གླེང་གཞི།
ཇོ་ནང་ཏཱ་ར་ནཱ་ཐའི་ལོ་རྒྱུས་ཀྱི་ལྟ་ཕྱོགས་དམིགས་བསལ་བ་འགའ་རེར་གཞི་བཟུང་སྟེ། ཇོ་ནང་ཏཱ་ར་ནཱ་ཐའི་ལོ་རྒྱུས་རིག་གཞུང་དཔྱད་ཐབས་དྲུག་ཅེས་པའི་རྩོམ་འདི་འབྲི་ཁུལ་བགྱིས་པ་ལགས། འདི་ལྟར་འབྲི་དགོས་པའི་དོན་གྱི་སྙིང་པོ་ནི། དེང་སང་ལོ་རྒྱུས་ཀྱི་འཆད་ཁྲིད་པར་རློམ་མཁན་འགའ་རེས་ཁོང་གི་གསུང་འཆད་ཁྲིད་བགྱིས་པའི་སྒྲ་དང་། རྩོམ་ཡིག་དམ་དུམ་རེ་འགའ་མཐོང་ཐོས་སུ་གྱུར་མོད། འགའ་རེས་ཁོང་གི་ལོ་རྒྱུས་ཁྲོད་ཀྱི་བྱུང་བ་རེ་ཟུང་གི་ཁྱད་ཆོས་ཐན་ཐུན་ཙམ་རེ་མཐོང་བ་དང་། འགའ་རེས་ཁོང་གི་གསུང་ལ་བརྟེན་ནས་གོ་སྐབས་ཉུང་ངུ་རེ་རག་ཞོར། ཁོང་གི་ལོ་རྒྱུས་ཀྱི་བྱུང་བ་དག་ལ་ངག་རྒྱུན་ཙམ་ལས་ཡིད་རྟོན་མེད་ཅེས་ཕོ་ཚུགས་འདོན་པ་སོགས་ལས། དོན་དངོས་སུ་ཁོང་གི་ལོ་རྒྱུས་རིག་གཞུང་གི་ལྟ་གྲུབ་དང་། དཔྱད་ཐབས། ལོ་རྒྱུས་ཀྱི་ལྟ་ཕྱོགས་དམིགས་བསལ་བ་གང་ཡིན་མཐོང་བ་ནི། ཉིན་མོའི་སྐར་མ་ལྟ་བུར་ཟད་དོ། ། དེས་ན་དེ་ལྟ་བུའི་མཁས་པའི་གཟུགས་བརྙན་འཛིན་མཁན་ཚོར་ཁོང་གི་ལོ་རྒྱུས་རིག་གཞུང་གི་ལྟ་བའི་གནད་སོ་འགའ་ཞིག་ངོ་སྤྲོད་པའི་ཆེད་དུ་འདིར་མཚོན་ཙམ་བྲིས་པ་ལགས།
༼༡༽
ཚན་དགར་བའི་དཔྱད་ཐབས།
སྤྱིར་མི་རིགས་གང་དང་གང་ལ་མཚོན་ན་རིག་གནས་འཕེལ་རྒྱས་ཀྱི་གོ་རིམ་ནི། དོན་དུ་མི་དམངས་སྤྱིའི་བསམ་བློ་གཏོང་ཕྱོགས་དང་། འདུ་ཤེས་འཛིན་ཚུལ། འཚོ་བ་དངོས་ཀྱི་ལག་ལེན་བཅས་ལས་འོང་བ་ཡིན་ལ། རིག་གནས་འཕེལ་རྒྱས་ཀྱི་རིམ་པར་ཡང་། ཆོས་དང་སྲིད་ཀྱི་གཡོ་རྩོལ་གྲངས་མེད་པ་ཞིག་འདུ་ཆོག་པ་ཡིན། དེས་ན་མི་རིགས་དེའི་ཆོས་ལུགས་ཀྱི་བསམ་བློ་གཏོང་ལུགས་ནི། རིག་གནས་ཀྱི་ཟུར་གལ་ཆེན་ཞིག་ཏུ་གྱུར་ཡོད་སྟབས། མི་རིགས་ཀྱི་འདུན་མ་ལབ་གླེང་མཁན་ཚོས་ཅི་དགར་བརྙས་བཅོས་གཏོང་བའི་ཡུལ་མ་ཡིན་པ་ངེས་པར་ཤེས་དགོས་སོ། །
འོན་ཀྱང་ཆོས་ལུགས་པ་ཚོས་ཆོས་ལུགས་ཀྱི་དགོས་མཁོ་སྐྱོང་མ་ཤེས་པར་སྤྱི་ཚོགས་ཐུན་མོང་བའི་ཁོར་ཡུག་ཏུ་ཆོས་ལུགས་ལས་འོངས་བའི་བསམ་བློ་དང་བརྗོད་བྱ་ཡོད་ཚད་དངོས་ཡོད་ཀྱི་བདེན་པའི་ར་བ་ལས། ནམ་ཡང་འདའ་མི་སྲིད་པའི་ཨུ་ཚུགས་བསྐྱང་ན།
དེ་ནི་མཐར་ཆོས་ལུགས་ལས་འོང་བའི་དད་མོས་དང་བདེན་པ་ཡོད་ཚད་ཉམས་པའི་རྒྱུ་རུ་འགྱུར་སྲིད་དེ། དེས་ན་མི་སེམས་ཀྱི་དད་མོས་ཀྱང་མི་ཉམས། དངོས་ཡོད་ཀྱི་བདེན་པའང་མི་དོར་བའི་ལམ་ཁ་ཞིག་གདམ་དགོས་ཚེ། ནང་བསྟན་པ་སྤྱི་ལ་ཐུན་མོང་དང་ཐུན་མིན་གྱི་སྣང་ཚུལ་སོ་སོར་འབྱེད་ཤེས་པའི་རྣམ་དཔྱོད་དེ་ངེས་པར་ཡོད་དགོས། དེའང་ཐུན་མོང་དང་ཐུན་མིན་ཞེས་པ་ནི། རྭ་གཟེང་བ་ཞིག་ཏུ་མི་སེམས་པར་མི་ཕལ་བ་སྤྱི་དང་། གང་ཟག་སྒེར་གྱི་བསམ་བློ་གཏོང་ལུགས་ལ་ཐུན་མོང་དང་ཐུན་མིན་ཟེར་བ་ཡིན་ནོ། །
དེས་ན་ཐུན་མོང་དང་ཐུན་མིན་གྱི་སྣང་ཚུལ་སོ་སོར་འབྱེད་ཤེས་ཞེས་པའང་། མི་ཐུན་མོང་གི་སྣང་ཚུལ་དེ་ཉིད་ཐུན་མོང་གི་གོ་ཐོས་ལྟར་འཇོག་པ་དང་། གང་ཟག་སྒོས་ཀྱི་སྣང་ཚུལ་ནི། གང་ཟག་སྒོས་ཀྱི་དག་སྣང་དང་། ཡིད་ཆེས་ཀྱི་ཡུལ་དུ་བཞག་སྟེ། གུས་བཀུར་དང་བརྩི་འཇོག་འོས་པ་ལས། སྤྱིའི་བསམ་བློ་གཏོང་ལུགས་ལ་བཀོལ་མི་རུང་བར་ཤེས་པ་དང་ལན་ལེན་དེ་ལྟར་ཐེབས་པ་ནི། ཐུན་མོང་དང་ཐུན་མིན་གྱི་སྣང་ཚུལ་སོ་སོར་འབྱེད་ཤེས་པ་ཡིན་ནོ། །
དེ་བས་བདག་ཅག་གི་སྟོན་པ་ལྟ་བུའི་གང་ཟག་གཅིག་གི་རྣམ་ཐར་ལ་བསམ་གཞིག་གཏོང་བའི་སྐབས་ཀྱང་། (༡)“དེ་ཡང་སངས་རྒྱས་འཇིག་རྟེན་དུ་བྱོན་པའི་སྐབས་ཀྱི་ལོག་ལྟ་ཅན་དང་མུ་སྟེགས་བྱེད་དང་མཐའ་ན་དུད་འགྲོ་ཚུན་ཆད་ཡུལ་ཉེ་བ་ན་གནས་ཤིང་རུང་བ་རྣམས་ཀུན་གྱི་ཐུན་མོང་དུ་སྣང་བའི་མཛད་ཕྲིན་ནི། ཐེག་པ་ཐུན་མོང་ལུགས་སམ། ཉན་ཐོས་ལུགས་འདི་ཡིན་ལ། ཐེག་ཆེན་ཐུན་མོང་མ་ཡིན་པའི་ཆེད་དུ་བྱ་བའི་གདུལ་བྱ་རྣམས་ཀྱི་སྣང་ངོ་ལ་ཇི་ལྟར་ཤར་བའི་ཚུལ་ནི། ཐེག་ཆེན་གྱི་མདོ་ལས་འབྱུང་བ་རྣམས་ཡིན་པས། དེ་དག་ལ་སྤྱིར་ཡང་རྣམ་གྲངས་མི་འདྲ་བ་དང་། སྒོས་སུ་རླབས་ཆེ་ཆུང་གི་ཁྱད་པར་ཆེར་ཡོད་པས། ཚུལ་གཉིས་དོན་ལ་མི་འགལ་ཡང་འཆད་ཚུལ་མ་འདྲེས་པར་བྱེད་དགོས་ལ།”ཞེས་པ་ལྟ་བུ་དང་།(༢)“སྤྱིར་ཐེག་ཆེན་གྱི་ལུགས་ཉིད་ཆེས་རྒྱ་ཆེ་བ་དང་། བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་དང་། གདུལ་བྱ་མཆོག་གི་སྣང་ངོ་ཡིན་པ་དང་། གསང་བ་ཆེན་པོའི་རྣམ་པར་ཐར་པ་ཡིན་པ་དང་། ཐེག་པ་རང་ཉིད་ཀྱི་མཐོ་དམའི་ཁྱད་པར་སོགས་རྒྱུ་མཚན་དུ་མས་མཆོག་ཡིན་མོད། འོན་ཀྱང་སྐྱེ་བོ་ཀུན་གྱི་མཐུན་སྣང་དུ་གྲུབ་པ་དང་། སྐུ་ཚེའི་ཚད་དང་། སྔ་ཕྱིའི་དུས་དང་། ཡུལ་ཕྱོགས་དེ་དང་དེར་ཞབས་ཀྱིས་བཅགས་སོ་མ་བཅགས་སོ་ཞེས་སོགས་དཔྱད་པ་སྣ་ཚོགས་པ་འཇུག་པའི་གཞི་ནི། ལུགས་ཐུན་མོང་བ་འདི་ཁོ་ན་ཡིན་གྱི། ཐེག་ཆེན་ལུགས་ནི་མིན་ཏེ་བསམ་གྱིས་མི་ཁྱབ་པའི་སྤྱོད་ཡུལ་ཡིན་པས་ན། ཡུལ་དང་། དུས་དང་། མཛད་པ་རྣམས་ལ་འདི་ཁོ་ནའོ་ཞེས་ཚད་གཟུང་དཀའ་བའི་ཕྱིར་རོ། །དེའི་ཕྱིར་གཏམ་རྒྱུད་ཀྱི་སྦྱོར་བ་འཆད་པའི་ཚུལ་ལ། ཐེག་པ་ཐུན་མོང་གི་ལུགས་འདི་ངེས་པར་གནད་ཆེ་བར་ཤེས་སོ། །”ཞེས་ཇོ་ནང་ཏཱ་ར་ནཱ་ཐས་ང་ཚོར་ལོ་རྒྱུས་ཀྱི་མཐོང་ཚུལ་ཇི་ལྟར་འབྱེད་དགོས་པའི་བསླབ་བྱ་དམིགས་བསལ་བ་ཞིག་གདམས་ཡོད་པ་ལྟར་ཤེས་དགོས་སོ།།
ད་དུང་རྗེ་ཉིད་ཀྱིས་པདྨའི་རྣམ་ཐར་འཆད་པའི་སྐབས་(༣)“བོད་དུ་ཇི་ཙམ་བཞུགས་པ་ཡང་འགའ་ཞིག་ལས་ལོ་གསུམ། འགའ་ཞིག་ལས་ལོ་དྲུག གཞན་འགའ་ལས་ལོ་བཅུ་གཉིས། ཁ་ཅིག་བཅོ་བརྒྱད་ཅེས་སོགས་ཡོད་ལ། གཏེར་མ་རྣམས་ལས་ནི་ཉུང་བ་རྣམས་ལྔ་བཅུ་དང་། ཕལ་ཆེར་ལས་བརྒྱ་ལྷག་པར་འཆད་དོ། །དེ་ལ་དོན་གཞན་གདུལ་བྱ་སྣང་བ་དག་པ་རྣམས་ཀྱི་སྣང་ངོར་བསམས་ན་ནི་ད་ལྟར་ཡང་བཞུགས་ཤིང་། ཞིང་ཁམས་ཀུན་ཏུ་སྐུའི་སྣང་བ་ཅིག་ཅར་རྟག་ཏུ་སྟོན་པའང་ཡིན་པས། ཕྱོགས་གཅིག་ནས་ཚད་གང་ལྟར་བྱས་ཀྱང་རུང་མོད། འོན་ཀྱང་སྔ་ཕྱིའི་དུས་སྒྲིག་པ་སོགས་ལ་ནི་དེ་མི་རུང་སྟེ། འདི་ལ་ནི་དེ་སྐབས་ཀྱི་མིའི་འགྲོ་བ་ཕལ་པ་རྣམས་ཀྱི་སྤྱི་མཐུན་པའི་སྣང་ངོར་སྣང་དུ་རུང་བ་ཞིག་གི་སྟེང་ནས་འཇོག་དགོས་པའི་ཕྱིར་རོ། །”ཞེས་སློབ་དཔོན་ཆེན་པོ་བོད་ཡུལ་དུ་ལོ་གྲངས་ཅི་ཙམ་བཞུགས་པའི་སྐོར་ལ་གསུང་པའི་གནད་འདི་ལྟ་བུ་ཞིག་གདམ་ཀ་བྱེད་ཤེས་ཚེ། ད་གཟོད་མི་སྒེར་གྱི་དད་པའང་མི་ཉམས། མི་རིགས་སྤྱིའི་ལོ་རྒྱུས་ཀྱི་བདེན་པའི་ར་སྤྲོད་ལུགས་ཀྱང་རྣམ་དག་ཡིད་འོང་ཞིག་ཏུ་འགྲོ་སྲིད་པ་ལས། ཐ་ན། རྒྱལ་པོ་ཞིག་གིས་དམག་བརྒྱབ་པ་ཚུན་ཆད། ཡིད་ཆེས་དང་དག་སྣང་། ལྷ་ཡི་བྱ་བྱེད་སོགས་སུ་སྦྱོར་ཆེས་ན་ད་གཟོད་གཉིས་ཀ་ཉམས་པའི་རྒྱུ་རུ་འགྱུར་བར་ཐེ་ཚོམ་མེད་དོ། །
དེས་ན་ཆོས་ལུགས་ཀྱི་འདུ་ཤེས་ཆེས་ཆེར་ཟབ་པའི་བོད་མི་རིགས་ལྟ་བུའི་སྤྱི་ཚོགས་ལ་མཚོན་ན། གང་ཟག་སྒོས་ཀྱི་དག་སྣང་དང་། མི་སྤྱིེར་བཏང་བའི་བསམ་བློ་གཏོང་ལུགས་གཉིས་ལ་ཕྱོགས་སུ་མ་ལྷུང་བའི་ལམ་སྣེ་དགོས་པ་བརྗོད་དུ་མེད་པས། ལོ་རྒྱུས་ཀྱི་དཔྱད་ཐབས་འདི་ལྟ་བུ་ངེས་པར་མཁོ་ལ། དངོས་གཙོ་རིང་ལུགས་རྐྱང་བ་འཛིན་མཁན་ཚོས་སྔ་མའི་གསུང་དག་ལས་ལོ་རྒྱུས་ཀྱི་བདེན་པ་ཡོད་ཚད་དངོས་ཡོད་རྐྱང་བས་ཐག་གཅོད་པའི་གོ་བ་ལྟར་བླང་ཡང་མི་འགྲིག་པ་ཆེར་མི་སྣང་ངོ་།།
༼༢༽
ཁུངས་བཙུན་པའི་དཔྱད་ཐབས།
མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་ཏུན་ཧོང་ཡིག་ཆར་ཆ་འཇོག་དང་། གཙུག་ཆེན་བླ་ལྷག་ཏུ་མཛད་པ་ནས་བཟུང་། བོད་ཀྱི་མཁས་པ་ཚོར་ལོ་རྒྱུས་གང་དང་གང་ཤེས་པ་ལ་དེ་དག་དང་ཉེ་བའི་ཡིག་ཐོག་གི་ལོ་རྒྱུས་དང་། གནའ་ཤུལ། ངག་རྒྱུན། རིགས་དངོས་སོགས་ཀྱིས་ཞིབ་བསྡུར་བྱེད་དགོས་པའི་བསམ་བློ་ཞིག་རང་ཤུགས་ཀྱིས་བྱུང་ཡོད། འོན་ཏེ། ད་དུང་མི་རིགས་གཞན་པར་ལྟོས་ན། རང་རེར་དེ་ལྟ་བུའི་བསམ་བློའི་ཁ་ཅུང་ཟད་འབུས་པ་ཙམ་ལས། ལག་ལེན་གྱི་ཆ་ནས་རིག་དངོས་ཞིབ་འཇུག་དང་། ཡུལ་དངོས་རྟོག་དཔྱོད། ཚན་རིག་གི་བརྟགས་ཐབས་དང་། ཡོ་བྱད་སོགས་ཀྱིས་ཧ་ཅང་དབུལ་བ་ཡིན་ནོ། ། དེས་ན་དོན་དངོས་པོའི་ལོ་རྒྱུས་འཚོལ་གཉེར་མཁན་ཚོས་ངེས་པར་དུ་ཕྱོགས་དེ་ཀར་འཐུས་ཚང་དུ་གཏོང་བར་འབད་པ་དགོས།
འོ་ན་རང་རེ་བོད་ཀྱི་ཁས་པ་སྔ་མ་ཚོས་ལོ་རྒྱུས་འཚོལ་ཞིབ་ཀྱི་གོ་རིམ་ཁྲོད་དུ། སྔར་གྱི་དཔྱད་ཐབས་དེ་དག་གི་ཟུར་སྣེ་ཙམ་ཡང་མེད་པ་ཡིན་ནམ་ཞེ་ན། བརྗོད་པར་བྱ་སྟེ། ཇོ་ནང་ཏཱ་ར་ནཱ་ཐས་སློབ་དཔོོན་པདྨའི་རྣམ་ཐར་འཆད་པའི་སྐབས། བོད་དང་འབྲེལ་ཡོད་ཀྱི་ལོ་རྒྱུས་ཐམས་ཅད་རྦ་བཞེད། བླ་བཞེད། རྒྱལ་བཞེད། གསུམ་ལ་གཞི་བཅོལ་ནས་གཞན་པའི་ལོ་རྒྱུས་ཐམས་ཅད་ལས་ཀྱང་དེ་གསུམ་ལ་ཡིད་བརྟན་རུང་བའི་གདེང་འཇོག་བྱས་ཡོད།
དེའང་(༤)“རྦ་བཞེད་ན་བོད་ཡུལ་དབུས་སུ་ཟླ་བ་བཅོ་བརྒྱད་བཞུགས་བྱ་བ་དང་། རྦ་བཞེད་ཁ་སྐོང་ཅན་ན་བོད་ཡུལ་དུ་ཟླ་བ་བཅོ་བརྒྱད་བྱ་བ་དང་། བླ་བཞེད་ན་ཟླ་གྲངས་ཀྱི་གསལ་ཁ་མེད་ཅིང་། རྒྱལ་བཞེད་ཀྱི་དོན་བླངས་ཏེ་བྲིས་ཟེར་པའི་ཡིག་རྙིང་རྣམས་ན། བོད་ཡུལ་དབུས་ཀྱི་བྲག་དམར་དུ་ཟླ་བ་བཅོ་བརྒྱད་བཞུགས་བྱ་བ་ཡོད་པས། དུས་རིང་ཐུང་ལ་འདོད་ལུགས་ཕྲ་མོ་མ་གཏོགས་གཙོ་བོའི་དོན་ལ་མཐུན་ནོ། །འོན་ཀྱང་སྔགས་རྙིང་མའི་ལོ་རྒྱུས་ཡིག་རྙིང་ཁུངས་ཆེ་ཆེ་མང་པོར་ཡང་ཆོས་འཁོར་བསམ་ཡས་ཡོངས་སུ་རྫོགས་པའི་རབ་གནས་ཀྱང་མཛད་པར་བཤད་ཅིང་། མཁས་མཆོག་བུས་ཀྱང་དེ་དང་མཐུན་པར་བཀོད་དོ། །རྣམ་འཕྲུལ་བསམ་གྱིས་མི་ཁྱབ་པས་ན་དེ་ཡང་ཡིན་མོད། གདུལ་བྱ་ཇི་ཙམ་གྱི་སྣང་ངོ་ཡིན་ནི་མ་འཚལ་ལོ། །”ཞེས་བྱུང་ངོ་།
སྤྱིར་ཇོ་ནང་ཏཱ་ར་ནཱ་ཐ་ཁོང་ལ་མཚོན་ན་བུ་སྟོན་ཆེན་པོ་ནི། མཁས་པ་གཞན་སུ་བས་ཀྱང་། གལ་ཆེན་དུ་མཛད་པ་ཉིད་ཀྱི་གསུང་དག་ལས་དཔོག་ཐུབ་ཀྱང་། འདིར་གོང་གི་ལོ་རྒྱུས་དེ་གསུམ་ལ་ལྟོས་ན་བུ་སྟོན་ལའང་། བདེན་ཁ་དེ་ཙམ་མེད་པ་ལྟ་བུར་གསུངས་ཡོད། འདིས་ཅི་ཞིག་གསལ་བཤད་བྱས་ཡོད་ཞེ་ན། དོན་ངོ་མར་རྦ་བཞེད་ནི་བསྟན་པ་སྔ་དར་ནས་སྦ་གསལ་སྣང་གིས་བཞེད་པར་གྲགས་པས། བཙན་པོའི་དུས་སྐབས་ཀྱི་ཡིག་ཆ་གལ་ཆེན་དང་། སློབ་དཔོན་དང་དུས་སྐབས་གཅིག་མཚུངས་ལྟ་བུར་ཁེལ་ཡོད་པའི་ལོ་རྒྱུས་ཡིན་སྟབས། ཁོང་གིས་དེ་ལ་ཕྱིས་བྱུང་གི་ལོ་རྒྱུས་ཐམས་ཅད་ལས་ཀྱང་ཆེས་ཆེར་ལྷག་པའི་ཡིད་ཆེས་དང་དོ་སྣང་མཛད་པར་གསལ་ལ། རྗེ་ཏཱ་ར་ནཱ་ཐ་ཁོང་གི་དུས་སྐབས་ནི། སློབ་དཔོན་ལ་དག་སྣང་རྐྱང་བ་འཛིན་མཁན་ཚོས་རྦ་བཞེད་སོགསལ་ཁྱད་གསོད་མཛད་པའི་དུས་སྐབས་ཡིན་ཡང་། ཁོང་གིས་གཞན་པས་ཁ་ཟེར་བ་སོགས་ལ་མ་ལྟོས་པར། ཡིག་ཆ་གཞན་ལས་ཀྱང་ཆ་འཇོག་མཛད་པ་འདི་ལ་སྔར་བཤད་པ་ལྟར་གྱི་ལོ་རྒྱུས་ཀྱི་བལྟ་ཕྱོགས་དམིགས་བསལ་བ་ཞིག་ཚང་བ་ཡིན་ནོ། །
ལོ་རྒྱུས་དེ་གསུམ་ལ་དོ་སྣང་བྱས་པའི་སྐོར་གཞན་ཡང་།(༥)“དེས་ན་རྒྱལ་པོའི་བཀའ་ཆེམས་ཀྱི་ཡི་གེ་རྣམ་པ་གསུམ་ཡོད་པར་གྲགས་པའི་རྦ་བཞེད་དངོས་དང་། རྦ་བཞེད་ལ་སྔ་དར་གྱི་འཕྲོ་མཐུད་ཅིང་། དེ་ལའང་བཀའ་གདམས་ཕྱོགས་པ་ཞིག་གིས་ཁ་སྐོང་བྱས་པ་ཞིག་དང་། རྦ་བཞེད་རྣམས་མཐོང་ཞིང་། རྒྱལ་བཞེད་ཀྱི་དོན་བླངས་ནས་བཀོད་པའི་ལོ་རྒྱུས་ཀྱི་ཡིག་རྙིང་འགའ་རེ་ཡང་མཐོང་བ་ལས། རྒྱས་བསྡུས་ཕྲན་བུ་མ་གཏོགས་ཕལ་ཆེར་གཏམ་རྒྱུད་ངོ་བོ་གཅིག་པ་ཁོ་ནར་སྣང་ལ། མཁས་མཆོག་དམ་པ་ཀུན་གྱིས་ཀྱང་། དེ་གསུམ་ཡིད་ཆེས་ཀྱི་ཁུངས་སུ་མཛད་ཅིང་། དེའི་ནང་གི་སློབ་དཔོན་པདྨའི་ལོ་རྒྱུས་རྣམས་ནི་སྔ་འགྱུར་བཀའ་མ་པ་རྣམས་ཀྱི་ལོ་རྒྱུས་ཕལ་ཆེ་བ་དང་སྤྱི་འགྲོས་འགྲིག་པར་ཡང་སྣང་ངོ་། ། ཞེས་པ་ནས་འདིར་དེ་དག་གུང་སྤྲོས་ཏེ་བཤད་ན་ཤིན་ཏུ་ཡིད་ཆེས་པའི་གནས་སུ་འགྱུར་རོ། །”ཞེས་གསུངས་སོ། །
༼༣༽
ཡུལ་དུས་ཉེ་བའི་དཔྱད་ཐབས།
ལོ་རྒྱུས་ཀྱི་བདེན་དཔང་འཚོལ་ཞིབ་མཁན་ཞིག་ལ་མཚོན་ན་བརྗོད་བྱའི་གནད་ཧྲིལ་བོ་ཞིག གཞན་ལ་ཡང་དག་པར་སྟོན་པའི་སྐབས་ཅིས་ཀྱང་ངོམ་དུ་རེ་བའི་དངོས་ཡོད་ཀྱི་བདེན་དཔང་ཞིག་གིས་ར་སྤྲོད་དགོས་པ་སྨྲོས་མ་དགོས་ལ། དེ་ལྟ་བུའི་སྐབས་ཀུན་ཏུ། བདེན་དཔང་དེ་ཉིད་དོན་གྱི་ཆར་ཉེ་ཅི་ཐུབ་ལ་ཐོག་མཐའ་ཀུན་ཏུ་ཤུགས་རྒྱབ་དགོས་པ་ཡིན། དེའང་བོད་ཀྱི་སློབ་དཔོན་ཐོན་མི་ལྟ་བུའི་མི་གཅིག་གི་བྱུང་བ་སྔོགས་འདོན་བྱེད་དགོས་ཚེ། ངེས་པར་ཁོང་དང་བར་ཐག་ཉེ་བའི་ཡུལ་ལུང་དང་། འགྲོ་འདུག་སྤྱོད་ལམ་གྱི་གནས་སོགས་ལ་ཞིབ་བསྡུར་བྱེད་དགོས་པ་གལ་ཆེན་དུ་གཟུང་ན་ད་གཟོད་ཁོང་གི་ལོ་རྒྱུས་ཀྱི་བདེན་པའི་ངོ་བོ་དོན་དང་ཅེ་ཉེར་འགྲོ་ཐུབ་པ་བཞིན་ནོ། །
དེ་བས་ཇོ་ནང་ཏཱ་ར་ནཱ་ཐས་(༦)“གཅུང་དབྱིག་གཉེན་ནི། བོད་ན་འགའ་ཞིག འཕགས་པ་ཐོགས་མེད་ཀྱི་མཚེ་མའི་སྐུ་མཆེད་དུ་འདོད་པ་དང་། འགའ་ཞིག་ཆོས་ཀྱི་སྐུ་མཆེད་དུ་འདོད་པ་སྣང་ནའང་། འཕགས་ཡུལ་མཁས་པ་ལ་དེ་ལྟར་མ་གྲགས་ཏེ།”ཞེས་ཐོགས་མེད་དབྱིག་གཉེན་གཉིས་མཚེ་མ་དང་། ཆོས་ཀྱི་སྐུ་མཆེད་དུ་འདོད་པ་རྒྱ་གར་ལ་མ་གྲགས་ཞེས་དགག་པ་དང་།(༧) “ཀུ་མཱ་ར་ལཱི་ལ་ཞེས་པ་བསྒྱུར་མ་ཤེས་པའམ། ཡི་གེ་ནོར་བ་ལས་བསྒྱུར་བའི་སྐྱོན་ནོ། །ཆོས་ཀྱི་གྲགས་པའི་ཞང་པོ་ཡིན་ཟེར་ནའང་རྒྱ་གར་ན་ཡེ་མ་གྲགས།”ཞེས་པ་ཀུ་མཱ་ར་ལཱི་ལ་ཞེས་པ་རྒྱ་གར་ན་ཆོས་ཀྱི་གྲགས་པའི་ཞིང་བོ་ཡིན་པར་མ་གྲགས་པ་དང་ (༨)“དཔལ་ལྡན་འབྲས་སྤུངས་སུ་སྔགས་ཀྱི་ཐེག་པ་གསུངས་པའི་གནས་ལ་ཡང་། མཁས་པ་རྣམས་ལ་ཡོངས་སུ་གྲགས་པ་ལས་ཕྱིར་ལྡོག་སྟེ། བོད་རྒན་པོ་འགའ་ཞིག་གི་ཟིན་བྲིས་བརྡ་ཆད་ཙམ་གྱི་སྒོ་ནས་ཀྱང་འཕགས་ཡུལ་ལ་མ་གྲགས་ཤིང་། བོད་པའི་བླུན་བཟོར་གོ་ནུས་པའི་གནས་ཀྱི་མིང་ཚུན་ཆད་ཀྱང་ཆོས་བཟང་སྤྲིན་གྱི་ཡང་རྫོང་ཞེས་པ་ཡོད་པའི་ཁུངས་མེད་རྣམས་ལ་ཕྱོགས་འཛིན་གྱི་དབང་གིས་ངོ་སོར་བྱེད་པ་དེ་དག་ནི་བླུན་པོས་བླུན་པོའི་ཚོགས་པ་མགོ་བསྐོར་བ་ཡིན་པའི་ཕྱིར། ཤེས་ལྡན་རྣམས་ཀྱི་གཏམ་དུ་བྱ་བ་ཡང་མ་ཡིན་ནོ། །”ཞེས་གསུངས་པ་སོགས་ཀྱིས་མཚོན་འཕགས་ཡུལ་དང་། རྒྱ་གར་ན་ཡེ་མ་གྲགས་ཞེས་པ་འདི་ཁོང་ཉིད་ཀྱི་ལོ་རྒྱུས་བསྟན་བཅོས་དག་གི་ཁྲོད་ན་ལན་གྲངས་དུ་མར་གསུངས་ཡོད་དོ། །
འདི་ནི་གཏམ་གྱི་བདེན་པ་ཡོད་ཚད་འཕགས་ཡུལ་ནས་བཤད་ངེས་སྙམ་པའི་རྨོངས་དད་ཀྱི་ལམ་ལུགས་སྐྱོང་བ་མ་ཡིན་པར། དོན་ངོ་མར་འཕགས་ཡུལ་གྱི་གང་ཟག་གི་བྱུང་བ་ནི། འཕགས་ཡུལ་དང་འབྲེལ་བ་དམ་ཟབ་ཡོད་པས། མ་གྲགས་ཞེས་པ་འདི་སྔར་བཤད་པ་ལྟར་ལོ་རྒྱུས་ཀྱི་བདེན་དཔང་འཚོལ་ཚུལ་ཞིག་ལ་ངོ་འཛིན་ཆོག་པ་ཡིན། འགའ་ཞིག་འཕགས་ཡུལ་བ་རྣམས་ལོ་རྒྱུས་ལ་དོ་སྣང་མེད་པས། དེ་མཐའ་གཅིག་ཏུ་མ་ངེས་པར་རློམ་སྲིད་ཀྱང་། སྤྱི་ཁྱོན་ནས་ཡུལ་ལུང་གཅིག་གི་མིའི་བྱུང་བ་དང་འདས་དོན་དཔོག་པའི་སྐབས། ཐ་ན་ཡུལ་ལུང་དེའི་ངག་རྒྱུན་ཚུན་ཆད་ལ་ཡུལ་དུས་ཀྱིས་ཁད་རིང་བའི་ལོ་རྒྱུས་གཞན་དང་བསྡུར་ཐབས་མེད་པའི་ནུས་པ་ཡོད་པའི་སྐབས་ཀྱང་སྣང་བས་དེའི་རིགས་ལ་བླང་བྱ་བཏོན་པ་ཡིན་ནོ།།
གཞན་དུ་གུ་རུ་རིན་པོ་ཆེའི་རྣམ་ཐར་འཆད་པའི་སྐབས།(༩) “དེ་ཡང་འགྲོ་ལྡིང་བཏུལ་བའི་སྔ་ཕྱི་གང་ཡིན་མི་གསལ་ཞིང་། བོད་པ་རྣམས་བོད་ཡུལ་ནས་སྲིན་པོའི་གླིང་ལ་བྱོན་པར་འདོད་པ་དང་། འགྲོ་ལྡིང་བ་རྣམས་ནི་འགྲོ་ལྡིང་ནས་དེར་བྱོན་པར་འདོད་དོ། །སྐུའི་བཀོད་པ་གཉིས་ཅིག་ཅར་བསྟན་པར་བྱས་ཀྱང་མི་འགལ་མོད། འགྲོ་ལྡིང་དུ་བྱུང་བའི་སློབ་མ་དང་ཡང་སློབ་འགའ་ཞིག་གིས་འགྲོ་དོན་མཛད་པའི་དུས་དང་བསྟུན་ན་བོད་དུ་བྱོན་པའི་རྗེས་སུ་འགྲོ་ལྡིང་དུ་བྱོན་པར་མངོན་ནོ། །”ཞེས་པའང་སྔར་བཤད་པ་རྣམས་དང་འདྲ་བ་སྟེ། ཡུལ་དུས་བརྟགས་ཐབས་སོགས་བརྟེན་ཡོད། འོན་ཏེ། ད་ལྟ་རང་རེ་རྣམས་ཀྱི་ཁོང་གི་གསུང་འདི་དག་ལ་བརྟེན་ནས་ལག་ལེན་དང་ཐབས་ཤེས་ཀྱི་སྒོ་ཇེ་ཡངས་སུ་བཏང་སྟེ། ཡུལ་ངོས་རྟོག་ཞིབ་དང་། རིག་དངོས་ཚན་རྟོག་སོགས་སྔར་བའི་གཏིང་ཇེ་ཟབ་དང་། རྒྱ་ཁྱོན་ཇེ་ཡངས་སུ་གཏོང་དགོས་བའི་བསམ་བློ་དང་འདུ་ཤེས་སླེབ་དགོས་པ་ལས། ཁོང་གི་གསུང་ཟུར་རེའི་ཁྱད་ཆོས་ཙམ་མཐོང་བས་མི་ཕན་ནོ། །
༼༤༽
མཉམ་འདྲེས་ཀྱི་དཔྱད་ཐབས།
ལོ་རྒྱུས་རིག་གཞུང་མཉམ་ཞིབ་པ་ཞིག་ལ་མཚོན་ན་བརྗོད་བྱ་སྣ་འདུས་ཀྱི་རང་བཞིན་ལ་ཁ་ཕྱོགས་པའི་སྐབས། སྔ་ཕྱིའི་ལོ་རྒྱུས་ཀྱི་གུང་བསྒྲིགས་པ་དང་། དུས་མཚུངས་བསྒྲིགས་པ། དེ་བཞིན་སྔ་མ་ཕྱི་མ་གསལ་བྱེད་དང་། ཕྱི་མ་སྔ་མ་གསལ་བྱེད་དུ་འགྲོ་བ་སོགས་ཀྱི་ཐབས་ཤེས་བརྟེན་ཏེ། ལོ་རྒྱུས་ཀྱི་བརྗོད་དོན་ཧྲིལ་པོ་ཞིག་སྔོགས་འདོན་བྱེད་དགོས་པ་ལས། གང་ཟག་གཅིག་གི་བྱུང་བ་ཆིག་རྐྱང་བ་ལྟ་བུར་གོམས་འདྲེས་བྱས་ན། བརྗོད་བྱ་ཡོངས་རྫོགས་ཀྱི་གནད་དོན་ཡང་དག་པར་འབྱེད་མི་ཐུབ་མོད། རང་རེ་བོད་ཀྱི་མཁས་པ་སྔ་མ་ཚོའི་ལོ་རྒྱུས་ཆོས་འབྱུང་དག་གི་ཁྲོད་ན་དེ་ལྟ་བུའི་སྐྱོན་མཚང་ཤིན་ཏུ་མང་ངོ་།།
ཇོ་ནང་ཏཱ་ར་ནཱ་ཐས་(༡༠)“དེའི་ཚེ་ཤར་ཕྱོགས་སུ་སློབ་དཔོན་བློ་གྲོས་བརྟན་པ་དང་། ཕྱོགས་ཀྱི་གླང་པོས་འགྲོ་དོན་མཛད། ནུབ་ཕྱོགས་སུ་འཕགས་པ་ཐོགས་མེད་ཀྱི་སློབ་མ་སངས་རྒྱས་འབངས་ཀྱི་སྐུ་ཚེའི་སྨད་ཀྱི་འགྲོ་དོན་དང་། ཡོན་ཏན་འོད་ཀྱི་འགྲོ་དོན་དར་བའི་དུས་སོ། ། ཁ་ཆེའི་ཡུལ་དུ་བཙུན་པ་དགེ་འདུན་འབངས་ཀྱིས་འགྲོ་བའི་དོན་ཆེར་མཛད། སློབ་དཔོན་ཆོས་འབངས་ཡུལ་ཐམས་ཅད་དུ་གཤེགས་ཤིང་ཆོས་སྟོན་པ་ཞིག་བྱུང་ལ། ལྷོ་ཕྱོགས་ཀྱི་རྒྱུད་དུ་སློབ་དཔོན་སངས་རྒྱས་བསྐྱངས་བྱོན། ལེགས་ལྡན་དང་། རྣམ་གྲོལ་སྡེ་གཉིས་ཀྱི་སྐུ་ཚེའི་སྟོད་ཀྱི་དུས་ཙམ་ཡིན།”ཞེས་དང་།(༡༡) “འདི་སྐབས་ལེགས་ལྡན་དང་། འཕགས་པ་གྲོལ་སྡེའི་སྐུ་ཚེའི་སྨད་ཀྱི་དུས་ཡིན། སློབ་དཔོན་ཉི་མ་སྦས་པ་དང་། གྲོལ་སྡེའི་སློབ་མ་མཆོག་སྡེ་དང་། སངས་རྒྱས་བསྐྱངས་ཀྱི་སློབ་མ་ཀ་མ་ལ་བུདྡྷིའི་སྐུ་ཚེའི་སྨད་དང་། ཡོན་ཏན་འོད་ཀྱི་སློབ་མ་འཕགས་པ་ཟླ་བའི་ནོར་བུ་དང་། ན་ལེནྡྲའི་མཁན་པོ་རྒྱལ་བའི་ལྷ་རྣམས་དུས་མཚུངས་སུ་བྱུང་ཞིང་། ལྷོ་ཕྱོགས་སུ་སློབ་དཔོན་ཟླ་བ་གྲགས་པའང་བྱོན། སློབ་དཔོན་ཆོས་སྐྱོང་དང་། སློབ་དཔོན་ཞི་བ་ལྷ་དང་། གྲུབ་ཐོབ་བི་རཱུ་པའི་སྐུ་ཚེའི་སྟོད་ཀྱི་དུས་ཙམ་མོ། །འཕགས་པ་ས་ག་ལྷ་ཡང་འདི་དུས་བྱུང་བར་མངོན་ཏེ། མེ་ཏོག་ཕྲེང་བརྒྱུད་ལོ་ཙཱ་བ་སྙེལ་ཙོར་ཤེས་རབ་གྲགས་ཀྱིས་བསྒྱུར་བ་ན། འཕགས་པ་དགེ་འདུན་འབངས་ཀྱི་སློབ་མ་འཕགས་པ་ས་ག་ལྷས་མཛད་པ་ཞེས་འབྱུང་བས་སོ། །”ཞེས་གསུངས་པ་ལྟ་བུ་སྟེ། ཁོང་གི་གསུང་དག་ན་དུས་མཉམ་པ་དང་མི་མཉམ་པའི་ལོ་རྒྱུས་ཀྱི་གོང་བསྒྲིགས་པའི་གསུང་ཟུར་ལན་གྲངས་དུ་མར་བྱུང་ཡོད་ལ། བོད་ཀྱི་མཁས་པ་གཞན་དག་གི་ཁྲོད་ནའང་དཔྱད་ཐབས་འདི་ལྟ་བུ་བརྟེན་པ་མང་ངོ་།།
དེ་ལྟ་བུའི་ལོ་རྒྱུས་ཀྱི་དུས་མཚུངས་བསྒྲིགས་ཚུལ་སོགས་ལོ་རྒྱུས་ཀྱི་དཔྱད་ཐབས་གལ་ཆེན་དག་ངེས་པར་དུ་བེད་སྤྱད་ཐུབ་དགོས་པས། ཁོང་དག་གི་གཞུང་ལ་བལྟས་པ་ཙམ་གྱིས་མི་ཆོག་པར་ལག་ལེན་དུ་བྱེད་ཐུབ་པ་ནི། ལོ་རྒྱུས་པའི་ཉམས་ལེན་གལ་ཆེན་དུ་མཐོང་ངོ་། །
༼༥༽
ཆ་སྙོམས་པའི་དཔྱད་ཐབས།
ཡང་སྔར་བཤད་པ་ལྟར་ལོ་རྒྱུས་ཐམས་ཅད་ཡོངས་གྲགས་དང་ཐུན་མོང་གི་གོ་ཐོས་ལྟར་འཇོག་དགོས་པ་བརྗོད་དུ་མེད་ཀྱང་། སྐབས་འགའ་ཞིག་ཏུ་ནི། ཐུན་མོང་གི་ཤོད་ཚུལ་ལ་ཡང་ནོར་བ་ཡོད་པ་དང་། བསམ་བློ་མ་སྨིན་པའམ་རྨོངས་དད་ཤུགས་ཆེ་བའི་སྤྱི་ཚོགས་ཀྱི་ཁོར་ཡུག་འགའ་ཞིག་ཏུ་དོན་དངོས་པོའི་བདེན་པ་ཅི་ཡིན་ལ་མི་བལྟ་བར། སྤྱི་ཚོགས་དེའི་མི་རྣམས་ཀྱིས་གང་ཟག་བཟང་པོ་ཞིག་གིས་བཤད་པ་རྒྱུ་མཚན་དང་། སྔར་གྲགས་པ་སོགས་རྒྱུ་མཚན་དུ་བྱས་ནས་དོན་གྱི་གནས་ཚུལ་དང་མི་མཐུན་པར་འཛིན་མཁན་ཤིན་ཏུ་མང་བས།
སྐབས་དེ་དག་ཏུ་(༡༢)“འཇིག་རྟེན་གྲགས་རྗེས་འབྲངས་དང་ཕྲ་མ་སྔ་བཙན་ཅན། །དེ་རྣམས་ཚུལ་འདི་མོས་སྙམ་བདག་ལ་རེ་བའང་མེད། བདག་དང་བདག་ཚིག་རྗེས་འབྲང་རྣམས་ཀྱི་དད་པའི་རྐྱེན། །དཔྱོད་ལྡན་རྣམས་ཀྱི་ཡིད་དང་རྣ་བའི་བདུད་རྩི་ཡིན།།”ཞེས་དང་། (༡༣)“བོད་འདིར་ནི་དག་རུང་མི་དག་རུང་གཏམ་གང་ཡང་རུང་བ་གྲགས་ཆེན་པོས་སྐྱེ་བོ་ཀུན་ལ་ཡོངས་སུ་ཁྱབ་པ་ཞིག་ཡོད་ན་ཤིན་ཏུ་བདེན་པའི་དོན་ཅན་གཞན་ཞིག་སྨྲས་ཀྱང་རྣ་བར་མི་འོང་ཞིང་། ཡིད་ལ་མི་བདེ་བ་ཞིག་སྣང་ནའང་། འདིར་དངོས་གནས་སུ་བརྗོད་ན།”ཞེས་གསུངས་པ་ལྟར་གྱི་ལོ་རྒྱུས་ཀྱི་རྩ་དོན་ངེས་པར་འཛིན་དགོས་པ་དང་། ཐུན་མོང་གི་གོ་ཐོས་ལྟར་འཇོག་པ་འདིའང་ཚད་གཞི་དབུ་མའི་ལམ་ཞིག་གི་སྟེང་ནས་འགྲོ་དགོས་པའི་གདམ་ཀ་གནང་ཡོད་དོ། །
༼༦༽
གྲུབ་དོན་གསར་བའི་དཔྱད་ཐབས།
དོན་ངོ་མར་ལོ་རྒྱུས་ཀྱི་གྲུབ་དོན་ནི། ལོ་རྒྱུས་ཀྱི་མཇུག་འབྲས་ཤིག་ཏུ་ངོས་འཛིན་དགོས་པ་ལས། དཔྱད་ཐབས་ཀྱི་གྲས་སུ་མི་གཏོགས་མོད། རིག་གཞུང་གང་དང་གང་ལ་ཉམས་ཞིབ་བྱེད་པའི་སྐབས། ཐོག་མར་གྲུབ་དོན་གསར་རྙེད་ཡོད་པའི་རེ་བཞག་དང་། བར་དུ་གྲུབ་དོན་གསར་བ་རྙེད་པའི་ཐབས་ཤེས། ཐ་མར་གྲུབ་དོན་གསར་བ་སྟོན་པའི་མཇུག་འབྲས་སོགས་གལ་ཆེན་ཡིན་པ་ངེས་དགོས་ཤིང་། རིག་གཞུང་ཉམས་ཞིབ་པ་ཞིག་ལ་མཚོན་ན། གྲུབ་དོན་གསར་བ་འཇོག་དགོས་པ་ནི། ཐོག་མཐའ་བར་གསུམ་གྱི་རེ་བཞག་གཙོ་བོ་ལྟ་བུ་ཡིན་པས། ཅུང་ཟད་བརྗོད་པར་བྱའོ། །
གྲུབ་དོན་གསར་བ་འཇོག་དགོས་པའི་མཇུག་འབྲས་གཙོ་བོ་ནི། རང་ཉིད་མཁས་པའི་གྲལ་དུ་བསྙེག་རྒྱུ་གཙོ་བོ་མ་ཡིན་པར། ལོ་རྒྱུས་དང་། རིག་གཞུང་གི་བདེན་ཁ་ཇེ་གསལ་དུ་གཏོང་བ་དང་། རིག་གཞུང་གི་ནུས་པ་སྒོ་ཀུན་ནས་ཕྱིར་གཏོང་བྱེད་པའི་ཐབས་ལམ་ཞིག་ཏུ་ངོས་འཛིན་དགོས་སོ། །
འོ་ན་ཇོ་ནང་ཏཱ་ར་ནཱ་ཐའི་གྲུབ་དོན་གསར་བའི་ལོ་རྒྱུས་ཀྱི་དཔེ་མཚོན་གང་ཞེ་ན། སྤྱིར་སྔར་བཤད་པའི་དཔྱད་ཐབས་དང་པོ་ལྟ་བུ་བོད་འདིར་ཐོག་དང་པོ་ཁོང་གཅིག་པུས་བསླང་བ་ཡིན་ཟེར་ཆོག་པ་ལྟ་བུར་ཡོད། དེས་ན་དོན་ངོ་མར་བོད་པའི་དངོས་ཡོད་ལོ་རྒྱུས་སམ་དངོས་གཙོ་རང་ལུགས་ཀྱི་ལོ་རྒྱུས་ཀྱི་ལྟ་བ་ཐོག་མར་གསར་བཏོད་མཁན་ཡང་ཇོ་ནང་ཏཱ་ར་ནཱ་ཐ་བཞག་ཆོག་པ་ལྟར་སྣང་སྟེ། དེའི་སྐོར་རྒྱས་པ་ཞིག་གཞན་དུ་འབྲི་བར་འདོད་དོ། །
འདིར་ནི་ལོ་རྒྱུས་དངོས་དང་འབྲེལ་བའི་མཚོན་བྱེད་གཅིག་ཞུ་ན།
(༡༤)“དེ་བས་ན་བྲམ་ཟེ་ཆེན་པོ་དང་། ཀླུ་སྒྲུབ་ཡབ་སྲས་སོགས་ཀྱིས་མཛད་པའི་བླ་མེད་ཀྱི་བསྟན་བཅོས་ཡོད་པ་འདི་ཀུན་ལས་གཞན་པའི་སྔགས་བླ་མེད་ཀྱི་དགོངས་འགྲེལ་ཡང་འདི་ཡན་ཆད་དུ་ཆེར་མེད་པར་གྲགས་ཤིང་། བསྟན་བཅོས་དེ་དག་ཀྱང་། དབུ་མ་རིག་ཚོགས་ལ་སོགས་པའི་གཞུང་བཞིན་དུ་ཡོངས་ཁྱབ་ཏུ་གྲགས་པ་ནི་མ་ཡིན་ཏེ། ཀླུའི་བྱང་ཆུབ་རིག་པ་འཛིན་པའི་གནས་བརྙེས་པ་དེ་ཁོ་ན་ལ་གཏད་པས། ཕྱིས་རྒྱལ་པོ་དེ་ཝ་པཱ་ལ་ཡབ་སྲས་ཀྱི་དུས་སུ་དར་བར་གྱུར་པ་ཡིན་ཏེ། དེའི་ཕྱིར་འཕགས་སྐོར་དང་སངས་རྒྱས་ཐོད་པའི་སྐོར་སོགས་ལ་རྒྱུད་ཐག་ཉེ་མོར་འབྱུང་བའི་རྒྱུ་མཚན་ཡང་དེ་ཡིན་ནོ། །དཔེར་ན་བོད་དུ་ཡང་དག་སྣང་གི་ཆོས་དང་། གཏེར་ཆོས་རྫུན་གསོབ་མེད་པ་རྣམས་དང་འདྲའོ། ། དུས་འདི་ཙམ་ནས་བཟུང་ནས་བྱ་སྤྱོད་ཀྱི་སྔགས་རྒྱུད་རྣམས་ལོ་ཉིས་བརྒྱ་ཙམ་གྱི་བར་དུ་ཤིན་ཏུ་དར་ཞིང་མངོན་མཚན་དུ་སྤྱོད་པ་བྱུང་ལ། རྣལ་འབྱོར་དང་། རྣལ་འབྱོར་བླ་ན་མེད་པའི་རྒྱུད་རྣམས་ནི་དངོས་གྲུབ་མ་ཐོབ་ཀྱི་བར་དུ་མངོན་མཚན་དུ་སྤྱོད་པ་མེད་ཀྱང་། སྔོན་ལས་ཆེས་དར་བར་གྱུར་ཞིང་། དགོངས་འགྲེལ་གྱི་བསྟན་བཅོས་ཀྱང་ཅི་རིགས་པ་མཛད་པར་བྱུང་ལ། གྲུབ་ཐོབ་གྲགས་ཆེ་བ་རྣམས་ཀྱང་བྱོན་ཏེ། སྐབས་དེར་སློབ་དཔོན་རྟ་མཆོག་དང་། སློབ་དཔོན་ཆེན་པོ་ལཱུ་ཡི་པ་དང་། གྲུབ་ཐོབ་ཙརྤ་ཊི་པ་རྣམས་ཀྱང་བྱུང་སྟེ་དེ་དག་གི་ལོ་རྒྱུས་གཞན་དུ་གསལ།”ཞེས་ནང་པའི་གསང་སྔགས་དར་ཚུལ་དེ། དེང་རབས་ཀྱི་ཞིབ་འཇུག་གི་འགྲོས་དང་མཐུན་པ་ལྟ་བུའི་གསུང་ཟུར་བྱུང་ཡོད། སྔོན་དུ་ནི། ཀླུ་སྒྲུབ་ཀྱིས་གསང་སྔགས་གསུངས་བ་ཟེར་བ་ཐམས་ཅད་ཀྱིས་ཡོངས་གྲགས་སུ་གསུངས་པ་ལྟ་བུ་ལས། རྗེས་སུ་དར་བའི་རྒྱུ་མཚན་དང་དར་ལུགས་འདི་ལྟར་གསུངས་པ་གཅིག་ཀྱང་མེད་དོ། །
མཇུག་སྡོམ།
འདི་དག་ཇོ་ནང་ཏཱ་ར་ནཱ་ཐའི་རིག་གཞུང་འགའ་རེར་རྒྱུས་ལོན་རགས་རིམ་ཙམ་བྱས་པའི་ཟིན་ཐོ་ཡིན། དེས་ན་ཁོང་གི་དཔྱད་ཐབས་འདི་དག་དོན་ལ་གནས་པར་འདོད་མཁན་ཚོས། རང་རང་གིས་རིག་གཞུང་ཉམས་ཞིབ་བྱེད་པའི་སྐབས་སུ་ལན་ལེན་བྱེད་ཐུབ་པ་གལ་ཆེ་བར་མཐོང་ངོ་། །
ལུང་ཁུངས་དང་མཆན།
༼ ༡ ༽
ཚན་དགར་བའི་དཔྱད་ཐབས།
(༡) བཅོམ་ལྡན་འདས་ཐུབ་པའི་དབང་པོའི་མཛད་པ་མདོ་ཙམ་བརྗོད་པ་མཐོང་བས་དོན་ལྡན་རབ་ཏུ་དགའ་བ་དང་བཅས་པས་དད་པའི་ཉིན་བྱེད་ཕྱོགས་བརྒྱར་འཆར་བ།
(༢) བཅོམ་ལྡན་འདས་ཐུབ་པའི་དབང་པོའི་མཛད་པ་མདོ་ཙམ་བརྗོད་པ་མཐོང་བས་དོན་ལྡན་རབ་ཏུ་དགའ་བ་དང་བཅས་པས་དད་པའི་ཉིན་བྱེད་ཕྱོགས་བརྒྱར་འཆར་བ།
(༣) སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱི་རྣམ་པར་ཐར་པ་གསལ་བར་བྱེད་པའི་ཡི་གེ་ཡིད་ཆེས་གསུམ་ལྡན།
༼ ༢ ༽
ཁུངས་བཙུན་པའི་དཔྱད་ཐབས།
(༤) སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱི་རྣམ་པར་ཐར་པ་གསལ་བར་བྱེད་པའི་ཡི་གེ་ཡིད་ཆེས་གསུམ་ལྡན།
མཆན། རྦ་བཞེད། བླ་བཞེད། རྒྱལ་བཞེད་གསུམ་ཡོད་པ་ལས། རྦ་བཞེད་ཀྱི་ཕྱི་མོ་དེང་སང་བར་དུ་བཞུགས། རྦ་བཞེད་ལ་ཞབས་བཏགས་མ་སོགས་རྗེས་ནས་མཆན་བཏབ་པ་འགའ་རེ་ཡང་སྣང་། བླ་བཞེད་དང་རྒྱལ་བཞེད་གཉིས་ཀྱི་དཔེ་རྒྱུན་ཆད་པ་ལྟ་བུར་གྱུར་ཡོད། བོད་ཀྱི་དེང་རབས་དཔྱད་རྩོམ་པ་འགའ་རེས། རྦ་བཞེད་ཀྱི་ཚིག་གི་སྦྱོར་བ་རྣམས་དུས་རབས་བརྒྱད་པའི་དུས་སྐབས་ཀྱི་ཚིག་གི་སྡེབ་སྦྱོར་དང་མི་མཐུན་པས། རྗེས་ནས་བྱུང་བར་བཤད་ཀྱང་། དེའི་ཕྱིས་ཏུན་ཧོང་ནས་རྦ་བཞེད་ཀྱི་ཤོག་སླེ་གཅིག་བྱུང་བས། འཁྲུལ་བ་དེ་གཞི་ནས་སངས་བར་བྱས་སོ། །
(༥) སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱི་རྣམ་པར་ཐར་པ་གསལ་བར་བྱེད་པའི་ཡི་གེ་ཡིད་ཆེས་གསུམ་ལྡན།
༼༣༽
ཡུལ་དུས་ཉེ་བའི་དཔྱད་ཐབས།
(༦) དམ་པའི་ཆོས་རིན་པོ་ཆེ་འཕགས་པའི་ཡུལ་དུ་ཇི་ལྟར་དར་བའི་ཚུལ་གསལ་བར་སྟོན་པ་དགོས་འདོད་ཀུན་འབྱུང་།
(༧) དམ་པའི་ཆོས་རིན་པོ་ཆེ་འཕགས་པའི་ཡུལ་དུ་ཇི་ལྟར་དར་བའི་ཚུལ་གསལ་བར་སྟོན་པ་དགོས་འདོད་ཀུན་འབྱུང་།
(༨) དམ་པའི་ཆོས་རིན་པོ་ཆེ་འཕགས་པའི་ཡུལ་དུ་ཇི་ལྟར་དར་བའི་ཚུལ་གསལ་བར་སྟོན་པ་དགོས་འདོད་ཀུན་འབྱུང་།
(༩) དམ་པའི་ཆོས་རིན་པོ་ཆེ་འཕགས་པའི་ཡུལ་དུ་ཇི་ལྟར་དར་བའི་ཚུལ་གསལ་བར་སྟོན་པ་དགོས་འདོད་ཀུན་འབྱུང་།
༼༤༽
མཉམ་འདྲེས་ཀྱི་དཔྱད་ཐབས།
(༡༠) དམ་པའི་ཆོས་རིན་པོ་ཆེ་འཕགས་པའི་ཡུལ་དུ་ཇི་ལྟར་དར་བའི་ཚུལ་གསལ་བར་སྟོན་པ་དགོས་འདོད་ཀུན་འབྱུང་།
(༡༡) དམ་པའི་ཆོས་རིན་པོ་ཆེ་འཕགས་པའི་ཡུལ་དུ་ཇི་ལྟར་དར་བའི་ཚུལ་གསལ་བར་སྟོན་པ་དགོས་འདོད་ཀུན་འབྱུང་།
༼༥༽
ཆ་སྙོམས་པའི་དཔྱད་ཐབས།
(༡༢) སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱི་རྣམ་པར་ཐར་པ་གསལ་བར་བྱེད་པའི་ཡི་གེ་ཡིད་ཆེས་གསུམ་ལྡན།
(༡༣) དམ་པའི་ཆོས་རིན་པོ་ཆེ་འཕགས་པའི་ཡུལ་དུ་ཇི་ལྟར་དར་བའི་ཚུལ་གསལ་བར་སྟོན་པ་དགོས་འདོད་ཀུན་འབྱུང་།
༼༦༽
གྲུབ་དོན་གསར་བའི་དཔྱད་ཐབས།
(༡༤) དམ་པའི་ཆོས་རིན་པོ་ཆེ་འཕགས་པའི་ཡུལ་དུ་ཇི་ལྟར་དར་བའི་ཚུལ་གསལ་བར་སྟོན་པ་དགོས་འདོད་ཀུན་འབྱུང་།
ནང་དོན་ཡོངས་ཁུངས། ཇོ་ནང་ཏཱ་ར་ནཱ་ཐའི་རིག་གཞུང་སྟེགས་བུ།