ཕྱི་ལོ་༢༠༢༥ ཟླ་ ༣ ཚེས་ ༡༦ ཉིན་ཐེ་ཝན་ཇོ་ནང་འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མོ་སྐབས་གཉིས་པ་ཚོགས་གནང་འདུག
དེ་ཡང་སྨོན་ལམ་གྱི་ཚོགས་མགོན་དུ་སྐྱབས་རྗེ་༧ ཇོ་ནང་རྒྱལ་ཚབ་རིན་པོ་ཆེ་མཆོག་དང་སྐྱབས་རྗེ་༧ཀིརྟི་རིན་པོ་ཆེ་མཆོག་རྣམ་གཉིས་ཀྱི་དབུས་པའི་དམིགས་བསལ་སྐུ་མགྲོན་བཀང་ཧྥ་ཧྲི་མཆོག འཆི་མེད་རིན་པོ་ཆེ་མཆོག ཧ་ཤིང་རིན་པོ་མཆོག ༧ ཇོ་ནང རྒྱལ་ཚབ་རིན་པོ་ཆེ་མཆོག་གི་ཐེ་ཝན་གསུང་ཆོས་གོ་སྒྲིག་ཚོགས་པའི་ཚོགས་གཙོ་བྱམས་པ་ལྷ་མོ་སོགས་རྒྱ་བོད་རིས་སུ་མ་ཆད་པའི་དགེ་བའི་བཤེས་གཉེན་རྣམས་དང་དགོན་སྡེ་དང་ཆོས་ཚོགས་ཁག་གི་ཚོགས་གཙོ་དང་ཚོགས་མི་རྣམ་པ། གཞན་ཡང་རིས་སུ་མ་ཆད་པའི་དད་ལྡན་སེར་སྐྱ་མི་མང་བརྒྱ་ཕྲག་བཞི་ལྷག་དགྱེས་འཛོམས་ཀྱིས་འཚོགས་གནང་འདུག
ཐེ་ཝན་ཇོ་ནང་འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མོ་འདི་བསྟན་འགྲོ་སྤྱིའི་སླད་དང༌ཁྱད་པར་དུ་དཔལ་རྒྱལ་བ་ཇོ་ནང་པའི་ཆོས་རྒྱུད་འདིས་འདས་པའི་ལོ་ངོ་བརྒྱ་ཕྲག་མང་པོའི་རིང་མདོ་སྔགས་ཀྱི་བསྟན་པ་བཤད་སྒྲུབ་ཟུང་འབྲེལ་གྱིས་ཆོས་ཀྱི་རྒྱལ་མཚན་ལེགས་པར་བཙུགས་པ་ལྟར་ཆོས་རྒྱུད་འདི་མི་ཉམས་གོང་འཕེལ་བཅས་དང༌འཛམ་གླིང་ཡངས་པའི་ཁྱོན་འདིར་ནད་རིམས་སྣ་ཚོགས་དང༌འབྱུང་བཞིའི་གནོད་པ། འཁྲུགས་རྩོད་སོགས་ཀྱིས་མཚོན་པའི་མི་འདོད་པའི་ཉེར་འཚེ་མཐའ་དག་རྨང་མེད་དུ་ཉེ་བར་ཞི་ནས་ཞི་བདེའི་དཔལ་ལ་སྤྱོད་ཅིང༌སྐྱེ་འགྲོ་ཡོད་དོ་ཅོག་ལ་བཀྲ་ཤིས་ཤིང་ལོངས་སྤྱོད་འཕེལ་བ་དང༌ང་ཚོའི་མེས་པོ་ཚོས་ལོ་ངོ་སྟོང་ཕྲག་རིང་བདག་གཅེས་གནང་བའི་ཆོས་དང་རིག་གཞུང་གཅེས་ནོར་འདི་དག མི་རབས་གསར་པ་ཚོས་ང་ཚོའི་སྔར་སྲོལ་བཟང་པོའི་རྒྱུན་འཛིན་བྱེད་པའི་ལམ་ཁ་ཞིག་སྟོན་ཐུབ་པ་དང༌ལྷག་པར་དུ་ཐའེ་ཝན་དུ་མི་འདོད་པའི་ཉེར་འཚེ་མཐའ་དག་ཞི་ནས་ཞི་བདེའི་དཔལ་ལ་ལོངས་སྤྱོད་ཐུབ་པ་སོགས་ལ་དགོངས་ཏེ་ཕྱི་ལོ་༢༠༢༤ ལོར་སྐྱབས་རྗེ་༧ ཇོ་ནང་རྒྱལ་ཚབ་རིན་པོ་ཆེ་ ༧ མཁན་སྤྲུལ་རྡོ་རྗེ་སློབ་དཔོན་ ༧ ངག་དབང་ཆོས་ཀྱི་སྣང་བ་མཆོག་གིས་དབུ་འཛུགས་མཛད་དེ་ལོ་རེ་བཞིན་འཚོགས་བཞིན་ཡོད།
སྐབས་འདིའི་སྨོན་ལམ་འཚོགས་པའི་དགེ་ཚོགས་ཀྱི་མཐུ་ལ་བརྟེན་ནས་སེམས་ཀྱི་ཞི་བདེ་དང་བྱམས་བརྩེ། ད་དུང་རང་གཞན་ཀུན་ལ་ཕན་པའི་ལམ་བུ་ཞིག་བསྐྲུན་པའི་སྨོན་འདུན་ཡོད་ལ། ང་ཚོ་ཚང་མས་ལྷག་བསམ་རྣམ་དག་གིས་འབད་བརྩོན་བྱས་ཏེ་སེམས་ཅན་ཐམས་ཅད་བདེ་བ་ལྡན་པ་དང༌སྡུག་བསྔལ་དང་བྲལ་བ། ཞི་བདེ་དང་མཐུན་ལམ་གྱི་འོག་ཏུ་འཚོ་བའི་སྨོན་འདུན་ཞུ།
དམིགས་བསལ། ཐེ་ཝན་ཇོ་ནང་འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མོ་སྐབས་གཉིས་པའི་གོ་སྒྲིག་དང་སྦྱིན་བདག་གནང་མཁན་དཔལ་ཇོ་ནང་ཐེག་གསུམ་ཆོས་གླིང་གི་བླ་མ་ཆོས་ཀྱི་རྣལ་འབྱོར་རིན་པོ་ཆེ་གཙོས་ཞབས་འདེགས་གནང་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུ་བ་དང་སྦྲགས་མཐའ་དོན་༧སྤྱི་ནོར་གོང་ས་རྒྱལ་དབང་ཐམས་ཅད་མཁྱེན་པ་མཆོག་གིས་གཙོས་རིས་སུ་མ་མཆིས་པའི་བསྟན་འཛིན་གྱི་སྐྱེས་ཆེན་རྣམས་ཀྱི་སྐུ་ཚེ་བརྟན་ཅིང་མཛད་འཕྲིན་རྒྱས་པ་དང༌སྐྱེ་འགྲོ་ཀུན་ལ་བདེ་སྐྱིད་འབྱུང་བའི་བཀྲ་ཤིས་སྨོན་འདུན་ཞུའོ།།
ནང་དོན་ཡོངས་ཁུངས། ཐེ་ཝན་ཇོ་ནང་སྨོན་ལམ་གོ་སྒྲིག་ནས།
















