རྫི་བོ་ལྟ་བུའི་སེམས་བསྐྱེད་ལ་དཔྱད་པ།

རྫི་བོ་ལྟ་བུའི་སེམས་བསྐྱེད་ལ་དཔྱད་པ།

(ཆོས་རྭའི་སྐབས་ལ་ཆོས་གྲོགས་རྣམས་དང་ལྷན་དུ་རྩོད་པ་རྩོད་དུས། འགའ་ཞིག་གིས་རྫི་བོ་ལྟ་བུའི་སེམས་བསྐྱེད་མཐའ་གཅིག་ཏུ་སེམས་བསྐྱེད་མ་ཡིན་པར་སྨྲ་ཞིང་། ཕལ་ཆེ་བ་ཡང་དེ་སེམས་བསྐྱེད་ཡིན་པར་སྨྲ་བ་ལ་འཛེམ་དོགས་བྱེད་པ་མཐོང་བས། རང་གི་སེམས་ལ་འཆར་བའི་”དགག་བཞག་”གི་རྣམ་བཞག་འགའ་ཡོད་པ་རྣམས་ཟིན་བྲིས་སམ་དཔྱད་བརྗོད་ཀྱི་ཚུལ་དུ་བྲིས་པ་ཡིན།)

རྗེ་བཙུན་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ།།

དེ་ལ་རྫི་བོ་ལྟ་བུའི་སེམས་བསྐྱེད་ལ་དཔྱད་པ་ལ། རྫི་བོ་ལྟ་བུའི་སེམས་བསྐྱེད་ཀྱི་ངོས་འཛིན་དང་། དེ་སེམས་བསྐྱེད་དུ་སྒྲུབ་པ། སེམས་བསྐྱེད་མ་ཡིན་ན་ཧ་ཅང་ཐལ་བ་བཅས་གསུམ་མོ། །

༡) རྫི་བོ་ལྟ་བུའི་སེམས་བསྐྱེད་ངོས་འཛིན།

དེ་ཡང་རྫི་བོ་ལྟ་བུའི་སེམས་བསྐྱེད་ཅེས་པ་གང་འདྲ་ཞིག་ལ་ཟེར་ཞེ་ན། སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ས་ལ་མ་བཀོད་ཀྱི་བར་དུ།སེམས་ཅན་ཁོ་ན་སྒྲོལ་བའི་ཕྱིར་བདག་ཉིད་འཁོར་བ་ན་གནས་པར་བྱ་ཡི། འཚང་རྒྱ་བར་མ་གྱུར་ཅིག་ཅེས་སྨོན་པ་སྟེ། རྗེ་བཙུན་ཏཱ་ར་ནཱ་ཐའི་བཟང་སྤྱོད་སྨོན་ལམ་གྱི་འགྲེལ་བ་ལས། ༣༠༥ གཉིས་པ་ནི། སེམས་ཅན་གཅིག་ཀྱང་མ་ལུས་པར། སངས་རྒྱས་ཀྱི་ས་ལ་མ་བཞག་གི་བར་དུ། སེམས་ཅན་ཁོ་ན་སྒྲོལ་བའི་ཕྱིར། བདག་ཉིད་འཁོར་བ་ན་གནས་པར་བྱ་ཡི། འཚང་རྒྱ་བར་མ་གྱུར་ཅིག་ཅེས་སྨོན་ལམ་འདེབས་པ་ནི། བཟང་པོ་སྤྱོད་པ་སྟེ་རྫི་བོ་ལྟ་བུའི་སེམས་བསྐྱེད་དང་ལྡན་པའི་བྱང་ཆུབ་སེམས་དཔའ་འོ། །ཞེས་དང་། ཕར་ཕྱིན་ཉ་ཊཱིཀ་ལས། ༡༨༦ སྔོན་ལ་སེམས་ཅན་སངས་རྒྱས་ལ་བཀོད་ནས་གདོད་རང་འཚང་རྒྱ་བ་ཕྱུགས་རྫི་ལྟ་བུའི་སེམས་བསྐྱེད་ཀྱང་ཡོད་དེ། འཇམ་དཔལ་ལྟ་བུའོ། །ཞེས་དང་། འཇམ་དཔལ་ཞིང་བཀོད་ལས། བདག་ནི་བྱང་ཆུབ་རིངས་ཚུལ་དུ། །
འཚང་རྒྱར་མོས་ཤིང་སྤྲོ་བ་མེད། །སེམས་ཅན་གཅིག་གི་དོན་གྱི་ཕྱིར། །ཕྱི་མཐའི་བར་དུ་གནས་པར་བགྱི། །ཞེས་གསུངས་སོ། །

དེས་ན་རྫི་བོ་ལྟ་བུའི་སེམས་བསྐྱེད་ཅེས་པ། ཇི་སྐད་དུ། ཇི་སྲིད་ནམ་མཁའ་གནས་པ་དང་། །འགྲོ་བ་ཇི་སྲིད་གནས་ཀྱི་བར། །དེ་སྲིད་བདག་ནི་གནས་གྱུར་ནས། །འགྲོ་བའི་སྡུག་བསྔལ་སེལ་བར་ཤོག །ཅེས་པ་དང་། རྒྱལ་སྲས་ལག་ལེན་དུ། ཐོག་མེད་དུས་ནས་བདག་ལ་བརྩེ་བ་ཅན། །མ་རྣམས་སྡུག་ན་རང་བདེས་ཅི་ཞིག་བྱ། །ཞེས་པ་ལྟ་བུ་བདག་གཞན་མཉམ་རྗེ་དང་བདག་པས་གཞན་གཅེས་ཀྱི་བློ་ཁྱད་པར་ཅན་ལས་བྱུང་ཞིང་། ཁྱད་པར་དུ་རྟག་ཏུ་སེམས་ཅན་བདེ་བ་ལ་འགོད་འདོད་དང་སྡུག་བསྔལ་ལས་བསྒྲལ་འདོད་ཀྱི་བྱམས་པ་དང་སྙིང་རྗེ་སྟོབས་ཆེན་གྱིས་བསྐྱེད་པའི་བྱང་སེམས་ཀྱི་ལམ་སྒྲུབ་པ་དང་བློ་སྦྱོང་བའི་ཐབས་ཁྱད་པར་ཅན་ཞིག་ལགས་སོ། །
དེ་ཡང་། བཟང་སྤྱོད་འགྲེལ་བ་ལས། ༣༤༧ མདོར་ན་སེམས་ཅན་ཐམས་ཅད་ཀྱི་ལས་དང་ཉོན་མོངས་གཅིག་ཀྱང་མ་ལུས་པ་བདག་གིས་སེལ་བ་དང་། སེམས་ཅན་གཅིག་ཀྱང་མ་ལུས་པར་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ལ་འགོད་པའི་སྨོན་ལམ་དང་། དེ་མ་རྫོགས་ཀྱི་བར་དུ་ཡང་སེམས་ཅན་རྣམས་ཀྱི་སྡུག་བསྔལ་དང་མི་འདོད་པ་མཐའ་དག་བདག་གིས་འཇོམས་པ་དང་། གང་དང་གང་དུ་ཇི་ལྟར་འོས་པའི་ཕུན་སུམ་ཚོགས་པ་ཐམས་ཅད་ཀྱང་བདག་གིས་སྒྲུབ་པར་སྨོན་ཅིང་། དེ་ལྟར་སྨོན་པ་ཡང་དད་པ་དང་སྙིང་སྟོབས་ཤིན་ཏུ་བརྟན་པ་ལ་གཞི་བྱས། སྙིང་རྗེ་ཆེན་པོ་དང་། འདུན་པ་དང་བརྩོན་འགྲུས་དྲག་པོས་མཚམས་སྦྱར། དེ་ཐམས་ཅད་སྟོང་ཉིད་རྟོགས་པའི་ཡེ་ཤེས་དང་ཇི་ལྟར་དམིགས་པ་དེ་ལྟར་ཐམས་ཅད་ལ་དབང་འབྱོར་བའི་ཏིང་ངེ་འཛིན་གྱི་ནང་དུ་བཅུག་སྟེ། དུས་བསྐལ་བ་མཐའ་མེད་པར་སྒྱུར་བྱེད་ཀྱི་གྲོགས་ཚོགས་བསགས་པའི་སྒོ་གྲངས་མེད་པས་ཡོངས་སུ་སྒྱུར་ཏེ་བསྔོས་ཤིང་སྨོན་ལམ་བཏབ་པ་ཡིན་པའི་ཕྱིར། ཞེས་སོགས་གསུངས་སོ། །

༢) དེ་སེམས་བསྐྱེད་དུ་སྒྲུབ་པ།

རྫི་བོ་ལྟ་བུའི་སེམས་བསྐྱེད་འདི་སེམས་བསྐྱེད་ཡིན་ཚུལ་འཆད་པ་ལ། རྒྱུའི་སྒོ་ནས་དང་། ངོ་བོའི་སྒོ་ནས་དང་། འབྲས་བུའི་སྒོ་ནས་ཏེ། ཚུལ་གསུམ་གྱིས་བསྒྲུབ་པར་བྱའོ། །

༡. རྒྱུའི་སྒོ་ནས་སེམས་བསྐྱེད་ཡིན་ཚུལ་ནི། རྒྱུ་བདག་གཞན་མཉམ་རྗེའམ་བདག་པས་གཞན་གཅེས་པར་འཛིན་པའི་བློ་ཡུན་རིང་གོམས་པ་ལས་བྱུང་བ་ཡིན་པ་དང་། སེམས་ཅན་ཐམས་ཅད་དྲིན་ཅན་གྱི་ཕ་མར་ཤེས་པར་བྱས་ནས། དེ་དག་གིས་རང་ལ་བསྐྱངས་པའི་བཀའ་དྲིན་དྲན་པར་བྱས། དེ་ལས་དེ་དག་ལ་ཕན་བདེ་བསྒྲུབས་པའི་སྒོ་ནས་དྲིན་བཟོ་དགོས་པར་བསམས། དེ་ལས་དེ་དག་བདེ་བ་དང་ལྡན་འདོད་ཀྱི་བྱམས་པ་ཚད་མེད་བསྒོམས། དེ་ལས་སྡུག་བསྔལ་དང་བསྒྲལ་འདོད་ཀྱི་བརྩེ་བ་སྙིང་རྗེ་ཆེན་པོ་བསྒོམས་པ་ལས་སྐྱེས་པ་ཡིན་པའི་ཕྱིར་ན། བདུན་པ་བྱང་ཆུབ་ཀྱི་སེམས་མཆོག་ཏུ་གྱུར་བར་གྲུབ་པའི་ཕྱིར་རོ། །དེ་ཡང་བཟང་སྤྱོད་འགྲེལ་བ་ལས། དེ་ལྟར་སྨོན་པ་ཡང་དད་པ་དང་སྙིང་རྗེ་ཆེན་པོ་དང་། འདུན་པ་དང་བརྩོན་འགྲུས་དྲག་པོས་མཚམས་སྦྱར། ཞེས་སོགས་གོང་དུ་དྲངས་པ་ལྟར་དང་། ༣༠༤ གཉིས་ཀ་ཡང་སྙིང་རྗེ་ཆེན་པོ་དང་འཁོར་གསུམ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་ཀུན་ནས་བླངས་པའི། ཞེས་སོགས་གསུངས་པས་གྲུབ་བོ། །
༢. ངོ་བོའི་སྒོ་ནས་སེམས་བསྐྱེད་ཡིན་ཚུལ་ནི། ཡོན་ཏན་གསུམ་དང་སེམས་ཅན་དང་བྱང་ཆུབ་ཆེན་པོ་ལ་དམིགས་པ་དང་ལྡན་པའི་འདོད་པ་ཡིན་པའོ། །དེར་ཐལ། ཡོན་ཏན་གསུམ་དང་སེམས་ཅན་དང་བྱང་ཆུབ་ལ་དམིགས་པ་ལ་ནི་ཐེ་ཚོམ་མི་དགོས་པས་ན། དེ་གང་ཞིག འདོད་པ་ཡིན་པའི་ཕྱིར། ཕྱི་མ་དེར་ཐལ། གཙོ་བོར་གཞན་དོན་དུ་འདོད་པ་ཡིན་པའི་ཕྱིར། རྟགས་གྲུབ་ཅིང་། ཁྱབ་པ་ཡོད་པར་ཐལ། “འདོད་”ཅེས་པ་ལ་གཙོ་བོར་གཞན་དོན་དུ་འདོད་པ་དང་། གཙོ་བོར་བྱང་ཆུབ་དུ་འདོད་པ་གཉིས་སུ་གསུངས་པའི་ཕྱིར་རོ། །ཆོས་རྗེ་ཀུན་མཁྱེན་ཆེན་པོའི་ཕར་ཕྱིན་མདོ་ལུགས་མ་ལས། གཞན་དོན་འདོད་པ་སྨོན་པའི་སེམས་དང་བྱང་ཆུབ་འདོད་པ་འཇུག་པའི་སེམས། ཞེས་གསུངས་པའི་ཕྱིར་རོ། །དེ་ཡང་། རྫི་བོ་ལྟ་བུའི་སེམས་བསྐྱེད་འདི་གཙོ་བོར་གཞན་དོན་འདོད་པ་ཡིན་ཏེ། བཟང་སྤྱོད་སྨོན་ལམ་འགྲེལ་བ་ལས། ༣༠༤ བཟང་པོ་སྤྱོད་པ་ནི་སེམས་ཅན་གཞན་རྣམས་ཁོ་ན་སམས་རྒྱས་ཀྱི་ས་ལ་འཇོག་པའི་ཕྱིར་སྤྱོད་པ་སྟེ་སེམས་ཅན་གཞན་སྨིན་ཅིང་གྲོལ་བར་བྱེད་རྒྱུའི་ལྡོག་ཆ་འཛིན་པ་ཡིན་ཞིང་། ཞེས་སོགས་གསུངས་ཤིང་། “སེམས་ཅན་གཅིག་གི་དོན་གྱི་ཕྱིར།། ཕྱི་མཐའི་བར་དུ་གནས་པར་བགྱི།།” ཞེས་པས་ཀྱང་གྲུབ་པ་ལགས་སོ། །

འོ་ན། སེམས་བསྐྱེད་འདི་བྱང་ཆུབ་འདོད་པའི་བློ་ཡིན་ནམ་མིན་ཞེ་ན། འདི་གཙོ་བོར་བྱང་ཆུབ་འདོད་པ་མ་ཡིན་ཡང་། བྱང་ཆུབ་འདོད་པ་ནི་ཡིན་ཏེ། སེམས་ཅན་གཞན་ལ་བྱང་ཆུབ་འཐོབ་པར་འདོད་པ་ཡིན་པའི་ཕྱིར་རོ། །ཁྱབ་པ་ཡོད་པར་ཐལ། སེམས་བསྐྱེད་ལ་བདག་ཉིད་བྱང་ཆུབ་འཐོབ་པར་འདོད་པ་དང་གཞན་ལ་བྱང་ཆུབ་འདོད་པ་གཉིས་ཀ་ཡོད་པའི་ཕྱིར་ཏེ། ལྷན་ཐབས་འོད་བརྒྱ་འབར་བ་ལས། ༣༧༨ བྱང་ཆུབ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ལ་དམིགས་ནས་རང་གཞན་རྣམས་དེ་ཐོབ་འདོད་ཀྱི་འདུན་པ་དང་བཅས་པའི་སེམས་པ་ཡིན་པའི་ཕྱིར། ཞེས་གསུངས་པའི་ཕྱིར་རོ། །

དེ་ལྟ་ན། “གཞན་དོན་དུ་གཞན་རྣམས་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་འདོད་པ”ཞེས་པར་འགྱུར་བས་ན། ཉན་ན་ཡིད་ལ་མི་འབབ་ཅིང་། བྱང་ཆུབ་འདོད་པ་པོ་ཡང་སེམས་དཔའ་རང་ཉིད་མ་ཡིན་པར་སེམས་ཅན་གཞན་ཉིད་ཡིན་པར་འགྱུར་རོ་ཟེར་ན། ཚིག་གི་སྡེབ་སྦྱོར་མི་བདེ་བ་ལ་འཇིགས་ནས་དེ་སྐད་སྨྲ་ན་ཁྱེད་རང་གི་བློ་མིག་དོགས་སོང་བའི་སྐྱོན་ཡིན་ནོ། ། “གཞན་གྱི་དོན་དུ་གཞན་རྣམས་ལ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད”་ཅེས་པས་བྱེད་པ་པོ་གཞན་ཡིན་པར་ཐལ་བ་སོགས་སྐྱོན་མེད་དེ། “གཞན་རྣམས་ལ་བྱང་ཆུབ་ཐོབ་ན་ཅི་མ་རུང”་སྙམ་པའི་བློ་བསྐྱེད་པ་དེ་ཡང་གཞན་གྱི་དོན་དུ་ཡིན་པས་ན། གཞན་དོན་དུ་གཞན་རྣམས་ལ་བྱང་ཆུབ་འདོད་པ་ཡིན་པར་སྨྲས་ན་ལེགས་པའི་ཕྱིར་རོ། །
དེས་ན་བྱང་ཆུབ་འདོད་པ་པོ་གཞན་རྣམས་ཡིན་པར་ཐལ་བའི་སྐྱོན་ཡང་སེལ་བ་ཡིན་ནོ། །དཔེར་ན། དབུལ་བོ་རྣམས་ཀྱི་དོན་དུ། དབུལ་བོ་རྣམས་ལ་ནོར་ཐོབ་ན་ཅི་མ་རུང་སྙམ་དུ་འདོད་པ་ལྟ་བུའོ། །
༣. འབྲས་བུའི་སྒོ་ནས་སེམས་བསྐྱེད་དུ་གྲུབ་པ་ཡིན་ཏེ།
གནས་སྐབས་ཀྱི་འབྲས་བུ་བྱང་ཆུབ་སེམས་དཔའ་གང་ཉིད་སྤྱོད་པ་ལ་སྦྱོར་བར་བྱེད་པ་ཡིན་ཞིང་། མཐར་ཐུག་གི་འབྲས་བུ་ཚོགས་ཡོངས་སུ་རྫོགས་པར་བྱས་ནས་འཚང་རྒྱ་བར་བྱེད་པའི་ཕྱིར་རོ། །དེ་ཡང་། བཟང་སྤྱོད་འགྲེལ་བ་ལས། ༣༠༥ དེ་བས་ན་དེ་གཉིས་སེམས་དང་པོ་བསྐྱེད་པའི་སྨོན་ལམ་དང་འདུན་པའི་ཁྱད་པར་ཡིན་གྱིས། བར་དུ་སྤྱོད་པ་ནི་གཉིས་ཀར་སྤྱོད་ལ། མཐར་འབྲས་བུ་ལ་ཡང་ཁྱད་པར་མེད་དོ། །ཞེས་པ་ནས། བཟང་པོ་སྤྱོད་པ་པ་ནི་ཀུན་ཏུ་བཟང་པོ་དང་འཇམ་དཔལ་ལ་སོགས་པ་བཞིན་དུ། ཚོགས་རྫོགས་ཀྱང་དམ་བཅའ་མ་རྫོགས་པས་མངོན་པར་སངས་མི་རྒྱ་བ་སྟེ། འབྲས་བུ་རིགས་གཉིས་ཡོད་པ་མ་ཡིན་ནམ་སྙམ་ན། ཚོགས་རྫོགས་ནས་སངས་མི་རྒྱ་བ་ནི་མི་སྲིད་དེ། སྒྲིབ་གཉིས་བྱང་ཞིང་ཚོགས་རྫོགས་པ་དེ་ཉིད་སངས་རྒྱས་ཡིན་པའི་ཕྱིར་རོ།། ཞེས་དང་། རང་རྒྱུད་གྲོལ་ཞིང་གཞན་རྒྱུད་སྨིན་པར་བྱེད་པ་ལ་ནི་འདྲའོ། །ཞེས་སོགས་གསུངས་པའི་ཕྱིར་རོ། །

དེ་ལྟར་ན་རྒྱུ་དང་ངོ་བོ་འབྲས་བུ་གསུམ་གྱི་སྒོ་ནས་སེམས་བསྐྱེད་དུ་གྲུབ་པ་ལགས་སོ། །

ཡང་དེ་མི་འཐད་པར་ཐལ། སེམས་ཅན་ཐམས་ཅད་སངས་རྒྱས་ནས་གདོད་རང་འཚང་རྒྱ་བ་མི་སྲིད་པའི་ཕྱིར་ན། དེ་དངོས་པོའི་གཤིས་སུ་མ་གྲུབ་ན་དེ་ཡུལ་དུ་བྱེད་པ་སེམས་བསྐྱེད་མ་ཡིན་དགོས་ཞེས་པ་ལ། དེ་ལ་ལན་འདི་ལྟར། བཟང་སྤྱོད་འགྲེལ་བ་ལས། ༣༠༥ སྔོན་གྱི་དམ་བཅའ་དང་སྨོན་ལམ་ཡང་། བློ་སྦྱོང་བའི་ཕྱིར་ཡིན་གྱི། དམིགས་ཡུལ་དངོས་པོ་ལ་བཞུགས་པ་མ་ཡིན་པའི་ཕྱིར། མཐར་ཕྱིན་པར་སྤྱོད་དགོས་པ་ཡང་མ་ཡིན་ནོ། །ཞེས་གསུངས་པ་དང་། གསེར་ཕྲེང་དང་སྣང་རྒྱན་སོགས་སུ་ཡང་བྱང་ཆུབ་སེམས་དཔའི་སྨོན་པ་ལ་མི་སྲིད་པ་མང་པོ་འབྱུང་ཡང་དེ་དག་ཡང་དག་པ་དང་ཕན་བདེ་དང་བཅས་པ་ཡིན་པར་གསུངས་པའི་ཕྱིར་རོ། །

༣) དེ་སེམས་བསྐྱེད་མ་ཡིན་ན་ཧ་ཅང་ཐལ་བ།

གལ་ཏེ། དེ་ལྟ་བུའི་རྒྱུ་སྙིང་རྗེ་ཆེན་པོ་སྔོན་དུ་བཏང་ཞིང་། ངོ་བོ་གཞན་དོན་འདོད་བ་ལ་གཙོ་བོར་གནས་པ། འབྲས་བུ་བླ་ན་མེད་པ་བྱང་ཆུབ་འཕེན་ནུས་པའི་བྱང་ཆུབ་ཀྱི་སེམས་མཆོག་ཏུ་གྱུར་བ་དེ་ཉིད། སེམས་བསྐྱེད་མ་ཡིན་ཏེ། གཞན་དོན་དུ་རང་ཉིད་འཚང་རྒྱ་བར་འདོད་པ་མ་ཡིན་པས་ོས། ། ཞེས་ཟེར་ན། སེམས་བསྐྱེད་ཡིན་པ་ལ་ངེས་པར་རང་ཉིད་འཚང་རྒྱ་བར་འདོད་པ་དགོས་པ་གང་གིས་གྲུབ། དེ་མ་ཡིན་ན་སེམས་བསྐྱེད་མ་ཡིན་པར་ཇི་ལྟར་འགྱུར་ཏེ། སྒྲུབ་བྱེད་བཙན་པོ་གང་ཡང་མེད་དོ། །སེམས་ཅན་ལ་ཕན་བདེ་སྒྲུབ་པའི་བློའི་དམིགས་རྣམ་རྒྱ་བསྐྱེད་མཁན་ཡིན་པ་ཁས་ལེན་ན་སེམས་བསྐྱེད་པའི་སྒྲ་ཡང་ཅིའི་ཕྱིར་མི་འཇུག་ལེགས་པར་མནོ་བསམ་གཏོང་རོགས་ཞུའོ། །
ཡང་། “ཡང་དག་རྫོགས་པའི་བྱང་ཆུབ་འདོད། །” ཅེས་གསུངས་པའི་ཕྱིར་རང་ཉིད་ལ་བྱང་ཆུབ་འདོད་པ་དགོས་ཟེར་ན། “བྱང་ཆུབ་འདོད”ཅེས་པ་རང་ཉིད་ལ་སྦྱོར་དགོས་པའི་ཚིག་ནུས་གང་ཡང་མེད་དོ། །ཡང་དེ་རང་ཉིད་བྱང་ཆུབ་འདོད་པ་ལ་ཡོངས་སུ་གྲགས་ཤིང་གཞུང་ལུགས་རྣམས་སུ་ཤ་མོ་རྡོལ་བ་བཞིན་བྱུང་བའི་ཕྱིར་ཟེར་ན། དེ་ལ་ཡོངས་སུ་གྲགས་ཆེ་བ་དང་ཕལ་ཆེ་བས་ཐོག་མའི་ཉམས་སུ་ལེན་བྱ་ཡིན་པས་དེ་ལྟར་བྱུང་བ་ཡིན་པ་གསེར་ཕྲེང་སོགས་སུ་གསུངས་པ་ལྟར་ཡིན་པའི་ཕྱིར་དང་། སྤྱིར་བཏང་ཡང་དེ་ལ་སེམས་བསྐྱེད་ཅེས་གྲགས་ཆེ་བ་ཙམ་གྱིས་སེམས་བསྐྱེད་ལ་དེས་ཁྱབ་པར་སྨྲ་མི་ནུས་པའི་ཕྱིར་རོ། །
དེས་ན་འདི་སེམས་བསྐྱེད་མ་ཡིན་པར་སྒྲུབ་པའི་ལུང་རིགས་སྟོབས་ལྡན་ནི་མ་མཆིས་སོ། །

གལ་ཏེ་དེ་སེམས་བསྐྱེད་མ་ཡིན་ན་རྫི་བོ་ལྟ་བུའི་སེམས་བསྐྱེད་རྒྱུད་ལ་ལྡན་པའི་གནས་སྐབས་ཀྱི་བྱང་ཆུབ་སེམས་དཔའ་དེ་ཆོས་ཅན། ཁྱོད་ལ་སེམས་བསྐྱེད་མེད་པར་ཐལ།
གཞན་དོན་དུ་རང་ཉིད་འཚང་རྒྱ་བར་འདོད་པའི་བློ་མེད་པ་གང་ཞིག གཞན་རྣམས་འཚང་རྒྱ་བར་འདོད་པའི་བློ་ཡོད་ཀྱང་དེ་སེམས་བསྐྱེད་མ་ཡིན་པའི་ཕྱིར་རོ། །རྟགས་ཕྱི་མ་ཁས།
དང་པོ་དེར་ཐལ། ཁྱོད་རྫི་བོ་ལྟ་བུའི་སེམས་བསྐྱེད་རྒྱུད་ལ་ལྡན་པའི་གནས་སྐབས་ཡིན་པའི་ཕྱིར་རོ། །མ་ཁྱབ་ཟེར་ན། གོང་དུ་རྫི་བོ་ལྟ་བུའི་སེམས་བསྐྱེད་ཀྱི་ངོ་བོ་བཞག་པ་ལ་ཐུགས་སེམས་གཏོད་ལ་བཟང་སྤྱོད་འགྲེལ་བ་ལ་དཔེ་ཀློག་ཡིད་ཚིམ་པ་ཞིག་བྱོས་དང་། ཁ་སྐྱེངས་པར་འགྱུར་རོ། །
དེ་ལྟར་རྫི་བོ་ལྟ་བུ་སེམས་བསྐྱེད་དུ་ཡང་ཁས་ལེན་མ་ཐུབ། བྱང་སེམས་དེ་ལ་རང་འཚང་རྒྱ་བར་འདོད་པ་ཡོད་ཅེས་ཀྱང་སྨྲ་མ་ནུས། ད་དུང་དེའི་བར་ནས་སེམས་བསྐྱེད་ཡོད་ཚུལ་འཆད་པ་ནི་ཁོ་བོའི་མིག་ལམ་དུ་མཁྲེགས་འཛིན་དང་ཨུ་ཚུགས་འབའ་ཞིག་ཏུ་སྣང་ངོ་། །

ཡང་ཆོས་གྲོགས་འགའ་ཞིག ཐོག་མར་སེམས་བསྐྱེད་པའི་སྐབས་ལ་གཞན་དོན་དུ་འཚང་རྒྱ་བར་འདོད་པ་མ་ཡིན་ཡང་། དེའི་རྗེས་ནས་གཞན་དོན་དུ་རང་ཉིད་འཚང་རྒྱ་བར་འདོད་པ་ཡིན། ཞེས་སྔ་མ་ལས་ཅུང་ཚད་མཐོ་བའི་ལན་འདེབས་པར་བྱེད་མོད་ཀྱི། དེ་ཡང་རྩ་བ་མི་བརྟན་པའི་ཁས་ལེན་ཞིག་ཡིན་ཏེ། “ཐོག་མར་སེམས་བསྐྱེད་པའི་སྐབས”་ཞེས་པ་གང་ལ་བགྱི། བཅོས་མའི་སེམས་བསྐྱེད་ཀྱི་ཐོག་མ་ལ་འཇོག་ན་ནི། དེ་ལ་ངེས་པ་གང་ཡང་མེད་དེ། བཅོས་མའི་སེམས་བསྐྱེད་ལ་རྒྱལ་པོ་ལྟ་བུ་དང་རྫི་བོ་ལྟ་བུ་སོགས་གང་གི་སྒོ་ནས་བསྐྱེད་ཀྱང་སྐད་ཅིག་སྐད་ཅིག་ནས་འགྱུར་ངེས་པས་རྒྱུན་མི་བརྟན་པ་སོགས་ཀྱིས་ཕྱིར། དེའི་སྒོ་ནས་སེམས་བསྐྱེད་པ་རྫི་བོ་ལྟ་བུར་འཇོག་པ་ནི་ཆེས་གོ་རྒྱུ་ཆུང་བའི་གནས་སུ་འགྱུར་རོ། །
ཡང་བཅོས་མ་མ་ཡིན་པ་རྒྱུད་ལ་སྐྱེ་བའི་སྐབས་ལ་འཇོག་ན། དེའི་སྔོན་དུ་ཡུན་རིང་བསྒོམས་པ་སོང་བ་གྲུབ་ཅིང་། དེ་རྒྱུད་ལ་སྐྱེས་ཕྱིན་ཆད་དེའི་རྒྱུན་ཡང་དེ་ལྟར་དུ་གནས་མི་ཐུབ་པའི་རྒྱུ་མཚན་གང་ལ་ཐུག རྒྱུ་མཚན་སྟོབས་ལྡན་མེད་དོ། །

སྤྱིར་བྱང་ཆུབ་སེམས་དཔའ་རྣམས་ལ་ཐོག་མར་རྫི་བོ་ལྟ་བུའི་བློ་བཅོས་མིན་རྒྱུད་ལ་སྐྱེས་པ་ཡིན་ཞིང་ཕྱིས་སུ་རྒྱལ་པོ་ལྟ་བུ་ལ་གནས་པ་དང་། ཐོག་མར་རྒྱལ་པོ་ལྟ་བུའི་བློ་སྐྱེས་ནས་ཕྱིས་རྫི་བོ་ལྟ་བུ་ལ་སྤྱོད་པ། གཉིས་ཀ་སྤེལ་མར་སྤྱོད་པ། རེ་རེ་ཡང་དེ་ཁོ་ན་སངས་མ་རྒྱས་ཀྱི་བར་དུ་སྤྱོད་པ་སོགས་སྣ་ཚོགས་པ་ཡོད་པ་ཡིན་ན་ཡང་། ཐོག་མར་རྫི་བོ་ལྟ་བུའི་སྒོ་ནས་སེམས་བསྐྱེད། དེའི་རྗེས་ཀྱི་རྒྱུན་དུ་གྱུར་བ་རྣམས་གཞན་དོན་དུ་སྲིད་མཐའི་བར་དུ་གནས་པར་འདོད་པ་མ་ཡིན་ཡང་དེ་རྫི་བོ་ལྟ་བུ་ཡིན་ཞེས་རྩ་བ་ནས་བྱ་བ་མ་ཡིན་ནོ། །
དེ་ཡང་། བཟང་སྤྱོད་འགྲེལ་བ་ལས། ༣༠༤ དེས་ན་བྱང་ཆུབ་སེམས་དཔའ་གཅིག་ཁོ་ནས་ཀྱང་། སྤྱོད་པ་གཉིས་ཀར་སྤྱོད་དགོས་ཏེ། སེམས་ཅན་དོན་དུ་གང་རླབས་ཆེ་བ། སྐབས་སུ་གང་བབས་པ་དེ་ཉིད་ལ་འཇུག་དགོས་པའི་ཕྱིར་རོ། །ཞེས་གསུངས་པ་དང་། ཡུན་ཐུང་ངུས་ཀྱང་སྒྲིབ་པ་མཐའ་དག་སྤོང་བར་འགྱུར་ན་ཡུན་རིང་པོ་དེ་ཉིད་ཀྱིས་ཅིའི་ཕྱིར་སྤང་བར་མི་འགྱུར། ཞེས་དང་། ཚོགས་མ་རྫོགས་པ་ཡང་མི་སྲིད་དེ། དུས་མཐའ་ཡས་པར་གཞན་རྣམས་ལས་ཀྱང་ལྷག་པར་སྤྱོད་པ་རྒྱ་ཆེ་རྟག་ཏུ་སྤྱོད་པའི་ཕྱིར་རོ།། ཞེས་སོགས་གསུངས་པའི་ཕྱིར་རོ། །

གཞན་ཡང་དེ་སེམས་བསྐྱེད་མ་ཡིན་ན། བཟང་སྤྱོད་སྨོན་ལམ་ཡང་བཟང་པོ་སྤྱོད་པའི་སྨོན་ལམ་མ་ཡིན་པར་ཁས་ལེན་དགོས་ཏེ། དེ་ཡང་རྫི་བོ་ལྟ་བུའི་སེམས་བསྐྱེད་ཀྱི་སྒོ་ནས་སྨོན་ལམ་བཏབ་ཡིན་པས། དེ་རྫི་བོ་ལྟ་བུའི་སྨོན་ལམ་ཡིན་པར་གསུངས་པའི་ཕྱིར་རོ། །དེའི་འགྲེལ་བ་ལས། ༢༧༣ རྫི་བོ་ལྟ་བུར་སེམས་བསྐྱེད་པའི་སྨོན་ལམ་ཞེས་ཟེར་རོ། །ཞེས་གསུངས་པའི་ཕྱིར་རོ། །གཞན་ཡང་”བཟང་པོ་སྤྱོད་པ་”ཞེས་པ་རྫི་བོ་ལྟ་བུའི་སེམས་བསྐྱེད་ལ་གོ་བ་ཡང་གསུངས་པའི་ཕྱིར་ཏེ། བཟང་སྤྱོད་འགྲེལ་བ་ནས། རྒྱལ་པོ་ལྟ་བུའི་སེམས་བསྐྱེད་དང་ལྡན་པ་ལ་བྱང་ཆུབ་སྤྱོད་པ་བ་དང་། རྫི་བོ་ལྟ་བུའི་སེམས་བསྐྱེད་དང་ལྡན་པ་ལ་བཟང་པོ་སྤྱོད་པ་བ་ཞེས་གསུངས་པའི་ཕྱིར་རོ།། དེ་ལས། ༣༠༥ བཟང་པོ་སྤྱོད་པ་པ་ནི་ཀུན་ཏུ་བཟང་པོ་དང་འཇམ་དཔལ་ལ་སོགས་པ་བཞིན་དུ། ཞེས་སོགས་གོང་འོག་གཉིས་སུ་གསུངས་སོ།། ཤེར་འགྲེལ་རྗེ་བཙུན་ངལ་གསོ་ན་ཡང་དེ་དང་ཆ་འདྲ་བ་ཞིག་གསུངས་སོ།།

དེས་ན། རྫི་བོ་ལྟ་བུའི་སེམས་བསྐྱེད་འདི་སེམས་བསྐྱེད་མ་ཡིན་ཞེས་སྨྲ་བ་ལ་དགའ་སྣང་བྱེད་པ་ནི། རྫི་བོ་ལྟ་བུ་ལ་སྐུར་བ་བཏབ་སོང་སྙམ་པའི་ཕངས་སེམས་དང་། རྣམ་སྨིན་ཡང་ལྕི་འམ་སྙམ་པའི་འཇིགས་པ་ཡང་སྐྱེའོ།།

དེ་བས་བདག་པས་གཞན་གཅེས་ཀྱི་བྱང་ཆུབ་སེམས་ཁྱད་པར་བ་བྱང་སེམས་རྣམས་ཀྱི་གཞན་དོན་རླབས་ཆེན་སྒྲུབ་པའི་ཐབས་ཁྱད་པར་ཅན། རྒྱུ་དང་ངོ་བོ་འབྲས་བུ་གསུམ་གྱི་སྒོ་ནས་སེམས་བསྐྱེད་དུ་བཞུགས་པ་འདི་ཉིད། སེམས་བསྐྱེད་ཡིན་པར་ཁས་བླངས་ན་ལུང་རིགས་ཀྱི་སྒྲུབ་བྱེད་མང་ཞིང་། གནོད་བྱེད་ཉུང་བ་མ་ཚད་འགའ་ཞིག་ཡོད་པ་ལྟར་སྣང་བ་དག་ཀྱང་སྟོབས་དང་ལྡན་པ་མ་ཡིན་ནོ། །

སྨྲས་པ།

དངོས་རྒྱུ་སྙིང་རྗེ་ཆེན་པོའི་ཐོག་དྲངས་ཏེ།།
ངོ་བོ་གཞན་ལ་བྱང་ཆུབ་འདོད་པ་ཅན།།
འབྲས་བུ་སངས་རྒྱས་འཕེན་པའི་མཐུ་མངའ་བ་།།
རྫི་བོ་ལྟ་བུའི་སེམས་ལ་ཕྱག་འཚལ་ལོ།།

འགྲོ་བའི་སྡུག་བསྔལ་སེལ་རྒྱུའི་འབའ་ཞིག་ཕྱིར།
བསྐལ་བའི་བར་དུ་དམྱལ་བའང་བསྟེན་ནུས་པ།།
བྱང་ཆུབ་སེམས་ལས་སེམས་མཆོག་གྱུར་བ་གང་།།
རྫི་བོ་ལྟ་བུའི་སེམས་ལ་རྟག་ཏུ་སྨོན།།

དེ་ལྟའི་བླ་ན་མེད་པའི་སེམས་བསྐྱེད་གང་།།
ལྡན་པའི་འཇམ་དཔལ་དབྱངས་ལ་མངོན་པར་བསྟོད།།
དེ་དང་འདྲ་བར་རྟག་ཏུ་འཆད་པ་ཡི།།
དངོས་རྒྱུད་བླ་མ་རྣམས་ལའང་ཡི་རངས་བྱ།།

བདག་ཀྱང་བྱང་ཆུབ་མ་ཐོབ་བར་དུ་ནི།།
རྫི་བོ་ལྟ་བུའི་སེམས་དང་ལྡན་པ་ཡི།།
སེམས་དཔའ་རྣམས་ཀྱི་གདུལ་བྱར་འགྱུར་བ་དང་།།
དེ་ཡི་གསུང་བཞིན་བྱང་ཆུབ་སྤྱོད་པར་ཤོག།

རྟག་ཏུ་བྱང་ཆུབ་སེམས་ལ་དགའ་བ་དང་།།
རྒྱུན་དུ་བྱང་ཆུབ་སེམས་ལ་མོས་པ་དང་།།
བྱང་ཆུབ་སེམས་ལ་གཏན་དུ་སྤྱོད་པ་ཡི།།
བྱང་ཆུབ་སེམས་དཔའ་ཞིག་ཏུ་འགྱུར་བར་ཤོག།

༢༩༢༦/ ༡༠/ ༢༩ རེས་གཟའ་ཕུར་བུ། འཆད་རྒྱུགས་ཀྱི་སྐབས་ཆོས་རྭ་ཁང་ནས་དགེ་འདུན་ཤེས་རབ་ཀྱིས་ཤར་མར་བྲིས།

<བཟང་སྤྱོད་འགྲེལ་བ> བལ་ཡུལ་ཇོ་ནང་དགོན་པའི་ཕར་ཕྱིན་དམ་བཅའ་སྐབས་གསུམ་པ་ཐུན་མོང་ནས་པར་སྐྲུན་བྱས་པའི་< རྒྱ་གཞུང་སྣ་ཚོགས་ཀྱི་འགྲེལ་བ>༢༦༧ ན་བཞུགས།
<ཕར་ཕྱི་ཉ་ཊཱིཀ> བོད་རིགས་དཔེ་སྐྲུན་ཁང་ནས་པར།
<ཕར་ཕྱིན་མདོ་ལུགས་མ>ཐཱའི་ཝན་ནང་པའི་ཤེས་ཡོན་བདེ་རྩ་ལྷན་ཚོགས་ཀྱིས་སྤར་འགྲེམ་བྱས་པའི་<ཀུན་མཁྱེན་གསུང་འབུམ་>པོ་ལྔ་པ།
<ལྷན་ཐབས་འོད་བརྒྱ་འབར་བ>འཕགས་ཡུལ་ཇོ་ནང་འགྲོ་ཕན་ལྷན་ཚོགས་ཀྱིས་འགྲེམ་སྤེལ་བྱས་པའི<ཟབ་ལམ་རྡོ་རྗེའི་རྣལ་འབྱོར་གྱི་ཆོས་སྐོར>ཤོག་གྲངས་༣༢༣ ན་བཞུགས།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།