རྗེ་བཙུན་ཏཱ་ར་ནཱ་ཐའི་གསུང་ཚིག་བྱིན་ལྡན་ཞིག་གི་ཚིག་འགྲེལ་བསྡུས་པ།

རྗེ་བཙུན་ཏཱ་ར་ནཱ་ཐའི་གསུང་ཚིག་བྱིན་ལྡན་ཞིག་གི་ཚིག་འགྲེལ་བསྡུས་པ།

༄༅།།བདེ་གསལ་མི་རྟོག་པའི་རང་བྱུང་ཡེ་ཤེས་ལ་ཕྱག་འཚལ་ལོ།།

རྗེ་བཙུན་ཏཱ་ར་ནཱ་ཐའི་ཞལ་སྔ་ནས།

སྒྱུ་མའི་རང་སྣང་རྗེན་ནེ་ནེ། །
གཏད་མེད་རིག་པ་སལ་ལ་ལ། །
བརྗོད་མེད་དབྱིངས་སུ་ཐལ་ལ་ལ། །
བདེ་བ་ཆེན་པོ་ཁྲིལ་ལི་ལི། ། ཞེས་པའི་ཚིག་དོན་ནི།

སྒྱུ་མའི་རང་སྣང་རྗེན་ནེ་ནེ། །ཞེས་ཀུན་རྫོབ་རྒྱུ་རྐྱེན་རྟེན་འབྲེལ་སྒྱུ༵་མ༵འི་རྣམ་པར་སྣང་བ་མ་འགག་པའི་ར༵ང་སྣ༵ང་སྒྲིབ་གཡོག་དང་བྲལ་བར་རྗེ༵ན་ནེ༵་ནེ༵འམ་གསལ་སངས་ངེ་ཤར་བའི་དོན་ཏེ་རང་བབ་རྣལ་མའི་གནས་ཚུལ་གསལ་བར་ཤར་བ་ཡིན་པ་དང་། རྗེན་ནེ་ནེ་ཞེས་གཉིས་སྨོས་པ་ཚིག་རྒྱན་ཡིན་ལ་འོག་མ་དག་ལ་དེ་བཞིན་ཤེས་པར་བྱའོ།།

གཏད་མེད་རིག་པ་སལ་ལ་ལ། །ཞེས་འཛིན་གཏ༵ད་ཞེན་མྱོང་སོགས་སྤྲོས་པ་ཀུན་མེ༵ད་པའི་རང་བཞིན་འོད་གསལ་བའི་རི༵ག་པ༵་ས༵ལ་ལ༵་ལ༵འམ་ཟང་ཐལ་ཏེ་ཐོགས་རྡུགས་མེད་པའམ་སྒྲིབ་བྱེད་མེད་པར་གསལ་བ་ཡིན་པ་དང་།

བརྗོད་མེད་དབྱིངས་སུ་ཐལ་ལ་ལ། །ཞེས་དོན་དམ་ཆོས་ཀྱི་སྐུ་ནི་སྨྲ་བསམ་བརྗོ༵ད་དུ་མེ༵ད་པ་གཞི་དབྱི༵ངས་སུ༵་ཐ༵ལ་ལ༵་ལ༵འམ་གནས་ལུགས་ངོ་སྤྲོད་པའི་སྐབས་སུ་ཟང་ཐལ་གྱི་རྣམ་པ་གསལ་བྱེད་དུ་སྤྱོད་པའི་རྒྱན་ཚིག་ཅིག་སྟེ། ཐིག་ལེ་ཀུན་གསལ་ཆེན་པོའི་རྒྱུད་ལས། སྒྲིབ་པ་མེད་པས་ན་ཟང་ཐལ་ལོ། །ཞེས་དང་། ཟབ་དོན་སྙིང་པོ་ལས། ཟང་ཐལ་དུ་སལ་ལེ། ཞེས་དང་། རྣལ་འབྱོར་བཞིའི་རིམ་པ་ལས། སེམས་སྣང་བའི་རང་འགྲོས་ལ། ཡུལ་རིག་པའི་འཆར་ཚུལ་ལ། རིག་པ་རང་མལ་ཆོས་ཀྱི་སྐུ་ལ། ཕྱལ་པ་བར་མེད་རྒྱ་ཡན་ལ། རང་བབ་རྣལ་མའི་འདུག་ཚུལ་ལ། རྗེན་ནེ། ཡེར་རེ། ཟང་ཐལ་ལ་ལ། ཕྱམ་ཆལ་ལ་ལ། དག་སངས་སངས། ཞེས་གསུངས་ལ། རྫོགས་ཆེན་གྱི་ཆོས་སྐད་དང་མཐུན་པར་གསུངས་པར་སྣང་། རྗེ་བཙུན་གྱི་བླ་མའི་རྣལ་འབྱོར་ལས། རང་རིག་རང་གསལ་སྤྲོས་བྲལ་དབྱིངས་ཀྱི་ངང་། །སྐྱེ་འགག་མེད་ཅིང་འགྲོ་འོང་གནས་དང་བྲལ།། དོན་དམ་སྐུ་ཅན། ཞེས་གསུངས་པ་དང་། བླ་མ་མཆོད་པ་ལས། མ་བཅོས་སོ་མ་རང་ཤར་ལྷན་ནེ་བ།། ལྷུན་གྲུབ་འབད་རྩོལ་མེད་པའི་ངང་དུ་བཞག །ཅེས་གསུངས་པ་དང་གནད་འདྲའོ།།


བདེ་བ་ཆེན་པོ་ཁྲིལ་ལི་ལི། །ཞེས་མཆོག་དུ་མི་འགྱུར་བའི་བདེ༵་བ༵་ཆེ༵ན་པོ༵་ཁྲི༵ལ་ལི༵་ལི༵འམ་གཟུང་འཛིན་དང་བྲལ་བའི་བདེ་བ་མ་འགག་པའི་ངོ་བོ་ཡིན་པའོ།། རྣལ་འབྱོར་བའི་ཉམས་སྣང་ལ་ཐིག་ལེ་ཞུ་བ་འཛག་མེད་དུ་བཅང་བའི་འགྱུར་མེད་བདེ་བ་ཆེན་པོ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རིམ་གྱིས་ཤར་བའོ།།གནད་བསྡུས་ན་སྤྲོས་པའི་སྣང་བ་དང་བྲལ་བའི་རང་བཞིན་འོད་གསལ་བའི་བདེ་བ་ཆེན་པོའོ།།

ཇོ་ནང་དགེ་བཤེས་༸ངག་དབང་དངོས་གྲུབ་དཔལ་ལགས་ཀྱིས་མཛད།
ནང་དོན་ཡོངས་ཁུངས། ཐུབ་པའི་རྗེས་རབས་བོད་ཡིག་སྤྱི་སྟེགས།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།