ཇོ་ནང་པའི་དགེ་འདུན་ཉི་ཤུའི་ངོ་བ་འཇོག་ཚུལ།

ཇོ་ནང་པའི་དགེ་འདུན་ཉི་ཤུའི་ངོ་བོ་འཇོག་ཚུལ་ཐུང་བསྡུས་བཞུགས་སོ།།

རྩོམ་པ་པོ། དོན་གསལ།

སྟོང་ཉིད་འཆད་པའི་ངག་ལ་དབང་བསྒྱུར་ཞིང་།།
དེ་ཉིད་མཁྱེན་པའི་བློ་སྟོབས་རབ་རྒྱས་པས།།
སྐལ་བཟང་ཐར་པའི་ལམ་ལ་འཛུད་མཁས་པའི།།
སྐྱབས་མགོན་མཆོག་དེས་ཀུན་ཏུ་སྲུང་གྱུར་ཅིག།

དགེ་འདུན་ཉི་ཤུའི་མཐའ་དཔྱད་བསྙད་པ་འདི།།
སེའུ་བཅུ་པའི་ངག་ལྟར་འབྲེལ་མེད་པས།།
དྲན་དབང་སྤྱན་སྔར་བསྟར་བར་མི་འོས་ཀྱང་།།
སྤྱི་བརྟོལ་བསྐྱེད་དེ་ཅུང་ཟད་བདས་བར་བྱ།།

སྔོན་དུ་གླེང་པའི་གཏམ།

ཀུན་མཁྱེན་དོལ་པོ་པས་མཛད་པའི་ཕར་ཕྱིན༼མདོ་ལུགས་མ༽དང་། དེའི་དངོས་སློབ་ཉ་དབོན་ཀུན་དགའ་དཔལ་གྱིས་མཛད་པའི༼ཕར་ཕྱིན་ཉཱ་ཊིག༽ གཉིས་ལས། དང་པོས་ནི་མདོ་ལུགས་རང་སྟེ་མདོའི་ཚིག་ཟིན་ལྟར་འགྲེལ་ཞིང་། མདོ་ན་མེད་པའི་བཤད་ཚུལ་མང་པོ་ལ་དགག་པ་བྱས་ཡོད་པ་མ་ཟད། སེང་བཟང་གིས་འགྲེལ་ཆུང་སོགས་ལ་བསྟེན་ནས་ནི་མདོའི་ཤོག་ལྡེབ་གཅིག་ཀྱང་གོ་མི་ཐུབ་པར་གསུངས་ཡོད། དཔེར་ན་ང་ཚོས་གཡོན་དུ་མདོའི་ཞལ་ཕྱེ་གཡས་སུ་དོལ་པོ་པའི་ཕར་ཕྱིན་ཕྱེ་ནས་དཔེ་ལྟས་ཞིག་བྱས་པ་ཡིན་ན་མདོ་དང་ཅི་འདྲའི་མཐུན་འང་སྙམ་པའི་ཚོར་བ་སྐྱེ་སྲིད་ལ། གཞན་འགྲེལ་ཆུང་དང་གསེར་འཕྲེང་སོགས་གཡས་དང་མདོ་གཡོན་དུ་བཞག་ཏེ་བསྡུར་ན་མདོའི་ཚིག་ཟིན་སོགས་དང་མི་མཐུན་སྙམ་པའི་ཚོར་སྣང་ཞིག་ཀྱང་འོང་སྲིད། ཕར་ཕྱིན་ཉཱ་ཊིག་ནི་མངོན་རྟོགས་རྒྱན་གྱི་རྩ་བ་དང་། འགྲེལ་ཆུང་དོན་གསལ་གཉིས་ཀའི་འགྲེལ་བ་ཞིག་ཡིན་མོད། གནད་རྩ་ཇོ་ནང་པའི་ལྟ་གྲུབ་ཀྱིས་བཟུང་ཡོད་པ་ཞིག་རེད། དེ་ཡང་ཉེ་རབས་ཀྱི་དགེ་བའི་བཤེས་གཉེན་ཆེན་མོ་རྗེ་གུང་ཐང་བློ་གྲོས་རྒྱ་མཚོའི་ཞལ་ནས། གསེར་ཕྲེང་ནི་ས་བཅད་སོགས་རྩོམ་ལུགས་ཕལ་ཆེར་ཉ་ཊཱིག་ཡིད་ཀྱི་མིན་སེལ་ལ་བརྟེན་ཅིང་། དེ་ཡང་བུ་ཊཱིག་ལུང་གི་སྙེ་མར་བརྟེན། ཞེས་གསུངས་པ་ལྟར་ཉ་ཊཱིག་འདི་རྩོམ་ལུགས་ཕལ་ཆེར་བུ་ཊཱིག་ལ་བརྟེན་གསུངས་བ་ནི་བདེན་པའི་གཏམ་མོ།། སྐབས་འདིར་ཕྲན་གྱིས་བརྗོད་པར་འདོད་པ་ནི་ཀུན་མཁྱེན་ཇོ་ནང་པའི་ཐུན་མིན་གྱི་དགེ་འདུན་ཉི་ཤུའི་བཤད་པ་ཐུང་བསྡུས་ཤིག་དང་། ཕར་ཕྱིན་ཉ་ཊཱིག་གི་དགེ་འདུན་ཉི་ཤུའི་སྐབས་སུ་གོ་དཀའ་བའི་ཚིག་མདུད་དམ་པོ་རེ་དཀྲོལ་རྒྱུ་ཡིན་ནོ།།

ཀུན་མཁྱེན་ཇོ་ནང་པའི་ཐུན་མིན་གྱི་དགེ་འདུན་ཉི་ཤུའི་བཤད་པ་ཐུང་བསྡུས།

ཁོང་གིས་བཞེད་ཚུལ་ལ། མངོན་རྟོགས་རྒྱན་ལས། སངས་རྒྱས་ལ་སོགས་དཀོན་མཆོག་གསུམ།། ཞེས་པའི་སྐབས་ཀྱི་དགེ་འདུན་དཀོན་མཆོག་ནི་རྒྱལ་སྲས་ཞེ་ལྔ་ཁོ་ན་ཡིན་ཞིང་། དེ་ལྟར་ཡིན་པ་མདོ་དང་སྦྱར་ནས་བལྟས་ན་ཤུན་ཏུ་གསལ་ཡང་། ཉི་ཁྲི་སྣང་བ་ལ་སོགས་ཀྱིས་སྐབས་འདིའི་མདོ་རྣམས༼ དབང་པོ་རྟུལ་དང་རྣོན་པོ་དག། ཞེས་སོགས་ཀྱི་སྐབས་ནས་བསྟན་པའི་གང་ཟག་ལ་སྦྱོར་བ་ནི་ཐད་སོར་མ་འབྱོར་བས་མདོའི་གོ་རིམ་ལས་འཁྲུགས་ཤིང་དཀྲུགས་ཡོད་པར་གསུངས། དེ་ཡང༼དབང་པོ་རྟུལ་དང་རྣོན་པོ་དག༽ ཞེས་སོགས་ཀྱིས་བསྟན་པའི་དགེ་འདུན་ནི་ཐེག་དམན་ཁོ་ན་ཡིན་ལ་ཉི་ཤུ་བོ་ཕྱོགས་གཅིག་ལ་སྟོན་པའི་ཤེར་མདོ་མེད་ཀྱང་། ཐེག་ཆེན་ལ་སློབ་པའི་གང་ཟག་ནི་སྔར་རྒྱལ་སྲས་ཞེ་ལྔ་མདོ་ལས་གསུངས་པ་སློབ་དཔོན་དབྱིག་གཉེན་དང་འབུམ་ཊིག་མཁན་པོ་སོགས་ཀྱིས་ལེགས་པར་བཀྲལ་ལ། འདིར་རྗེ་བཙུན་མི་ཕམ་མགོན་པོས། ཐེག་དམན་ཉི་ཤུ་བསྟན་པ་ནི་མདོའི་གོང་འོག་བར་གསུམ་དུ་འབྱུང་བ་རྣམས་ཕྱོགས་གཅིག་ཏུ་བསྡུས་ནས། དབང་པོ་རྟུལ་དང་ཞེས་པ་ནས་བསེ་རུ་དང་ནི་ཉི་ཤུའོ།། ཞེས་ཚིགས་སུ་བཅད་པ་གཉིས་གསུངས་བར་བཞེད་དོ།། ད་དུང་ཉི་ཁྲི་སྣང་བ་སོགས་སུ། རྒྱུན་ཞུགས་དང་། འཕར་བ། ཕྱེད་དུ་འཕར་བ་དང་། སྲིད་རྩེའི་མཐར་ཐུགས་འགྲོ་དང་། གཟུགས་ཀྱི་ཆགས་བཅོམ་དང་། བསེ་རུ་སྟེ་དྲུག་པོ་སྟོན་པའི་མདོ་ཡིན་ཟེར་བ་དག ཡུམ་རྒྱས་འབྲང་བསྡུས་གསུམ་ན་མེད་པས་མདོ་དེ་དག་གང་རྙེད་པ་ཡིན་རྩད་བཅད་པར་བྱ་དགོས་པ་མ་ཟད། སྔར་ཡོད་ཀྱང་ཡི་གེ་ཉམས་པས་ཕྱིས་མེད་དོ་ཟེར་ན། རྒྱལ་བ་དང་། རྒྱལ་ཚབ་དང་། འཕགས་པ་ཐོགས་མེད་གསུམ་གྱི་གཞུང་འགྲེལ་ན་མེད་ཅིང་། གསུམ་པོ་ལས་གང་གིས་ཀྱང་གོ་མ་ཆོད་ནས། ཁྱོད་ཀྱིས་རྙེད་པ་ནི་ངོ་མཚར་ཏུ་རྩི་ཞེས་གསུང་སོ།། ཐེག་དམན་གྱི་དགེ་འདུན་ཉི་ཤུ་སྤྱི་དང་འདྲ་བ་ལས་མི་མཐུན་པ་ཆེར་མེད་པ་འདྲའོ།།

ཉ་དབོན་པའི་དགེ་འདུན་ཉི་ཤུའི་ཐད་ལ་མཆན་འགའ་འགོད་པ།

འདི་ལ་དོན་ཚན་གསུམ་ལས།
དང་པོ། འོན་ཀྱང་དོན་གྱིས་ཐོབ་སྟེ་ཞེས་པའི་སྐབས་ནས་བསྟན་པའི་ཆགས་བྲལ་སྔོན་སོང་དང་མཐར་གྱིས་པའི་གང་ཟག་གང་ཡང་མིན་པ་ལ་ལྔ་བཞག་པ་ལས། དང་པོ་མིན་པ་གོ་སླ་ཞིང་། གཉིས་པ་མཐོང་ལམ་གྱི་སྔར་ལྔ་མན་སྤངས་ནས་དེའི་རྗེས་མཐོང་ལམ་བཅོ་ལྔ་པོ་གང་རུང་ལ་གནས་པའི་ཚེ་གཙོ་བོ་དྲུག་པ་སྤོང་བ་ལ་བརྩོན་པས་ཕྱིར་འོང་ཞུགས་པ་དང་། བཅུ་དྲུག་པར་ཕྱིར་འོང་དུ་གྱུར་པ་དེ་བཞག་སྙམ། གསུམ་པ་དང་བཞི་པ་མཐོང་ལམ་གྱི་སྔར་རྣམ་གསུམ་རྣམ་བཞི་སྤངས་པའི་རྒྱུན་ཞུགས་གང་གསུམ་དང་བཞིའི་གཉེན་པོ་ཟག་མེད་ཐོབ་མ་ཐོབ་གཉིས་བཞག་པ་ནི་སྤྱིར་དེ་ལ་ཡིན་མིན་གཉིས་ཡོད་པས་རང་ལྡོག་ནས་མིན་པར་བཞེད་པ་འེ་ཡིན་སྙམ། ལྔ་པ་ནི་ཉ་དབོན་པ་ལྟར་ན་ཆགས་བྲལ་སྔོན་སོང་གི་འབྲས་གནས་ལ་བཅུ་དྲུག་པའི་རྟོགས་ལ་གནས་དགོས་པས་གོ་སླའོ།། ཡང་ན་ཆགས་བྲལ་སྔོན་སོང་དང་མཐར་གྱིས་པའི་ཕྱིར་འོང་དང་ཕྱིར་མི་འོང་གཉིས་ལ་མུ་འདི་དག་བརྩིས་པ་ཡིན་ཟེར་ན་འགྲིག་གམ་སྙམ་མོ།། འོན་ཀྱང་གང་ཡང་མིན་པའི་མུ་འདི་དག་གུས་པའི་བློ་ལ་འཆར་བདེ་ཞིག་མ་བྱུང་བས་བློ་གསལ་ཞིང་བརྩོན་པ་ཆེ་བའི་བླ་མ་རྣམས་ཀྱིས་བདག་ལ་ཤེས་རབ་ཀྱི་གནང་སྦྱིན་ཞིག་རྩོལ་རོགས་མཁྱེན།།

གཉིས་པ། ཉ་ཊཱིག་ལས། བཅོམ་རལ་ནི་དོན་མཚན་ཉིད་པ་སྒྲ་བཏགས་པ་བ་སྟེ། ཞེས་པའི་དོན་ནི།ཕྱིར་མི་ལྡོག་པ་འཁོར་ལོའི་མདོའི་བསྟན་པ་ལྟར། བྱང་ཆུབ་སེམས་དཔའ་དེ་དག་ཀྱང་རྒྱུན་ཞུགས་དང་། ཕྱིར་འོང་། ཕྱིར་མི་འོང་མཚན་ཉིད་པ་ཡིན་ཡང་རྒྱུ་ཞུགས་སོགས་ཀྱི་མིང་དེ་དེ་དག་ལ་དངོས་སུ་མི་འཇུག་སྟེ། མིང་དེ་དང་པོར་དེ་ལ་སྦྱར་བའི་མིང་མིན་པའི་ཕྱིར། དཔེར་ན་རྒྱ་མཚོ་ལ་རྒྱ་མཚོ་ཟེར་བའི་མིང་དེ་དངོས་སུ་འཇུག་པ་དེ་དངོས་ཀྱི་སྒྲ་དང་། རིགས་གཞན་ལ་ཕྱིས་སྤྱར་བ་ནི་བཏགས་པའི་སྒྲར་འདོད་དགོས་པ་ཡིན་ཏེ། རྣམ་འགྲེལ་ལས། འཁྲུལ་མེད་ཅན་ཤེས་དང་པོ་ཡི།། བརྡ་ཡི་སྤྱོད་ཡུལ་གང་ཡིན་དངོས། ཞེས་གསུངས་པ་དང་མཐུན་ཞེས་བཅོམ་ལྡན་རིག་པའི་རལ་གྲིའི་འདོད་པ་ཡིན་ཞེས་པའོ།།

གསུམ་པ། ཉ་ཊཱིག་ལས། འོན་ཀྱང་ཕྱིར་མི་ལྡོག་པ་འཁོར་ལོའི་དོན། བཅོམ་རལ་ལྟར་གསལ་ཏེ་བློ་ཡུལ་དུ་མི་བདེའོ།། ཞེས་པའི་དོན་ནི། སངས་རྒྱས་ཀྱིས་གཉན་ཡོད་དུ་སྤྲུལ་པའི་ཆུ་སྣང་བར་མཛད་ནས་སྐྱེ་བོ་དག་ཆུ་མེད་པ་ལ་ཆུར་འདུ་ཤེས་སུ་བཅུག་སྟེ། ཇི་ལྟར་ཆུ་མེད་པ་ལ་ཆུ་ཡོད་པར་འདུ་ཤེས་པ་དེ་བཞིན་དུ་ཉན་ཐོས་དག་ཀྱང་འདི་བསྟན་གྱི་རྒྱུན་ཞུགས་ལ་སོགས་པ་མ་ཡིན་པ་ལ་འདི་བསྟན་གྱི་རྒྱུན་ཞུགས་སོགས་སུ་འདུ་ཤེས་པས་དེ་དག་གི་འདུ་ཤེས་གཞོམ་པར་བྱ་ཕྱིར་བྱང་ཆུབ་སེམས་དཔའ་ལ་ཡང་བརྒྱད་པ་ལ་སོགས་པ་ཕྱིར་མི་ལྡོག་པ་འཁོར་ལོའི་མདོར་གསུངས་སོ།། རྒྱུན་ཞུགས་སོགས་ཀྱི་མིང་དེ་བྱང་སེམས་དེ་དག་ལ་དངོས་སུ་མི་འཇུག་པར་བཏགས་ནས་འཇུག་ལ། འདོགས་པའི་རྒྱུ་མཚན་ཉན་ཐོས་དང་རྒྱུན་ཞུགས་བྱང་སེམས་རྒྱུན་ཞུགས་སོགས་འཕགས་པའི་གང་ཟག་དུ་འདྲ་བ་དང་། བཏགས་པའི་དགོས་པ་གོང་དུ་བཤད་པའི་ཉན་ཐོས་རྣམས་དེ་ལྟར་རློམ་པ་བཟློག་པ་དང་། བྱང་སེམས་ལ་ཡང་དེ་ལྟ་བའི་ཡོན་ཏན་དང་ལྡན་པ་གོ་བ་གཉིས་ཡིན་ནོ། མིང་དེ་དངོས་སུ་འཇུག་ན་བྱང་སེམས་ཡང་སྤངས་རྟོགས་ཉི་ཚེ་བར་ཐལ་ལོ། ཞེས་པའི་འགྲེལ་ཚུལ་འདི་བཅོལ་ལྡན་རིག་པའི་རལ་གྲི་ལྟར་ཏེ་དོན་ལ་འགྲིག་ཀྱང་གོང་དུ་བཤད་ཚུལ་ལ་དཔྱོད་དང་བློ་ངོར་བདེ་མོ་ཞིག་མིན་པར་ཤར་རྒྱུ་ཞིག་ཡོད་ཞེས་པའི་དོན་ཡིན་སྙམ། ཕྱིར་མི་ལྡོག་པ་འཁོར་ལོའི་མདོའི་དོན་འགྲེལ་ཚུལ་གཞན་ཡང་ཡོད་དེ། སངས་རྒྱས་ཀྱིས་གཉན་ཡོད་དུ་སྤྲུལ་པའི་ཆུ་སྣང་བར་མཛད་ནས་སྐྱེ་བོ་དག་ཆུ་མེད་པ་ལ་ཆུར་འདུ་ཤེས་སུ་བཅུག་སྟེ། ཇི་ལྟར་ཆུ་མེད་པ་ལ་ཆུ་ཡོད་པར་འདུ་ཤེས་པ་དེ་བཞིན་དུ་བྱང་སེམས་ལ་རྒྱུན་ཞུགས་སོགས་མིན་ཀྱང་དེ་དག་ལ་དེའི་མིང་གིས་བསྟན་སྙམ་པའི་འདུ་ཤེས་བསལ་བའི་ཕྱིར་དུ། ཞེས་འགྲེལ་ཚུལ་མི་འདྲ་བ་དང་། དངོས་ལ་གནོད་བྱེད་ཞེས་པ་ནི་བྱང་སེམས་སོགས་རྒྱུན་ཞུགས་སོགས་ཡིན་ན་ཞེས་པར་འགྲེལ་ཚུལ་གཡག་ཊཱིག་པའི་རིན་ཆེན་བང་མཛོད་ལས་བྱུང་ཞེས་རྗེ་གུང་ཐང་ཚང་གི་མཆན་ལས་གསུངས་སོ།། །།
སྨྲས་པ། ནམ་ཞིག་ཚེ་འདིའི་ལུས་རྟེན་དོར་མ་ཐག །ཤམྦྷ་ལ་ཡི་གྲོང་ཁྱེར་ཡུལ་དབུས་སུ། །སྐྱེས་ནས་རིགས་ལྡན་བླ་མ་མཐོང་ཙམ་གྱིས། །མི་ཕྱེད་དད་པ་བརྟན་པོ་ཐོབ་པར་ཤོག །

༢༠༢༤བོད་ཟླ༥ཚེས༡༢ལ་མདོ་སློབ་ཏུ་གུས་ཕྲན་དོན་གསལ་གྱིས།
ནང་དོན་ཡོངས་ཁུངས། རིག་པའི་བང་མཛོད་སྤྱི་སྟེགས།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།