Tibetan Web Featured

༄༅། །རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་བདག་ཉིད་ཀྱི་རྣམ་ཐར་ངེས་པར་བརྗོད་པའི་དེབ་གཏེར་ཤིན་ཏུ་ཞིབ་མོ{སྒྲོ་སྐུར་ཀུན་སྤངས། གནས་ཚུལ་ཀུན་གསལ།}མ་བཅོས་ལྷུག་པའི་རྟོགས་བརྗོད་ཅེས་བྱ་བ་བཞུགས་སོ། །


ཉེར་དྲུག་པ།

མཛད་པ་པོ། རྗེ་བཙུན་ཏཱ་ར་ནཱ་ཐ།

དེ་ལ་སྤྱིར་ལོ་རྒྱུས་འདི་ཐོག་མའི་ཚིག་ཏུ་སྨོས་པ་བཞིན་དུ། འདི་ལ་གཟིགས་པ་པོ་ཐམས་ཅད་ཀྱི(ཀྱིས)དགོངས་པ་བཞུགས་པ(པར)ཞུ།

དེས་ན་ཁ་ཅིག་འདི་སྙམ་དུ། ཁྱེད་ཀྱི་འདི་ལ་ངོ་མཚར་བའི་ཆོས་ཡི་གེར་འགོད་རིན་ཆོག་པ་ནི། གང་ཡང་མི་སྣང༌། དེ་ལས་གཞན་དུ་ཕྱོགས་རིས་སུ་བཅད་པ་དང་། ཆགས་སྡང་ལ་སོགས་པ་ཆོས་བཞིན་མ་ཡིན་པ་ཡང་དུ་མ་སྣང་ལ། མཐོ་དམན་འབྱོར་རྒུད་སྣ་ཚོགས་ཀྱི་གཏམ་ཡང་སྣང་བས། མཆོག་ཏུ་མཛེས་པ་མ་ཡིན་པའི་གཏམ་ཅིའི་ཕྱིར་འབྲི་བར་བྱེད་ཅེ་ན། ཁོ་བོ་ནི་འདི་འབྲི་བ་ལ་མཆོག་ཏུ་སྤྲོ་བ་ཡང་མ་ཡིན་ལ། ཆགས་སྡང་ལ་སོགས་པའི་ཉེས་པ་སྤངས་པ་ཡང་ག་ལ་ཞིག་སྟེ། བདེ་སྡུག་གི་ཁྱད་པར་དང་། དགྲ་དང་བཤེས་ཀྱི་འགྱུར་བ་སོགས་སྣ་ཚོགས་འབྱུང་བ་ནི་འཁོར་བའི་ཆོས་ཉིད་ཡིན་ལ། འོན་ཀྱང་གཞན་གྱིས་ནན་ཏན་དུ་བསྐུལ་བའི་ཕྱིར་ན། དོན་ཆེན་པོ་མ་ཡིན་ཀྱང་སུག་རིས་འདི་བྲིས་པ་ཡིན་པ་དང༌། སེམས་ལ་ཆགས་སྡང་དྲག་པོ་འཆང་བཞིན་དུ་ཚིག་འཇམ་པོས་བྲིད་ནས་གཞན་བསླུ་བའི་ཐབས་ཀྱང་ངས་ནི་མི་ཤེས་ལ། བདེ་བ་དང་འབྱོར་བ་དང་མཐུན་པའི་གཏམ་ལེགས་པོ་དག་བྲིས་ནས། སྡུག་བསྔལ་བ་དང་རྒུད་པ་དང་མི་མཐུན་པའི་གཏམ་སྦེད་པ་ལ་ཡང་སྤྲོ་བ་མེད་དོ། །

ཡང་བདག་གང་ཟག་བཟང་པོ་མ་ཡིན་པ་ལ་རྣམ་ཐར་བཟང་པོ་འབྱུང་དུ་རེ་བ་ཡང་མ་མཛད་ཅིག །རང་ཉོན་མོངས་མེ་ལྟར་འབར་བ་ཅིག(ཞིག)བྱས་ནས། རྒྱུད་དུལ་བའི་དུལ་ལུགས་དང་། ཉེས་སྐྱོན་ཉོན་མོངས་མེད་པའི་མེད་ལུགས་བཤད་པས་ནི་སྐྱེ་བོ་བསླུ་བའི་ཧམ་གཏམ་དུ་འགྲོ་བ་ཡིན་ནོ། །

འོན་ཀྱང་སྟོན་པ་དེ་བཞིན་གཤེགས་པས་གསུངས(པའི་གསུང)། མཁས་གྲུབ་རྣམས་ཀྱིས་བསྒོམ་ཞིང(བསྒོམས་ཤིང)བཤད། ད་ལྟའི་བར་དུ་བཀའ་མ་ཆད་པར་བཞུགས་པའི་ཆོས་རྣམས་ལ་ཞུ་བ་དང་། ལྟ་བ་དང་། ཉན་པ་དང་། གཞན་ལ་འདྲི་བ་དང་། ཐེ་ཚོམ་གཅོད་པ་རྣམས་ཀྱང་བྱས།

དེ་ཡང་རང་མཁས་སུ་རེ་བ་དང་། གཞན་ལས་ཁྱད་པར་དུ་འཕགས་པ་ཞིག་འདོད་པའི་དང་ལྟོས་ཙམ་མ་ཡིན་པར། སེམས་ཅན་འཁོར་བ་ལས་སྒྲོལ་བ་ཆོས་ལ་རག་ལས། དེ་ལ་ཡང་ཚིག་དོན་མ་ནོར་ཞིང་རྒྱུན་མ་ཆད་པ་ཞིག་དགོས་པར་ཤེས་ནས། ཟབ་ཅིང་རྒྱ་ཆེ་བ་ལ་སྐྲག་ཅིང་ཞུམ་པར་མ་བྱས། ཉུང་ཞིང་གསལ་བ་ལ་བརྙས་ཤིང་ཁྱད་དུ་མ་གསད་པར་ནན་ཏན་དུ་བསླབས་ཏེ། གཞན་ལ་སྟོན་པར་བྱེད་པ་འདི་ནི་ཁོ་བོའི་རྣམ་པ་ཐར་པ་སྟེ་དང་པོ་ཡིན་ནོ།། །།

མདོ་སྔགས་ཀྱི་གསུང་རབ་རྒྱ་མཚོ་རྣམས་ལས་རྒྱལ་ཚབ་འཕགས་པ་བྱམས་པའི་གཞུང་རྣམས་དང་། འཕགས་ཡུལ་གྱི་མཁས་གྲུབ་དུ་མའི་ངེས་དོན་གྱི་གཞུང་རྣམ་པ་མང་པོ་དང༌། དེ་བཞིན་དུ་འཕགས་པ་ཀླུ་སྒྲུབ་ཡབ་སྲས་དང༌། སངས་རྒྱས་ཡེ་ཤེས་ཞབས་དཔོན་སློབ་དང༌། བྲམ་ཟེ་ཆེན་པོ་ས་ར་ཧ་དང༌། ལཱུ་དྲིལ་ནག་གསུམ་དང༌། ལ་ལི་ཏ་དང༌། དཔལ་འཛིན་དང༌། བིརྺ་པ་དང༌། ཀུ་ཀུ་རཱི་པ་ལ་སོགས་པ་གྲུབ་ཐོབ་རྣམས་ཀྱིས་མཛད་པའི་སྔགས་ཀྱི་གཞུང་རྣམས་དང༌། ས་བཅུའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་འགྲེལ་པ་དང༌། ཁྱད་པར་དུ་གྲུབ་ཆེན་ཞི་བ་སྦས་པ་ལ་སོགས་པའི་མན་ངག་ལ་རང་བྱན་ཆུད་ཅིང་། དགོངས་པ་ལོངས་པར་བྱས་པས(པའི)སྒོ་ཕྱེད་དེ(ཕྱེ་སྟེ)། མདོ་རྒྱུད་རྒྱ་མཚོའི་ཚོགས་རྣམས་མཐོང་བ་དང་། ཐོས་པ་ཙམ་གྱིས་གོ་ཞིང་ཟབ་མོའི་དོན་གྱི་སྙིང་པོ་ལེན་པར་བྱེད་པ་འདི་ཡང་ཁོ་བོའི་རྣམ་པར་ཐར་པ་སྟེ་གཉིས་པ་ཡིན་ནོ།། །།

བོད་དུ་བྱོན་པའི་ལོ་པཎ་སྤྲུལ་པའི་སྐྱེས་མཆོག་རྣམས་དང༌། དེ་དག་གི་རྗེས་སུ་འབྲང་བ་སྔོན་བྱོན་མང་པོ་དང༌། བར་སྐབས་སུ་བྱོན་པའི་མཁས་གྲུབ་ཆེན་པོ་དམ་པའི་སྤྱོད་པ་ཅན་དུ་མ་བྱོན་པ་རྣམས་ལས་ཕྱོགས་རིས་སུ་བཅད་པའི་ཆགས་སྡང་གི་བློ་སྤངས་ཏེ། འབྲོག་འགོས་མར་གསུམ། རྭ་སྐྱོ་ཞང་གསུམ། ས་རྔོག་དཔྱལ་གསུམ་སོགས་ཡོངས་སུ་གྲགས་པའི་རྡོ་རྗེ་འཛིན་པ་ཆེན་པོ་ཐམས་ཅད་ཀྱི་མན་ངག་དང་། བཤད་སྒྲོས་དང་། ཐུགས་ཀྱི་གསང་བ་ཕལ་ཆེར་བྱང་ཆུབ་ཅིང༌། བསྐྱེད་རྫོགས། ཆོ་ག །འཕྲིན་ལས་ཀྱི་ལག་ལེན་ཁྲིགས་བཀོད་ཐམས་ཅད་ཀྱང་བློ་ལ་མ་འཛིངས་པར་འཆར་ནུས་པ་དང༌། བྱིན་རླབས་དང་ཉམས་མྱོང་ཅུང་ཟད་ཤར་བ་འདི་ཡང་ཁོ་བོའི་རྣམ་པ་ཐར་པ་སྟེ་གསུམ་པའོ།། །།

བླ་མ་དམ་པ་རྣམས་ཀྱི་ཐུགས་རྗེ་དང་བྱིན་རླབས་ཀྱི་མཐུ་ལས། གནས་ལུགས་ཀྱི་དོན་སྤྲོས་པ་ཐམས་ཅད་དང་བྲལ་བའི་དབྱིངས་དང༌། དེ་རྟོགས་པར་བྱེད་པའི་ཐབས་མདོ་དང་སྔགས་ལས་གསུངས་པ་ཇི་སྙེད་པ་ཐམས་ཅད་ལ་ཡིད་ཆེས་རྣམ་པ་གསུམ་ལ་བརྟེན་ཏེ་ངེས་ཤེས་དང་དད་པ་ཐོབ་པས། དེ་དག་སྟོན་བྱེད་ཀྱི་གསུང་རབ་རྣམས་དང་གནས་ལུགས་དེ་གཟིགས་ཤིང་། ཐབས་དེ་མངོན་དུ་གྱུར་པའི་སྐྱེས་བུ་དམ་པ་ཀུན་ལ་ཡང་རྐྱེན་གཞན་གྱིས་གཞིག་ཏུ་མེད་པའི་དད་པ་མི་ཕྱེད་པ་ཐོབ་པས། དམ་པ་མཆོག་རྣམས་ཀྱི་རྣམ་པར་ཐར་པ་ཐོས་པའམ། དེའི་དཔེ་རིས་མཐོང་བ་ཙམ་གྱིས་ཀྱང༌བ་སྤུ་ལྡང་ཞིང་མཆི་མ་འཁྲུག་པའི་དང་བ་སྐྱེ་སྟེ། ཆོས་དང་གང་ཟག་ལ་དད་པ་ཕུན་སུམ་ཚོགས་པ་སྐྱེ་བ་འདི་ཡང་ཁོ་བོའི་རྣམ་པར་ཐར་པ་སྟེ་བཞི་པའོ།། །།

གཞན་ཡང་མཁས་པ་ཁ་ཅིག །ཀུན་རྫོབ་ཀྱི་སྣང་བ་འདི་ལ་ཨ་འཐས་ཀོ་འཐས་ཤི་འཐས་རོ་འཐས་སུ་སོང༌། བློ་ལྷན་སྐྱེས་ཀྱི་ཨ་འཐས་དང་བསྟུན་ནས་གྲུབ་མཐའ་འཇོག །འཁྲུལ་སྣང་ཚད་མར་བྱས་ནས་སངས་རྒྱས་ཀྱི་ཡེ་ཤེས་ལ་བཅད་གྲས(དྲས)བྱེད་པར་གདའ་ནའང༌། ཆོས་འདི་ཀུན་སྒྱུ་མ་ལྟ་བུར་གོ་མྱོང་བརྟན་པོ་ཡོད་ཅིང༌། སངས་རྒྱས་ཀྱི་ཡེ་ཤེས་དང་སངས་རྒྱས་ཀྱི་གསུང་ལ་འཁྲུལ་བ་དང་འཛོལ་སོ་ཡེ་མེད་པར་ངེས་ནས། འཕགས་པ་རྣམས་ཀྱི་མཉམ་གཞག་དང་། དེ་བཞིན་གཤེགས་པའི་ལུང་ལ་སྙིང་ཐག་པ་ནས་ཡིད་བརྟན་འཆའ་བར་བྱེད་པ་འདི་ཡང་ཁོ་བོའི་རྣམ་པར་ཐར་པ་སྟེ་ལྔ་པའོ།། །།

མཁས་པ་ཁ་ཅིག །སངས་རྒྱས་ཀྱི་བསྟན་པའམ་སྐྱེས་བུ་དམ་པ་འགའ་རེ་ལ་ཕྱོགས་འཛིན་གྱི་ཞེན་རོ་སྟོད་འགས་པ་ཙམ་བྱེད་ཅིང༌། སངས་རྒྱས་ཀྱི་འཕྲིན་ལས་ཤེས་བྱ་ཐམས་ཅད་ལ་ཁྱབ་པར་ཡང་མ་ཤེས། ཐེག་པ་ཆེན་པོའི་ཐབས་ལ་མཁས་པ་ཡང་མ་གོ་ནས། རང་ཉིད་ལྟ་བ་མཆོག་ཏུ་འཛིན། སངས་རྒྱས་པའི་གྲུབ་མཐའ་གཞན་རྣམས་ལ་དགྲར་ལྟ། མུ་སྟེགས་ལ་སོགས་པའི་མིང་ཡང་ཐོས་སུ་མི་རུང་པ་སྐད་བྱེད་དེ། བློ་ཆུང་ཤེས་རབ་ཅན་དུ་རེ་བ་ཡ་རེ་ཆ། རང་རང་གི་སྐལ་བ་དང་འཚམས་པར་སྟོན་པའི་ཕྱིར། གྲུབ་མཐའ་དང་ཐེག་པ་གོང་མ་གོང་མ་ཐམས་ཅད་ལ་འོག་མ་འོག་མ་རྣམས་དང་། ཐུན་མོང་མ་ཡིན་པའི་ལྟ་སྒོམ་སྤྱོད་པ་ཁྱད་འཕགས་རེ་ཡོད་ཅིང༌། སྐྱོན་སྤང་ཚུལ་དང་ཡོན་ཏན་ལྷག་ཚུལ་རེ་ཡང་ཡོད། ཆེ་བ་དུ་མ་དང་ལྡན་མོད། འོན་ཀྱང་རྒྱང་ཕན(འཕེན)པའི་གྲུབ་མཐའ་ཚུན་ཆད་མ་རིག་པ་འཇོམས་བྱེད་ཀྱི་ཕྱོགས་སུ་གཏོགས་ཤིང༌། རྩའི་བུ་གར་ཉལ་བའི་སྲིན་བུ་ཕྲ་མོའི་ཁ་ཟས་ཚུན་ཆད་ཀྱང༌། སངས་རྒྱས་བྱང་སེམས་ཀྱི་སྨོན་ལམ་གྱི་སྟོབས་ལས་ཡིན་པར་ཤེས་ནས། དེ་བཞིན་གཤེགས་པ་དང་། དམ་པ་ཆོས་ཀྱི་སྒོ་རྣམས་ལ་གཞན་ལས་ཁྱད་པར་དུ་འཕགས་པར་མི་ཕྱེད་པའི་དད་པ་ཐོབ་ཀྱང་། གཞན་རྣམས་ལ་ཡང་བརྙས་སེམས་དང་། ཁོང་ནས་འཁྲུགས་པའི་འདམ་རྫབ་དུ(ཏུ)མ་བྱིངས་པ་འདི་ཡང་ཁོ་བོའི་རྣམ་པར་ཐར་པ་སྟེ་དྲུག་པའོ།། །།

རྡོ་རྗེ་འཆང་ཆེན་པོའི་བཅས་པ་ལས་མི་འདའ་བའི་ཕྱིར། སྔགས་ཀྱི་ཆོས་བཤད་པ་ལ་སོགས་པའི་དོན་དུ་དཀྱིལ་འཁོར་ཐ་དད་པ་ཕལ་ཆེར་གྱི་གྲངས་བསྙེན་རེ་ཡང་བགྱིས་མོད། གཙོ་བོར་ལྷག་པའི་ལྷ་ཐམས་ཅད་ཀྱང་རོ་གཅིག །སྔགས་ཐམས་ཅད་ཀྱང་རོ་མཉམ། རྫོགས་པའི་རིམ་པའི་རྣལ་འབྱོར་ཐ་དད་པ་རྣམས་ཀྱང་རང་བཞིན་མཉམ་པ་ཉིད་དུ་གྱུར་པ་ལ་རྣལ་འབྱོར་དུ་བྱེད་པ་འདི་ཡང་ཁོ་བོའི་རྣམ་པར་ཐར་པ་སྟེ་བདུན་པའོ།། །།

གཞན་ཡང་བླ་མ་དང་ལྷག་པའི་ལྷ་མང་པོས་རྗེས་སུ་བཟུང་བ་སྙམ་བྱེད་ཀྱང་། དངོས་གྲུབ་སྟེར་བ་པོ་ལ་དགའ་བ་དང་རེ་བ་མེད། བར་ཆད་བྱེད་པ་པོ་ལ་འཇིགས་པ་དང་དོགས་པ་ཡང་མེད། ལྷ་དང་བདུད་རོ་མཉམ་དུ་གྱུར་པས་བར་དུ་གཅད་བྱ་གཅོད་བྱེད་དབྱིངས་སུ་དག །བྱིན་གྱིས་བརླབ་བྱ་རློབ་བྱེད་སེམས་སུ་ཤེས། དངོས་གྲུབ་སྟེར་བྱ་སྟེར་བྱེད་ཐམས་ཅད་ཀྱང་རིག་པའི་རང་རྩལ་ཙམ་དུ་ཉམས་སུ་མྱོང་བ་འདི་ཡང་ཁོ་བོའི་རྣམ་པ་ཐར་པ་སྟེ་བརྒྱད་པའོ།། །།

བཙུན་པོར་རློམ་པ་གཞན་རྣམས་མགུ་བའི་སྤྱོད་པ་བཟང་པོ་མེད་ཀྱང༌། ཆོས་ལས་ཇི་སྐད་བཤད་པའི་བླང་དོར་རྣམས་ལ་བདེན་ཞེན་དང་། མངོན་ཞེན་དྲག་པོ་ཡང་མེད་ཅིང༌། སྤང་བླང་གི་ཚུལ་རྣམས་སྤྱིར་བཏང་གི་གནས་སྐབས་སུ་སྤྱིར་བཏང་དང་མཐུན་པ་དང་། དམིགས་གསལ(བསལ)དགོས་པའི་གནས་སྐབས་སུ་དགག་བྱ་དགོས་པ(པར)བསྟུན་ཏེ། བླང་དོར་མ་འཁྲུལ་པར་བྱེད་པ་ལ་ཆོས་དང་རང་སེམས་ཞུ་དག་ཕེར་ཙམ་ཡོད་པ་འདི་ཡང་ཁོ་བོའི་རྣམ་པ་ཐར་པ་སྟེ་དགུ་པའོ།། །།

བཟང་པོར་རློམ་པ་རྣམས་མཉེས་པར་འགྱུར་བའི་རྒྱལ་སྲས་ཀྱི་རྣམ་ཐར་མ་མཆིས་ཤིང༌། འཇིག་རྟེན་གྱི་སྐྱེ་བོ་ཕལ་ཆེར་དགའ་ཞིང་འདུན་པའི་ཐབས་མ་བྱས་མོད། ལག་ལེན་དུ་སེམས་ཅན་བསླུ་བའི་ཐབས་མ་བྱས། མི་བྱེད། བྱེད་པར་མི་འགྱུར་ལ། སྐྱེ་བོ་མང་པོ་ལ་ཕྱི་མའི་ཚེ་ལ་མི་གནོད་ཅིང་། ཕན་པའི་ཐབས་སུ་འགྱུར་བ་མཐོང་ན་རང་གི་གྲགས་འདོད་དང་། བཟང་འདོད་དང་། ཆོས་དང་མཐུན་མཐུན་མོར་གཞན་གྱིས་མ་མཐོང་ཡང་ཁྱད་མེད་སྙམ་པའི་བློ་བརྟན་པོས་སྤྱོད་པ་གཞུང་ལམ་དྲང་པོར་བསྲངས་ཏེ་འགྲོ་བ་འདི་ཡང་ཁོ་བོའི་རྣམ་པར་ཐར་པ་སྟེ་བཅུའོ།། །།

གྲུབ་པར་མངོན་པར་རློམ་པ་དག་མགུ་བར་འགྱུར་བའི་རྟགས་དང་མཚན་མ་མེད་ཀྱང་། སྔགས་དང་རྒྱུད་ཀྱི་སྦྱོར་བ་དང་ལས་ཚོགས་རབ་འབྱམས་རྣམས་དང༌། ཐུན་མོང་ཀྱི་དངོས་གྲུབ་ཐམས་ཅད་ཀྱང་སྒྱུ་མའི་རྣམ་རོལ་ཙམ་དུ་གོ་བས་སྲེད་པ་ལོག་ཅིང༌། ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཞེས(ཅེས)པའི་སྒྲ་བོ་ཆེ་དེ་ཡང་དོན་དམ་དེ་བཞིན་གཤེགས་པའི་སྙིང་པོ་ལས་ལོགས་སུ་མི་འདུག་པས། སྤྱིར་ཐོབ་འདོད་དྲག་པོ་ཡོད་ཀྱང་གཞན་དོན་དུ་ཡིན་མོད་ཀྱི། རང་གི་ངོ་བོ་ལ་འཐོབ་བྱ་འཐོབ་བྱེད་ཐམས་ཅད་དང་བྲལ་བས། ཐོབ་འདོད་ཀྱི་སྲེད་པ་ཕལ་ཆེར་ཟད་པ་འདི་ཡང་ཁོ་བོའི་རྣམ་པ་ཐར་པ་སྟེ་བཅུ་གཅིག་པའོ།། །།

ལྟ་བ་དང་གྲུབ་མཐའ་ཐ་དད་པ་རྣམས་ལས་ནོར་བ་རྣམས་ཀྱི་མཚང་རིག་ནས། གཞན་ཕལ་ཆེར་གྱི་བློ་ལ་མ་ཤར་བའི་སུན་འབྱིན་དང་། ཐལ་འགྱུར་གྱི་རིག་པ་གསར་པ་མང་པོ་དང༌། གྲུབ་མཐའ་མ་ནོར་བ་རྣམས་ལ་ངེས་པའི་གཏན་ཚིགས་ལ་ཞུགས་པའི་རྒྱུ་མཚན་ཡང་དག་པ་མང་པོ་ཞིག་གཞན་ཕལ་ཆེར་གྱིས་མ་ཤེས་པ་གསར་དུ་རྟོགས་ཀྱང་། རང་ཤུགས་ལ་རློམ་སེམས་མི་སྐྱེ་ལ། སྒྲ་དང་སྙན་ངག་དང་རྟོག་གེ་རྣམས་ལ་མཁས་འདོད་ཀྱི་སྲེད་པ་ལས་གྲོལ་ཞིང༌། དོན་ལ་མི་སྦྱོར་ན་མཁས་པའི་ཁུར་ཆེན་པོས་བརྗིད་པ་ལས་ཀྱང་ཚིགས་བཅད་གཅིག་ཁོ་ན་འཛིན་པས། དད་པ་འབའ་ཞིག་གིས་ཆོས་དོན་དང་མཐུན་པའི་ལག་ལེན་སྣ་རེ་བྱེད་པ་ལ་ཡང་གདིང་མཐོང་ཆེ་བ་ཞིག་སེམས་ལ་འཆང་བར་གདའ། འདི་ཡང་སྟོན་པའི་བཀའ་དང་མཐུན་པའི་ཆོས་ཀྱི་གོ་ཚུལ་ཞིག་ཡིན་ནམ་སེམས་ཏེ། དེང་སང་ཕལ་ཆེར་གཞན་རྣམས་དང་ཐུན་མོང་མ་ཡིན་པའི་རྣམ་པར་ཐར་པ་སྟེ་བཅུ་གཉིས་པའོ།། །།

གཞན་ཡང་འདུས་བྱས་མི་རྟག་པའི་རང་བཞིན་ལ་རེ་དོགས་བྱེད་དོན་མེད་དེ། ཚེ་རིང་བར་སྨོན་པ་ཡང་མེད། ཐུང་གི་དོགས་པ་ཡང་མེད། འཆི་བ་ལ་འཇིགས་པ་ཡང་མེད། ཉི་མ་དེ་རིང་ཉིད་འཆི་བདག་གི་རྒྱལ་པོ་འོངས་ཀྱང་། རང་སེམས་སྐད་ཅིག་གི་དོན། འཆི་རྒྱུ། འཆི་བར་བྱེད་པ་པོ། ཇི་ལྟར་འཆི་བའི་ཚུལ་གང་ཡང་གྲུབ་པ་མེད་ཅིང༌། འཆི་བའི་རང་བཞིན་གང་ཡིན་པ་དེ་ཡང་བདེ་ཆེན་ལྷན་ཅིག་སྐྱེས་པ་ངེས་པར་རྙེད་ལ། དེ་ལས་གཞན་ཤུལ་མའམ། གྲྭ་རིགས་སམ། གཞན་དོན་ནམ། བྱ་བ་བྱེད་འཕྲོ་འདི་ལྟ་བུའོ་ཞེས་ལྷག་མ་ལ་ཡོངས་སུ་ཆགས་པའམ། རྗེས་སུ་འདི་ལྟ་བུ་ཞིག་དགོས་པར་འདུག་ཅེས་བློ་ལ་བཅགས་པ་ཡང་མེད་ལ། ཅི་སྟེ་ལུས་སྒྱུ་མའི་འཁྲུལ་འཁོར་མ་ཞིག་པ་དེ་སྲིད་དུ་རང་གཞན་ལ་ཕན་པ་མང་དུ་སྒྲུབ་ནུས་པ་འདི་ཡང་ཁོ་བོའི་རྣམ་པར་ཐར་པ་སྟེ་བཅུ་གསུམ་པའོ།། །།

འཁོར་བ་ཡིན་ཕྱིན་ཆད་སྡུག་བསྔལ་གྱི་རང་བཞིན་ལས་མ་འདས་པས། བདག་ལ་ན་རྒས་འཆི་རྒུད་འཕོ་འགྱུར་མི་ཡོང་བ་མ་ཡིན་ཀྱང༌། གང་ཞིག་ཐོག་ཏུ་བབ་པ་དེ་ཀ་ཆོས་ཉིད་ཡིན་པས་ཡི་ཆད་དང་། བློས་མ་ལོངས་པ་དང་། སེམས་སྡུག་ཡོང་བའི་གནས་མི་འདུག་ཅིང༌། དེ་ཐམས་ཅད་གློ་བུར་བ་ཙམ་དུ་ཤེས་པས་སྤང་བླང་ལ་རྩལ་འདོན་ཡང་མི་བྱེད་ལ། ཆོས་ཀྱི་དོན་དང་གཞན་ལ་ཕན་པའི་ཕྱིར་ཁྲོ་ཆགས་ཀྱི་རྣམ་འགྱུར་དུ་མ་འབྱུང་བ་ཡང་གྲིབ་མའི་སྐྱེས་བུའམ། ཆུ་ནང་གི་གཟུགས་བརྙན་བཞིན་དུ་འཁྲུལ་པའི་རང་མཚང་རྡིབ་པ་འདི་ཡང་ཁོ་བོའི་རྣམ་པར་ཐར་པ་སྟེ་བཅུ་བཞི་པའོ།། །།

ཡང་ཁྱེད་ཅག་འདི་ན་ངས་འཇིག་རྟེན་གྱི་ཕན་འདོགས་འདྲ་ཡོད་དུ་རེ་བའི་ངོས་འཛིན་གྱིས་ཆོས་ཞུ་བ་དང་། ཡོན་མཆོད་ཀྱི་འབྲེལ་བྱེད་པ་འདྲ་འདུག་སྟེ། ང་ནི་མཁོས་མི་ཤེས་པར་མ་ཟད་སྙིང་ཤིན་ཏུ་རིང་བས། དེ་འདྲའི་རེ་བ་མ་ཆེ་ཞིག །ལྐོག་རྔན་བླངས་པའི་ངོ་ཡང་ངས་མི་ཡོང་། ཉིན་མཚན་ཤད་པའི་འགྲུལ་ཡང་ངས་མི་ཕེར། གསོན་གཤིན་གྱི་རྙེད་བཀུར་ལ་ཧོར་རྒྱུག་ཀྱང་ངས་མི་ལྕོགས། ཞི་དྲག་ཐབས་སྐྱོག་སྣ་ཚོགས་ཀྱིས་དགྲ་འདུལ་ནི་ང(ངས)མི་བྱེད། སྙིང་རིང་བ་འདི་ཡིན་པ་སྐྱོན་ཡིན་ཏེ་སློབ་མ་བརྟག་པ་ཞོར་ལ་ཡོང༌། ཡོན་བདག་གི་དད་པ་བརྟན་མི་བརྟན་བརྟག་པ་ལ་ཡང་འདི་དགོས། རང་དགེ་སྦྱོར་རང་ཞིག་བྱེད་ན་རང་དགོས་པར་འདུག །སྙིང་ཐག་ཉེ་ཉེ་མོའི་སྲེད་པས་དགེ་སྦྱོར་རླུང་ལ་བསྐུར། དེའི་རྒྱུ་མཚན་ད་ལྟ་འགྲོ་བའི་དོན་ནི་ཅུང་ཟད་ཙམ་ཡིན་གྱི། རྒྱུ་མོས་པའི་དགེ་བ་ཕུན་སུམ་ཚོགས་པ་འདི་ལས་བརྩམས་ནས། རྣམ་པར་མི་རྟོག་པ་ལྷུན་གྱིས་གྲུབ་པའི་སྤྱོད་ཡུལ་ནམ་མཁས་གར་ཁྱབ་གྱི(ཀྱི)ཡུལ་རྣམས་སུ། འཁོར་བ་ཇི་སྲིད་པའི་དུས་ཐམས་ཅད་ལ་དོན་མེད་དུ་འགྱུར་བ་ནམ་ཡང་མི་སྲིད་པར། གང་ལ་གང་འདུལ་གྱི་འགྲོ་བའི་དོན་སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཇི་བཞིན་དུ་འཇུག་པར་འགྱུར་བ། སྲིད་ཞི་ཐམས་ཅད་ཀྱི་སྣང་བརྙན་ཅན། དེ་བཞིན་གཤེགས་པའི་འཕྲིན་ལས་ཀྱི་རྒྱ་མཚོར་འཇུག་པར་འགྱུར་ཏེ། མོས་པའི་དགེ་བ་ཕུན་སུམ་ཚོགས་པ་ལ་རྣལ་འབྱོར་དུ་བྱེད་པ་འདི་ཡང་ཁོ་བོའི་རྣམ་པར་ཐར་པ་སྟེ་བཅོ་ལྔ་པའོ།། །།

བཅོ་ལྔ་པོ་འདི་ང་རང་ལ་ཡོད་ངེས་པའི་རྣམ་ཐར་རང་དེ་ཡིན་པ་དགོངས་ཞུ། གཞན་ཡང་རྣམ་པར་ཐར་པ་མང་པོ་ཡོད་པ་རྣམས་འབྲི་བར་འགྱུར་རོ། །སྡེ་ཚན་བར་པ་འདི་རང་ལོ་སོ་བརྒྱད་པའི་སྟེང་དུ་བྲིས་པ་ཡིན། ཕྱིས་ཅུང་ཟད་བསྣན་པ་ཡོད། བཀྲ་ཤིས།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།