མཛད་པ་པོ། མཁན་རིན་པོ་ཆེ་དགེ་འདུན་རྒྱ་མཚོ།
ཉམས་རྟོགས་སྤྲིན་གྱི་མཐོངས་ལ་གནས་བཅས་ཤིང་།།
འཆད་རྩོད་རྩོམ་པའི་ངག་ལ་དབང་འབྱོར་བའི།།
ལུང་རྟོགས་ཆོས་ཀྱི་གྲུ་ཆར་འཇོ་བའི་གཉེན།།
སྐྱབས་རྗེ་སངས་རྒྱས་མཉན་པར་གུས་པས་འདུད།།
དམ་པའི་གསང་གསུམ་མཐའ་མེད་ཀུན་གསལ་དབྱིངས།།
བདག་གི་བྱིས་བློའི་ཡུལ་ལས་རབ་འགོང་ཡང་།།
ཚུར་མཐོང་བློ་ཡི་རྟོགས་པའི་ལེགས་མཛད་ཀྱི།།
ཆ་ཤས་རེས་ཀྱང་སྙིང་ལ་དགའ་བ་སྟེར།།
ཆེར་སྙིགས་རྒུད་པའི་དུས་ཀྱི་མར་ཤམ་ལ།།
ཕྱི་ནང་སྣ་མང་རྐྱེན་གྱི་མུན་ནག་གིས།།
རྒྱལ་བསྟན་ཆོས་ཀྱི་གཟི་འོད་ཕྲ་བའི་སྐབས།།
ཁྱེད་ཀྱི་ཐུགས་སྟོབས་དཀར་པོ་གཞན་ལས་མཐོ།།
རིང་མོའི་དུས་ཀྱི་ཐུགས་བསྐྱེད་དཀར་པོའི་མདངས།།
བསོད་ནམས་དུས་སུ་སྨིན་པ་བདུད་རྩིའི་རྒྱུན།།
ཟླ་མེད་སྟོན་པའི་ལེགས་གསུང་བཀའ་འགྱུར་ལུང་།།
གདུལ་བྱའི་གསོས་སུ་བསྩལ་བ་བསྟན་འགྲོའི་སྨན།།
མདོ་སྔགས་གཞུང་ལུགས་རྒྱ་མཚོའི་སྙིང་བོའི་དོན།།
འཆད་རྩོད་རྩོམ་པའི་འཕྲིན་ལས་སྣ་མང་གིས།།
རིས་མེད་འཛིན་སྐྱོངས་སྤེལ་བའི་ལེགས་མཛད་ཀྱིས།།
འཛིན་མའི་ཁྱོན་ལ་གྲགས་པ་བླ་ན་འབར།།
ནང་རྟོགས་ལང་ཚོ་རྫོགས་པའི་ཉམས་མྱོང་དང་།།
ལུང་རིགས་ལུས་སྟོབས་རྒྱས་པའི་གཟི་དཔལ་གྱིས།།
རིས་མེད་མཁས་མང་མ་བཅོས་དད་པའི་རྩེ།།
མ་བགྲོས་ཁྱེད་ཀྱི་མདུན་སར་ཅིག་ཆར་ཤོར།།
དུས་ངན་དགུན་གྱི་མཐའ་ཡང་རྒྱལ་བའི་བསྟན།།
རང་རྒྱུད་བསླབ་གསུམ་བདུད་རྩི་མ་ཤོར་ཞིང་།།
ལུང་རིགས་དབྱངས་ཀྱིས་ངེས་དོན་ཆོས་ཀྱི་གླུ།།
ཕྱོགས་མེད་གདུལ་བྱར་ལེན་འདི་རྨད་དུ་བྱུང་།།
བརྩེ་ཆེན་རླུང་གིས་བསྐྱོད་པའི་ཐུགས་སྟོབས་ཀྱིས།།
ཟབ་རྒྱས་མདོ་སྔགས་ལྗགས་ལུང་གནང་བའི་དྲིན།།
གཟུ་བོའི་བློ་ཡིས་ཕྱོགས་བཅུར་བཙལ་ན་ཡང་།།
བཀའ་དྲིན་གཞལ་ཐབས་དཀའ་འོ་ཆོས་ཀྱི་རྗེ།།
ཉིན་ནས་ཉིན་མཐུད་ཟླ་ནས་ཟླ་མཐུད་ནས།།
དམ་ཆོས་འོ་མས་གདུལ་བྱ་གསོ་བའི་སྐབས།།
ངལ་བས་མ་གོས་སྤྲོ་སྣང་འཛུམ་པའི་མདངས།།
ངང་གི་འཆར་འདིས་བདག་སེམས་ཕྱི་ཕྱིར་དད།།
ཕྱི་ནང་རྒྱུ་རྐྱེན་ཚོགས་པ་སྒྱུ་མའི་འཕྲུལ།།
ཅི་ཡང་འཆར་བའི་རོལ་བ་ཕྱག་རྒྱའི་གར།།
རྣམ་དཀར་བསོད་ནམས་བཟང་པོའི་མཐུ་བྱིན་གྱིས།།
གསུང་གི་བདུད་རྩི་མྱོང་འདི་སྐལ་པ་བཟང་།།
དེང་ནས་བདག་ནི་སྐྱེ་བའི་འཕྲེང་བ་རུ།།
ཆོས་རྗེ་ཁྱེད་ཀྱི་མཁྱེན་བརྩེ་ནུས་པ་ཡིས།།
མཐར་ཐུགས་ཆོས་སྐུ་མངོན་དུ་མ་བྱས་པར།།
འབྲལ་བ་མེད་པར་རྗེས་སུ་བཟུང་དུ་གསོལ།།
རྣམ་གསུམ་ཚེ་ཡི་ལྷ་ཚོགས་བྱིན་མཐུ་ཡིས།།
བསྟན་འཛིན་སྐྱེས་ཆེན་དམ་པའི་གསང་གསུམ་ཁམས།།
བགྲེས་རྒུད་བྲལ་བའི་སྐུ་ལ་དབང་ཐོབ་སྟེ།།
རྣམ་དཀར་མཛད་འཕྲིན་མཁའ་མཐར་ཡོངས་རྒྱས་ཤོག།
འདི་བྲིས་དགེ་བས་རང་སེམས་བླ་མའི་ཐུགས།།
དོན་དམ་ཆོས་སྐུའི་དགོངས་ཀློང་རོ་གཅིག་ངང་།།
ཕྲ་རགས་འཁོར་བའི་རྒྱ་མཚོ་མ་སྟོང་བར།།
བསྟན་འགྲོའི་དོན་གཉིས་ལྷུན་གྱིས་འགྲུབ་པར་ཤོག། །།

ཅེས་པ་འདི་རྒྱལ་བསྟན་ཡོངས་ཀྱི་གསལ་བྱེད་ཆེན་པོ༧སྐྱབས་རྗེ་སངས་རྒྱས་མཉན་པ་རིན་པོ་ཆེ་མཆོག་གིས་རྒྱལ་བའི་བཀའ་འགྱུར་ཆེན་མོའི་ལྗགས་ལུང་ཐེངས་ལྔ་བ་ཟླ་གཉིས་ལྷག་རིང་གནང་བའི་གསུང་གི་བདུད་རྩི་དངོས་སུ་མྱོང་བའི་སྐལ་བཟང་ཐོབ་པའི། དམ་པ་གང་གི་གསང་གསུམ་དང་བཀའ་དྲིན་ལ་དད་པས་ཡིད་རབ་ཤོར་ཏེ། དཔལ་བ་རྒྱལ་བ་ཇོ་ནང་བའི་བསྟན་པའི་ལྷག་ཞབས་སུ་སྐྱེས་པ་བལ་ཡུལ་ཇོ་ནང་དགོན་གྱི་མཁན་ལས་ཐོག་པའི་མིང་འཛིན་གྱི་ན་བ་དགེ་འདུན་རྒྱ་མཚོས་ཕྱི་ལོ་༢༠༢༥-༡-༡༩ བོད་རྒྱལ་ལོ་༢༡༥༡-༡༡-༢༡འཕྲོད་སྦྱོར་དགེ་བའི་ཉིན་བྲིས།།།