་ཁྱད་ཡིན་ན་ཡང་མི་འཐད་དེ། གང་ཟག་རྟག་པ་དང་བདེན་དངོས་སུ་འཛིན་པ་ལྟ་བུ་བློ་གཅིག་ལ་འབྱུང་ན་ཉོན་ཤེས་ཀྱི་སྒྲིབ་པའི་གཞི་མཐུན་ཡང་ཁས་ལེན་དགོས་པས་མི་འཐད་ལ། ཕྱོགས་ཕྱི་མ་ལྟར་ན་རྟག་པར་འཛིན་པས་རྟག་གཅིག་རང་དབང་བར་འཛིན་པ་ཇི་ལྟར་དགོས་སམ། དེའི་ཕྱོགས་གཅིག་ཡིན་པས་དེ་ལྟར་འདོད་ན་སྒྲ་བཟུང་ན་སྒྲ་མི་རྟག་པར་གཟུང་དགོས་པར་འགྱུར་ཏེ། དེ་དེའི་ཕྱོགས་གཅིག་གམ་ཚོགས་པ་ཡིན་པའི་ཕྱིར་རོ། ཡང་ཕྱོགས་དེ་གཉིས་ལས་གཞན་གང་རུང་བཟུང་བ་མིན་ལ། རེ་རེ་ནས་བཟུང་བ་མིན་པར་སྡོམས་ནས་འཛིན་པ་ཞིག་ཡོད་པར་འདོད་ན། དེ་ལྟར་ན་སྔོ་སོགས་བཀག་ན་ཁྲ་བོ་མི་འགྲུབ་བཞིན། །ཞེས་ཆ་ཤས་བཀག་པས་ཚོགས་པ་ཁེགས་དགོས་པར་གསུངས་པས་བདག་རྟག་པ་བཀག་ཤུལ་དུ་གཅིག་པུ་དང་རང་དབང་བ་བཀག་པའི་བདག་མེད་སྒྲུབ་པའི་རིགས་པ་དག་དོན་མེད་པར་འགྱུར་དུ་དོགས་སོ། ཡང་རྟག་གཅིག་རང་དབང་བར་འཛིན་པ་ལ་ཀུན་ལྷན་གཉིས་ཡོད་པ་གཞིར་བྱེད་པ་ལ། དེ་གཉིས་ཁྱད་པར་གང་། ཀུན་བརྟགས་ལ་ཟླ་བ་གྲགས་པ་ལ་སོགས་པ་ལྟར་གྲུབ་མཐས་བློ་མ་བསྒྱུར་བ་ལ་མེད་པ་ཞིག་དགོས་པ་མི་བཞེད་པ། ཐེག་མཆོག་དབུ་མའི་ཟིན་བྲིས་ལས། འོན་ཀྱང་དེ་ལྟ་བུ་ནི་མ་ངེས་ཏེ། ཚེ་རབས་སྔ་མ་རྣམས་གྲུབ་མཐའ་ངན་པའི་བཏགས་པའི་བག་ཆགས་ཀུན་གཞི་ལ་བཞག་པ་དེ་ཡོངས་སུ་སད་པའི་མཐུ་ལས། ཚེ་འདིར་གྲུབ་མཐའ་ལ་འཇུག་མ་མྱོང་ཡང་། གྲུབ་མཐའ་ངན་པས་བཏགས་པའི་ཀུན་བཏགས་ཀྱི་སྣང་བ་ནི་འཆར་བས་སོ། ཞེས་པས་གོ་ལ། བདག་འཛིན་ལ་གྲུབ་མཐའི་བཏགས་པ་ལྟར་མི་འཛིན་པའི་བདག་འཛིན་མེད་ཅིང་། ཚེ་རབས་སྔ་མ་ལ་གྲུབ་མཐའ་ངན་པའི་བག་ཆགས་མ་བཞག་པ་ཡང་མེད་པ་དཀའ་ཚོད་དུ་འདུག་པས་དེ་གཉིས་སྡོམས་པས་བག་ཆགས་སད་པ་ཡིན་ནམ་མིན། ཡིན་ན་ལྷན་སྐྱེས་ཀྱང་ཀུན་བཏགས་སུ་འགྱུར་དུ་དོགས་ལ། མིན་ན་བག་ཆགས་དེ་སད་པའི་ཚད་གཞན་མ་ཤོད་པ་དེ་སྲིད་དུ་ཀུན་བཏགས་ཞེས་ཟེར་བ་ཡང་རྨི་ལམ་ལྟར་གཏད་སོ་མེད་པའི་གནས་སུ་འགྱུར་རོ།
ཡང་བདག་འཛིན་ལ་རྟག་གཅིག་རང་བར་འཛིན་པ་དགོས་ན། ཉན་ཐོས་སྡེ་བ་བཅོ་བརྒྱད་གྱི་ནང་ནས་སྡེ་བ་ལྔ་ཙམ་གྱིས་གང་ཟག་གི་བདག་རྫས་ཡོད་དུ་ཁས་ལེན་པར་ཡང་གསུངས་པས། དེ་འདྲ་བའི་འཛིན་པ་དེ་བདག་འཛིན་ཡིན་ན་ཀུན་བཏགས་ལས་འོས་མེད་པས་སྡེ་བ་དེ་དག་གི་རྟག་གཅིག་རང་དབང་བའི་བདག་ཁས་བླངས་པར་འགྱུར་བས། གཞན་སྟོང་སྙིང་པོ་ལས། མང་པོས་བཀུར་བའི་སྡེ་བ་སོགས་གྲུབ་མཐའ་ངན་པ་རྣམས་ནི། འདུས་བྱས་རྣམས་མཐར་འཇིག་པས་མི་རྟག་པ་ཡིན་ཀྱང༌། སྐད་ཅིག་གིས་འཇིག་པ་མིན་ཞེས་ཟེར་ཞིང་དེ་ཕྱིར་རྒྱུན་གྱི་དངོས་པོ་ཡང་ཅི་རིགས་པར་འདོད་ལ། མུ་སྟེགས་པ་རྣམས་ཀྱིས་བཏགས་པའི་ང་བདག་རྟག་པ་གཅིག་པུ་རང་དབང་ཅན་དེ་འདྲ་མེད་ཀྱང༌། སྤྱིར་ང་བདག་ཙམ་ཞིག་རྫས་གྲུབ་དང་བདེན་གྲུབ་ཏུ་འདོད། ཞེས་གསུངས་པ་དང་འགལ་ཞིང་། དེ་བདག་འཛིན་མིན་ན་སྡེ་བ་དེ་དག་ལ་བདག་ལྟས་སྐྱོན་གྱིས་ཐར་ལམ་དངོས་སུ་མེད་པར་འགྱུར་ཚུལ་གང་ཡིན་ནམ། ལྷན་སྐྱེས་ནི་སྡེ་བ་བཅོ་བརྒྱད་ལ་སོགས་སོ་སྐྱེས་ཀུན་ལ་ཡོད་ཕྱིར་མི་འཐད་སྙམ་ལ། དེ་བདག་འཛིན་ཡིན་ཀྱང་རྟག་གཅིག་རང་བར་འཛིན་པ་ལས་ལོགས་སུ་འཇོག་དགོས་ན་དེས་བཟུང་བའི་བདག་ཀྱང་རྟག་གཅིག་རང་བའི་བདག་ལས་ཕྲ་བར་སོང་འདུག་པས་དོན་གྱིས་ན་རང་རྐྱ་བའི་རྫས་ཡོད་ཀྱི་་བདག་ཟེར་བ་གཞན་གཞུང་ལས་བྱུང་བའི་དགག་བྱ་ལུགས་འདིར་བཞག་དགོས་སུ་དོགས་སོ།
གཞན་སྟོང་སྙིང་པོ་ལས་མང་པོས་བཀུར་བའི་སྡེ་སོགས་ཁ་ཆས་ཡོད་པར་བསྟན་ལ། ཟིན་བྲིས་ལས་སྡེ་བ་ལྔ་ཙམ་ཞིག་ཞེས་གསུངས་པ་ལས་སོ་སོ་ནས་མི་གསལ་བས་དཔྱད་རིགས་ཏེ། རྟོག་གེ་འབར་བའི་ནང་མང་བཀུར་བ་གནས་མ་བུའི་དབྱེ་བ་ཡིན་པར་གསུངས་ལ་གནས་མ་བུ་ལ་བཞི་ལས་མ་གསུངས་པས་དེ་ལ་ལྔ་མི་ཚང་ལ། དཔོན་དཔོན་དུལ་བའི་ལྷས། ས་སྒྲོགས་རི་དང་བསྲུང་པ་བ། །གནས་མ་བུ་བའི་སྡེ་རྣམས་ནི། །ཀུན་གྱིས་བཀུར་བ་རྣམ་པ་གསུམ། །ཅེས་སྡེ་བ་ཐ་དད་བཀླག་པའི་འཁོར་ལས་གསུངས་ཤིང་། ཆོས་ཀྱི་དབྱིངས་ལྟ་བའི་གླུ་ཞུ་བ་ལས་ཀྱང་དེ་མཐུན་གསུངས་ཡང་། ལོ་དྲི་མཁན་པོས། མང་པོས་བཀུར་བའི་དབྱེ་བ་ནི། །རྣམ་པ་ལྔར་ནི་མཁས་པས་བསྔགས། །ཅེས་དེ་དང་མི་མཐུན་པའི་བཤད་པ་གནང་བ་སོགས་ལུགས་མི་འདྲ་བ་སྣང་ཕྱིར། རྗེ་ཏཱ་ར་ནཱ་ཐའི་འདོད་པ་གང་ཡིན་འཚོལ་བར་འོས་ཞེས་ཀྱང་སྐུལ་ལོ།
རིན་ཕྲེང་དུ། སྐྱེས་བུ་ས་མིན་ཆུ་མ་ཡིན། །སོགས་ནི་གང་ཟག་གི་བདག་འགོག་གི་གཞུང་དུ་ཡོངས་སུ་གྲགས་ཤིང་རང་ལུགས་ལ་ཡང་གྲུབ་ན། སྐབས་དེ་ནས་གང་ཟག་གམ་སྐྱེས་བུ་དེ་ཆ་ཤས་རེ་རེ་ནས་བསལ་བའམ་བཤིག་ཏེ་བཙལ་ཡང་མ་རྙེད་པ་ལ་བཞག་འདུག་པས་དེས་གང་ཟག་བདེན་དངོས་སུ་གྲུབ་པ་ཁེགས་པར་འགྱུར་བར་ཡང་དོགས་སྟེ། གང་ཟག་དེ་འབྱུང་ལྔ་དང་དེ་ལས་གཞན་དུ་བཙལ་ནས་མི་འཇོག་པ་སྟེ་མ་རྙེད་པ་ལས་ཕྲ་བའི་གང་ཟག་བདེན་དངོས་སུ་གྲུབ་ལུགས་ཅིག་ཇི་ལྟར་བཞག་ཅིང་། གཅིག་དུ་བྲལ་གྱིས་དཔྱོད་དགོས་ལ། དཔྱོད་ཚུལ་དེ་ནི་ཇི་ཙམ་སྨྲས་ཀྱང་དེ་ལས་ལོག་པར་མི་མཐོང་བའི་ཕྱིར། བདག་མེད་གཉིས་སྟོང་གཞི་སྒོ་ནས་འཇོག་དགོས་པ་དེའི་སྟེང་ནས་བྱུང་ཕྱིར་ཤིན་ཏུ་དཀའ་བའི་གནས་ཡིན་ལ། ཀུན་མཁྱེན་ཆེན་པོའི་གནས་ལུགས་ཟབ་མོ་སྟོང་པ་ཉིད་ལ་བསྟོད་པ་ལས་ཀྱང་། ཅི་སླད་ཅིས་ན་གནས་ལུགས་སྟོང་ཉིད་ཟབ་མོ་ཁྱོད། །བདག་དང་སེམས་ཅན་སྲོག་དང་གསོ་བ་སྐྱེས་བུ་དང༌། །གང་ཟག་ཤེད་ཅན་ཤེད་བདག་དང་ནི་བྱེད་པོ་དང༌། །ཚོར་པོ་ཤེས་པོ་མཐོང་བ་པོས་ཀྱང་སྟོང་ཕྱིར་དང༌། །ཕུང་པོ་ཁམས་དང་སྐྱེ་མཆེད་དངོས་པོ་ཐམས་ཅད་དང༌། །ས་ཆུ་མེ་རླུང་ནམ་མཁའ་དང་ནི་རྣམ་ཤེས་དང༌། །རྟེན་ཅིང་འབྲེལ་འབྱུང་ཆོས་རྣམས་ཀུན་གྱིས་སྟོང་སླད་དུ། །གང་ཟག་དང་ནི་ཆོས་ཀྱི་བདག་གིས་སྟོང་ཕྱིར་རོ། །ཞེས་གང་ཟག་དང་ཆོས་ཀྱི་བདག་གིས་སྟོང་ཚུལ་གཞན་ཞིག་གསུངས་པ་ཡོད་པས་ཀྱང་ཁོ་བོའི་རྨོངས་བློ་དེ་རབ་རིབ་ཏུ་གྱུར་བས་དབང་གིས་ཅུང་ཙམ་དཔྱད་ཁུལ་བགྱིས་ཤིང་། གཞན་ཆོས་ཀྱི་བདག་མེད་སྒོམ་པས་གང་ཟག་གི་བདག་མེད་པ་བསྒོམས་པར་འགྲོ་ཚུལ་དང་གང་ཟག་གི་བདག་མེད་ཆོས་ཀྱི་བདག་མེད་ཀྱི་ཁོངས་སུ་འདུ་ཚུལ། ཆོས་ཉིད་རྟག་གཅིག་རང་དབང་ཅན་ཡིན་མིན། ཆོས་བདག་ཁས་ལེན་ཚུལ། ཆོས་བདག་འགོག་པ་ལ་རྟེན་འབྲེལ་གྱི་རིགས་པ་སྟོབས་ལྡན་ཡིན་མིན། ཆོས་ཀྱི་བདག་མེད་རྣམ་གྲངས་པ་དངོས་གནས་པ་གང་ཡིན་སོགས་ལ་ཡང་རྣམ་རྟོག་གི་འཆར་སྒོ་རྒྱུ་བ་འདུག་མོད་ཡི་གེ་མངས་བ་དང་དགོས་པ་ཡང་དེ་ཙམ་མེད་པར་འདོད་པས་དང་། གཅིག་དུ་བྲལ་གྱི་རྟགས་དང་དཔེའི་དཔྱད་ཚུལ་སོགས་ནི་གྲགས་ཆེ་བས་མ་བྲིས་མོད། གོང་དུ་བྱུང་བ་དག་ཀྱང་སྔོན་ཆད་མ་བྱུང་བ་དང་མེད་པ་གཏན་ནས་མིན་ཞིང་། མ་གྲགས་པ་དེ་བས་ཀྱང་མིན་ནོ། །རེད་དེ་རང་གི་ཡིད་ལ་དཀའ་བ་དག་མི་བརྗེད་པའི་ཕྱིར་དུ་དུས་བཟང་འདིར་ཡི་གེར་བཀོད་པའི་ངལ་བ་བྱས་པ་ལགས་སོ། །


ནང་དོན་ཡོངས་ཁུངས། བསེ་དགོན་ཤེས་རིག་འཕྲིན་སྟེགས།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།