དེ་ཡང་རྗེ་བཙུན་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐས། “མ་དར་བ་རྣམས་སུ་དར་བར་བྱེད་ཅིང་། དར་བ་རྣམས་དག་ཅིང་འཕེལ་བ་དང་། ཉམས་པ་རྣམས་གསོ་ནུས་པར་གྱུར་ཅིག ལུས་དང་ལོངས་སྤྱོད་སྲོག་ལས་ཀྱང་ཁྱེད་ཀྱི་བསྟན་པ་གཅེས་སྤྲས་སུ་འཛིན་པར་གྱུར་ཅིག” ཅེས་ཐུགས་སྨོན་མཛད་པ་བཞིན། ཇོ་ནང་རྗེ་བཙུན་ཆེན་པོའི་འཕྲིན་ལས་ཀྱི་རོལ་གར་མཆོག་སྤྲུལ་བཀྲ་ཤིས་རྒྱལ་མཚན་རིན་པོ་ཆེ་མཆོག་གིས། རྒྱལ་བསྟན་སྤྱི་དང་། བྱེ་བྲག་ངེས་དོན་ཕྱིར་མི་ལྡོག་པ་འཁོར་ལོའི་གཏམ་དང་ལྡན་པའི་ལུགས་བཟང་དཔལ་ལྡན་རྒྱལ་བ་ཇོ་ནང་པའི་བསྟན་པའི་འཕེལ་འགྲིབ་ཁོ་ནར་དགོངས་ཏེ། ཕྱི་ལོ་ ༢༠༠༥ ལོར་བལ་ཡུལ་རྒྱལ་ས་ཀ་ཐ་མན་གྲུ་ Kathmandu ཡི་མཆོད་རྟེན་མཐོང་གྲོལ་ཆེན་མོ་བྱ་རུང་ཁ་ཤོར་ Boudha Stupa གྱི་ཉེ་འགྲམ་དུ་བསྟན་གཞི་དགོན་པ་འདི་ཉིད་ཕྱག་འདེབས་མཛད་ཅིང་། མཁན་ཆེན་དམ་པ་ཀུན་དགའ་ཤེས་རབ་གསལ་བྱེད་འབྱུང་གནས་དཔལ་བཟང་པོ་མཆོག་གི་ཞལ་སྔ་ནས་ཀྱིས་ངེས་དོན་རྟག་བརྟན་བཤད་སྒྲུབ་ཆོས་འཁོར་གླིང་ཞེས་མཚན་གསོལ་མཛད།

བསྟན་གཞི་དགོན་པ་ཐོག་མར་ཕྱག་འདེབས་མཛད་སྐབས། ཇི་སྐད་དུ། “བཀྲ་ཤིས་ཀུན་གྱི་བཀྲ་ཤིས་པ།། གྲགས་པའི་བཀྲ་ཤིས་སྙན་གྲགས་དགེ།” ཅེས་གསུངས་པ་ལྟར། མཁན་ཆེན་དམ་པ་ཀུན་དགའ་ཤེས་རབ་གསལ་བྱེད་མཆོག་གི་ཞལ་སྔ་ནས་དང་། ཡར་ཐང་མཁན་པོ་ཤེས་རབ་དཔལ། བླ་མ་ཀརྨ་ཆོས་ཀྱི་སྣང་བ་སོགས་མགོ་ལོག་ལྕམ་མདའ་དགོན་དང་། ལུང་སྐྱ་དགོན། གཙང་ཞོལ་དགོན། ཡར་ཐང་དགོན་བཅས་ཀྱི་མཁན་བླ་དགེ་འདུན་པ་སུམ་ཅུ་ལྷག་ཕེབས་ཏེ་ཐོག་མའི་རྟེན་འབྱུང་མཛད་སྒོ་དང་། བྱིན་འབེབས་རབ་གནས་ཀྱང་རྒྱས་པར་མཛད།
དེའི་ཕྱི་ལོ་ནས་བཟུང་མཆོག་སྤྲུལ་རིན་པོ་ཆེའི་དགོངས་བཞེད་བཞིན། མུ་གྷུ་རྫོང་ Mugu District དཀར་མ་རོང་དང་། ཡོལ་མོ་སོགས་ནས་གྲྭ་རྒྱུན་ཉི་ཤུ་ལྷག་བསྡུས་ཏེ་ཆོས་སྒོར་བཅུག་ཅིང་། བོད་ཡིག་འབྲི་ཀློག་ནས་བཟུང་སློབ་གཉེར་ཆ་ཚང་བྱེད་སའི་ཁོར་ཡུག་བསྐྲུན།
སྔོན་ཆད་བོད་མངའ་རིས་ཀྱི་ཁོངས་སུ་གཏོགས་ཀྱང་། ཕྱིས་སུ་གོར་ཁའི་སྟོབས་ཤུགས་རྒྱས་སྐབས་བལ་བོའི་རྒྱལ་ཁོངས་སུ་བསྡུས་པ་ཀུན་མཁྱེན་དོལ་པོ་སངས་རྒྱས་ཀྱི་འཁྲུངས་ཡུལ་དོལ་པོ་དང་། ཇོ་ནང་རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་འཁྲུངས་ཡུལ་གློ་བོ་སྨོན་ཐང་སོགས་ཧི་མ་ལ་ཡི་རི་རྒྱུད་དུ་ཇོ་ནང་བའི་སྐྱེས་ཆེན་དམ་པ་མང་དུ་འཁྲུངས་ཤིང་། དེ་དག་ཏུ་ཇོ་ནང་ཆོས་བརྒྱུད་ཀྱང་ཆེས་ཆེར་དར་བར་མངོན་ཡང་། དུས་རབས་ཉེར་གཅིག་པའི་ནང་བལ་ཡུལ་དུ་རྒྱལ་བ་ཇོ་ནང་བའི་བསྟན་གཞི་གདན་ས་བྱུང་བ་དགོན་པ་འདི་ཐོག་མ་ཡིན།
ཕྱི་ལོ་༢༠༠༧ ལོར་ཐོག་བརྩེགས་ལྔ་ཅན་གྱི་གྲྭ་ཤག་དང་། ཚོམས་ཆེན། བླ་བྲང་། དཔེ་མཛོད་ཁང་སོགས་གསར་བཞེངས་མཛད་ཅིང་། སླར་ཡང་གྲྭ་རྒྱུན་བསྡུས་ཏེ་དེང་དུས་དང་འཚམས་པའི་འཛིན་རིམ་ཁག་བགོས་ཀྱང་མཛད།
རིམ་པས་མཆོག་སྤྲུལ་རིན་པོ་ཆེའི་དགོངས་བཞེད་གཞིར་བཟུང་། ཆོས་དང་རིག་གནས་གཅིག་ཅིང་། ཡུལ་སྲོལ་གོམས་གཤིས་གཅིག་པ་དོལ་པོ་དང་། དཀར་མ་རོང་། ཡོལ་མོ། འཛུམ་ལང་སོགས་ཧི་མ་ལ་ཡའི་རི་རྒྱུད་དང་། རྒྱ་གར་གྱི་མངའ་ཁོངས་མོན་རྟ་དབང་སོགས་ནས་ཀྱང་གྲྭ་རྒྱུན་བསྡུས་ཏེ། མཆོག་སྤྲུལ་རིན་པོ་ཆེའི་དབུ་ཁྲིད་ལམ་སྟོན་དང་། མཁན་བླ་དགེ་བཤེས་རྣམ་པའི་སྣེ་ཁྲིད་འོག བོད་བལ་དབྱིན་གསུམ་གྱི་ཡི་གེ་འབྲི་ཀློག་དང་། ཆོ་ག་ཆོས་སྤྱོད། འདོན་རྟ་དབྱངས། ཐུན་མོང་རིག་གནས་སུམ་རྟགས་དག་གསུམ། སྙན་ངག རྩིས་སྐར་ནག ཐིག་རྡུལ་ཚོན། མར་རྒྱན་མཆོད་བཞེངས་སོགས་གཞི་རྩར་བཟུང་ནས་གཞུང་ཆེན་བཀའ་པོད་ལྔ་དང་། གསང་སྔགས་རྒྱུད་སྡེ་བཞིར་སློབ་གཉེར་མཐར་ཕྱིན་པ་གནང་རྒྱུའི་སྒྲིག་གཞི་གཏན་འབེབ་མཛད།
ཕྱི་ལོ་༢༠༠༨ ལོ་ནས་བཟུང་ལོ་མཇུག་དགུ་གཏོར་ལ་རྗེ་བཙུན་ཏཱ་ར་ནཱ་ཐས་མཛད་པའི་དབང་ཆེན་རྟ་མགྲིན་གསང་སྒྲུབ་ཀྱི་ལས་བྱང་དྲེགས་པ་ཀུན་འདུལ་གྱི་སྒོ་ནས་སྒྲུབ་མཆོད་ཉིན་གསུམ་མ་འཚོགས་གཏན་ཁེལ་བར་མཛད་ཅིང་། ཕྱི་ལོ་ ༢༠༡༡ ལོ་ནས་བཟུང་ས་ག་ཟླ་བའི་དུས་ཆེན་ལ་དུས་འཁོར་ལྷ་དགུའི་སྒྲུབ་མཆོད་ལུང་སྐྱ་དགོན་གྱི་ཕྱག་བཞེས་བཞིན་གསར་འཛུགས་ཀྱང་མཛད་པ་མ་ཟད། དུས་བཞིའི་སྒྲུབ་མཆོད་ཁག་སྟེ་ས་ཟླའི་དུས་འཁོར་སྒྲུབ་མཆོད་དང་། ལོ་མཇུག་དགུ་གཏོར། དབྱར་གནས། བལ་ཡུལ་ཇོ་ནང་སྨོན་ལམ་ཆེན་མོ། ཀུན་མཁྱེན་དྲུག་མཆོད་སོགས་ཇོ་ནང་རང་ལུགས་ཀྱི་ལོ་འཁོར་སྒྲུབ་མཆོད་ཆེ་ཁག་ཀྱང་རིམ་གྱིས་བཙུགས།
ཕྱི་ལོ་༢༠༠༩ ལོར་ཇོ་ནང་རྒྱལ་ཚབ་རིན་པོ་ཆེ་ངག་དབང་ཆོས་ཀྱི་སྣང་བ་མཆོག་གདན་འདྲེན་ཞུས་ཏེ། དགོན་པའི་དགེ་འདུན་པ་རྣམས་ལ་དགེ་ཚུལ་དང་དགེ་སློང་གི་བསླབ་སྡོམ་གནང་ཞིང་། བསྟན་པའི་རྩ་བ་འདུལ་བ་གཞི་གསུམ་གྱི་ཕྱག་བཞེས་ཀྱང་གསར་འཛུགས་མཛད།
ཕྱི་ལོ་ ༢༠༡༠ ལོར་མཁན་པོ་ཆོས་འབྱོར་རྒྱ་མཚོ་མཆོག་གིས་དབྱར་གནས་བཟུང་ཞིང་། དགེ་རྒན་འཇིགས་མེད་ལགས་ཀྱིས་བསྡུས་གྲྭའི་དཔེ་ཁྲིད་གནང་སྟེ་འཆད་ཉན་གྱི་དབུ་བཙུགས། ལོ་དེར་མ་དགོན་ལུང་སྐྱ་དགོན་ནས་མཁན་པོ་རིན་ཆེན་རྒྱ་མཚོ་དང་། དགེ་སྐོས་བློ་སྟོབས་གཉིས་ཆེད་མངགས་གནང་བ་ལྟར་ཕེབས་ནས་དགོན་པའི་འཛིན་སྐྱོང་གི་ཐུགས་འགན་བཞེས།
ཕྱི་ལོ་ ༢༠༡༡ ལོར་མཁན་པོ་རིན་ཆེན་རྒྱ་མཚོས་དབྱར་གནས་ཀྱི་མཁན་པོ་མཛད་ཅིང་། བསྡུས་གྲྭའི་སྤྱི་དོན་རིན་ཆེན་སྒྲོན་མེ་དང་། སྐྱབས་ཁྲིད། ལམ་རིམ་བདུད་རྩིའི་ཉིང་ཁུ། ཐེག་མཆོག་དབུ་མའི་ཟིན་བྲིས་ཀྱི་རབ་བྱེད་གསུམ་བར་འཆད་ཁྲིད་དང་། བལ་ཡུལ་ཇོ་ནང་སྨོན་ལམ་ཆེན་མོའི་བཅའ་འདོན་སོགས་གཙང་དག དགོན་པའི་སྒྲིག་གཞི་ཆེ་ལོང་ཙམ་གསལ་བའི་བཅའ་ཡིག་འདོད་འཇོའི་བུམ་བཟང་ཞེས་པ་གསར་རྩོམ་མཛད།
ཕྱི་ལོ་ ༢༠༡༢ ལོར་མཁན་ཟུར་ཀུན་དགའ་མཚམས་ཆུང་ལགས་གདན་ཞུས་ལྟར་ཕེབས་ནས། འཛིན་གྲྭ་གཉིས་ལ་རྟགས་རིགས་དང་། བསྡུས་གྲྭ་ཡིད་ཀྱི་མུན་སེལ་རྣམས་དཔེ་ཁྲིད་གནང་ཞིང་། ཆོས་རར་གཟིགས་ཞིབ་དང་། གྲྭ་ཚང་གི་འཛིན་སྐྱོང་ཐད་ལ་ཡང་ཐུགས་ཁུར་བཀའ་དྲིན་བསྐྱངས།
ཕྱི་ལོ་ ༢༠༡༣ ལོར་མཆོག་སྤྲུལ་རིན་པོ་ཆེ་མཆོག་གིས་འཕྲལ་ཕུགས་ཀྱི་དགོས་པ་རྒྱ་ཆེར་བཞེས་ནས་དགོན་པ་གནས་མཆོག་ཡང་ལེ་ཤོད་དུ་གནས་སྤོར་མཛད་ཅིང་། ཕྱི་ལོ་ ༢༠༡༤ ལོར་དགེ་བཤེས་དྲི་མེད་འོད་ཟེར་མཆོག་གདན་ཞུས་ལྟར་ཕེབས་ཏེ། རྣམ་འགྲེལ་དང་། བློ་རིག་སོགས་ཀྱི་དཔེ་ཁྲིད་དང་། དེ་རྗེས་ཕྱི་ལོ་ ༢༠༡༥ ལོར་མཁན་པོ་ཡེ་ཤེས་མཆོག་ཀྱང་གདན་ཞུས་བཞིན་ཕེབས་ནས་རྣམ་འགྲེལ་དང་། བསྡུས་གྲྭ ཕར་ཕྱིན་སོགས་དཔེ་ཁྲིད་ཀྱང་གནང་།
ཕྱི་ལོ་ ༢༠༡༦ ལོར་མཆོག་སྤྲུལ་རིན་པོ་ཆེས་ཆེད་དུ་གདན་འདྲེན་ཞུས་པ་བཞིན། མཁན་པོ་དགེ་འདུན་རྒྱ་མཚོ་མཆོག་བོད་ནས་ཆེད་ཕེབས་མཛད་དེ་མཁན་པོའི་ཐུགས་འགན་བཞེས་ཤིང་། ད་ལྟའི་བར་འཛིན་གྲྭ་གོང་འོག་བར་གསུམ་ལ་གཞུང་ཆེན་བཀའ་པོད་ལྔ་རང་ལུགས་ཀྱི་ཡིག་ཆའི་ཐོག་ནས་དཔེ་ཁྲིད་རྒྱུན་མི་ཆད་པར་གནང་བཞིན། དགོན་པའི་ལུགས་གཉིས་ཀྱི་ཐུགས་འགན་ཡང་གཙང་བཞེས་མཛད་པས། ཐོས་བསམ་སློབ་གཉེར་དང་། སྒྲིག་ལམ་ཀུན་སྤྱོད་བཅས་ཀྱི་ཐད་ཡར་རྒྱས་བླ་ན་མེད་པ་བྱུང་དང་འབྱུང་བཞིན་ཡོད།
དེ་བཞིན་ཕྱི་ལོ་ ༢༠༢༢ ལོར་དགེ་བཤེས་ལྷ་རམས་པ་དྲི་མེད་འོད་ཟེར་མཆོག་སླར་ཡང་ཆེད་ཕེབས་ཀྱིས། གཞུང་ཆེན་ཁག་གི་དཔེ་ཁྲིད་རྒྱུན་མི་ཆད་པར་གནང་བཞིན་ཡོད་ལ། གཞན་ཡང་མཁན་པོ་རིན་ཆེན་བཟང་དང་། དགེ་རྒན་དམ་པ་གནས་མཆོག དགེ་རྒན་ཐུབ་པ་བཟང་། དགེ་རྒན་ཀླུ་སྒྲུབ། རྒན་ཚུལ་ཁྲིམས་བཟང་པོ། རྒན་ཏིང་འཛིན་བཟང་། རྒན་དབང་ཐང་སོགས་ཀྱིས་དབུས་དགེ་རྒན་སུམ་ཅུ་ལྷག་གིས་སྐབས་བབ་ཀྱི་སློབ་ཁྲིད་རིམ་པར་གནང་དང་གནང་བཞིན་ཡོད།
ད་ལྟའི་ཆར་དགོན་སྡེ་འདིར་དགེ་འདུན་པ་ཉིས་བརྒྱ་ལྔ་བཅུ་ལྷག་གིས་མདོ་སྔགས་རིག་གནས་དང་བཅས་པར་ཐུགས་གཉེར་གནང་བཞིན་ཡོད་ལ། གྲྭ་ཚང་འདིར་གཙོ་བོར་སློབ་གྲྭ་དང་། བཤད་གྲྭ དུས་འཁོར་སྒྲུབ་གྲྭ་བཅས་ཁག་གསུམ་ཡོད།
ཆོས་སྡེ་འདིའི་སློབ་གཉེར་གྱི་བརྒྱུད་རིམ་ནི། ཇི་སྐད་དུ། “ཐོག་མ་བར་དང་མཐར་དགེ་བ།།” ཞེས་གསུངས་པ་ལྟར། ཐོག་མར་དགེ་བ་རྨང་གཞི་ནས་འཛིན་གྲྭ་ལྔ་བ་བར་ལོ་དྲུག་རིང་ཤེས་བྱའི་གཞི་མ་ཡི་གེའི་སྦྱོར་བ་ནས་བཟུང་ཐུན་མོང་རིག་གནས་ཀྱིས་དབུ་བཙུགས།
བར་དུ་དགེ་བ་བསྡུས་གྲྭ་ལོ་གཉིས། རྟགས་རིགས་ལོ་གཅིག བློ་རིག་དང་གྲུབ་མཐའ་ལོ་གཅིག རྣམ་འགྲེལ་ལོ་གཅིག ཕར་ཕྱིན་ལོ་བཞི། དབུ་མ་ལོ་གཉིས། མཛོད་ལོ་གཉིས། འདུལ་བ་ལོ་གཉིས། སྔགས་ལོ་གཉིས་ཏེ་བསྡོམས་པའི་མི་ལོ་བཅུ་བདུན་རིང་གཞུང་ཆེན་བཀའ་པོད་ལྔ་དང་། གསང་སྔགས་རྒྱུད་སྡེ་བཞིས་གཞུང་བསྲིང་སྟེ་མདོ་སྔགས་གཉིས་ཀར་ཐོས་བསམ་མཐར་ཕྱིན་པ་ན།
ཐ་མར་དགེ་བ་སྟེ་ཐུན་མིན་དཔལ་མཆོག་དུས་ཀྱི་འཁོར་ལོའི་བསྐྱེད་རྫོགས་ཀྱི་ཉམས་ཁྲིད་ལོ་གསུམ་ཕྱོགས་གསུམ་རིང་ཉམས་བཞེས་མཛད་དེ། སྟོང་གཟུགས་ཕྱག་རྒྱ་ཆེན་པོ་ལ་དབང་འབྱོར་བའི་བར་བརྒྱུད་ལྡན་བླ་མའི་ཕྱག་ལེན་ཇི་ལྟ་བ་བཞིན་སྒོམ་སྒྲུབ་གནང་བཞིན་ཡོད།
ཕྱི་ལོ་ ༢༠༡༤ ལོར་མཆོག་སྤྲུལ་རིན་པོ་ཆེ་སྐུ་འཁོར་བཅས་དོལ་པོར་ཆིབས་བསྒྱུར་གནང་སྐབས། ཀོ་མང་སྤྲུལ་སྐུ་རྡོ་རྗེ་ཚེ་དབང་མཆོག་གིས་དབུས་འབྲེལ་ཡོད་སྡེ་འབངས་ཡོངས་ཀྱིས་དོལ་པོ་པུ་གསང་སྔགས་ཆོས་གླིང་དགོན་པ་(Dolpo Pu Monastery)མཆོག་སྤྲུལ་རིན་པོ་ཆེར་དགོན་མགོ་ཕུལ་བས། དགོན་མིང་ལ་བལ་ཡུལ་ཇོ་ནང་པུ་དགོན་བདེ་ཆེན་ཆོས་གླིང་ཞེས་བཏགས་ཤིང་། དེ་ནས་བཟུང་བལ་ཡུལ་ཇོ་ནང་དགོན་ངེས་དོན་རྟག་བརྟན་བཤད་སྒྲུབ་ཆོས་འཁོར་གླིང་གི་ཡན་ལག་ཏུ་གྱུར། དགོན་པ་འདི་ཐོག་མར་ཀུན་མཁྱེན་དོལ་པོ་སངས་རྒྱས་ཀྱིས་ཕྱི་ལོ་ ༡༢༦༦ ལོར་ཕྱིར་དོལ་པོ་ཕེབས་སྐབས། ཡུལ་མིའི་རེ་འདུན་ལྟར་ཀ་ཡོ་རིའི་ཉེ་འགྲམ་དུ་ཕྱག་འདེབས་མཛད་ཅིང་། དེར་སྐུ་གཟུགས་མཆོད་རྟེན་ཏེ་ཁོང་གི་སྐུ་ཚད་དང་མཉམ་པའི་མཆོད་རྟེན་བཞེངས་ཤིང་རབ་གནས་ཀྱང་མཛད་པས། ཕྱིས་སུ་སྐུ་གཟུགས་མཆོད་རྟེན་ཞེས་གྲགས། ད་ལྟའི་ཆར་དགོན་པ་དེར་སྔགས་བཙུན་སུམ་ཅུ་ལྷག་བཞུགས།
གཞན་ཡང་དགོན་སྡེ་འདིའི་འཛིན་སྐྱོང་གི་འོག་ཏུ་དཀར་མ་རོང་གི་སྔགས་དགོན་དང་། དོལ་པོ་ཕལ་སྡེ་བར་ཕྱི་ལོ་ ༢༠༡༦ ལོར་གསར་འཛུགས་བྱས་པའི་དོལ་པོ་ཇོ་ནང་ཤེས་རབ་སློབ་ཆུང་ཕན་བདེའི་དགའ་ཚལ་གླིང་དང་། ཕྱི་ལོ་ ༢༠༢༢ ལོར་དགོན་པའི་ཉེ་འདབ་ཏུ་གསར་བསྐྲུན་བྱས་པའི་རྒྱལ་སྤྱིའི་ཇོ་ནང་སྔགས་མང་ཤེས་རིག་ནོར་བུའི་སློབ་གླིང་སྟེ་སློབ་གྲྭ་ཁག་གཉིས་ཡོད་ཅིང་། ད་ལྟ་སློབ་གྲྭ་གཉིས་ཀར་བསྡོམས་དགེ་སློབ་བརྒྱ་དང་ལྔ་བཅུ་ལྷག་ཡོད་དོ།།
གཞན་ཡང་དགོན་འདིར་ ༢༠༡༨ ལོར་ཕར་ཕྱིན་དམ་བཅའ་སྐབས་དང་པོ་དང་། ༢༠༡༩ ལོར་ཕར་ཕྱིན་དམ་བཅའ་སྐབས་གཉིས་པ་བཞག་པ་དང་། ༢༠༢༤ ལོར་དཀའ་བཅུ་དགེ་བཤེས་ཀྱི་དམ་བཅའ་བཞག་པ་སོགས་ཆོས་མཐུན་གྱི་མཛད་འཕྲིན་རྒྱས་དང་རྒྱས་བཞིན་པའོ། །
ཕྱི་ལོ་ ༢༠༢༣ ལོའི་ཟླ་ ༣ ཚེས་ ༢༠ ཉིན། བེ་རི་རིག་པའི་རྡོ་རྗེས་མཁན་པོ་རིན་ཆེན་རྒྱ་མཚོས་མཛད་པའི་བལ་ཡུལ་ཇོ་ནང་དགོན་ངེས་དོན་རྟག་བརྟན་བཤད་སྒྲུབ་ཆོས་འཁོར་གླིང་གི་ལོ་རྒྱུས་མདོ་ཙམ་བརྗོད་པ་བདེན་དོན་སྨྲ་བའི་ཚངས་ཐིག་དང་། མཁན་རིན་པོ་ཆེ་དགེ་འདུན་རྒྱ་མཚོས་མཛད་པའི་བལ་ཡུལ་ཇོ་ནང་དགོན་པའི་ལོ་རྒྱུས་མདོར་བསྡུས་གཉིས་ལ་འཕྲི་སྣོན་ཅུང་ཟད་བྱས་པ་དགེ་བར་གྱུར་ཅིག






















