སྦྱོར་དྲུག་པའི་ཆོས་བརྒྱུད་འདི་ལ་ཇོ་ནང་པ་ཞེས་པའི་མིང་ཐོགས་ཚུལ།

སྦྱོར་དྲུག་པའི་ཆོས་བརྒྱུད་འདི་ལ་ཇོ་ནང་པ་ཞེས་པའི་མིང་ཐོགས་ཚུལ།

དུས་འཁོར་བོད་དུ་དར་ནས་མི་ལོ་ཉིས་བརྒྱ་དྲུག་ཅུ་ལྷག་སོང་བའི་མཚམས་སུ་ཀུན་སྤངས་ཐུགས་རྗེ་བརྩོན་འགྲུས་ཇོ་མོ་ནང་པ་ཞེས་པའི་རི་ཁྲོད་དུ་ཕེབས་ཏེ་སྦྱོར་དྲུག་གི་བསྟན་པ་སྤེལ་ཞིང་། གནས་དེ་ནས་རིམ་པར་འཁོར་སློབ་ཤིན་ཏུ་རྒྱས་ཏེ་སྦྱོར་དྲུག་གི་བསྟན་པ་དར་ཞིང་རྒྱས་པར་གྱུར་ཞིང་། དེ་ཉིད་ཇོ་ནང་བསྟན་པའི་གདན་ས་གཙོ་བོ་རུ་གྱུར་བའི་སྟབས་ཀྱི་ཡུལ་མིང་ཆོས་ལ་ཐོགས་ཏེ་ཇོ་ནང་པ་ཞེས་སུ་གྲགས། དེ་ཡང་ཀུན་སྤངས་པ་ཆེན་པོའི་ཇོ་མོ་ནང་པའི་གནས་དེར་ཇི་ལྟར་ཕེབས་ཤིང་བསྟན་པ་སྤེལ་བའི་ཚུལ་ནི། ཉིན་ཞིག་ལྷ་སྨན་གྱི་གཙོ་མོ་ཇོ་མོ་ནགས་རྒྱལ་མ་ཀུན་སྤངས་པའི་དྲུང་དུ་ཡོང་ནས། ཁྱེད་ལ་གནས་ལེགས་པ་ཞིག་འབུལ་ཞེས་གསུངས་ཏེ་ཇོ་མོ་ནང་བ་ཞེས་པའི་གནས་དེར་སྤྱན་དྲངས། ཀུན་སྤངས་པ་ཆེན་པོས་ཀྱང་གནས་དེ་ནི་སྦྱོར་དྲུག་གི་བསྟན་པ་སྤེལ་བའི་གནས་ཁྱད་པར་བ་ཞིག་ཏུ་དགོངས་ཏེ་དེར་བཞུགས་ནས་དུས་འཁོར་རྒྱུད་འགྲེལ་གྱི་དུས་ཆོས་གསུངས་ཤིང་། སློབ་མ་བརྒྱ་སྟོང་མང་པོ་ལ་སྦྱོར་དྲུག་གི་ཁྲིད་ཚན་ལྔ་དྲུག་རེ་དུས་མཉམ་དུ་གནང་། སྦྱོར་དྲུག་གི་ཁྲིད་རྒྱུན་མི་འདྲ་བ་བཅུ་བདུན་ཡོད་པ་ཀུན་ཀྱང་ཐུན་མོངས་མ་ཡིན་པའི་གདམས་ངག་དང་མཐུན་པར་ཉམས་བཞེས་མཛད་པར་མ་ཟད། དེ་དག་གི་སྙིང་པོ་ཐོག་མཐའ་བར་དགེའི་ཁྲིད་ཡིག་ཀྱང་མཛད་དེ། དེ་ནི་བོད་ཀྱི་སྦྱོར་དྲུག་གི་ཁྲིད་ཡིག་དག་ལས་ཆ་ཚང་ཞིང་ཁུངས་བཙུན་པའི་ཁྲིད་ཡིག་ཐོག་མ་ཡིན་པར་གྲགས།

བོད་ཀྱི་སྦྱོར་དྲུག་གི་ཁྲིད་ཡིག་དག་ལས་ཆ་ཚང་ཞིང་ཁུངས་བཙུན་པའི་ཁྲིད་ཡིག་ཐོག་མ་མཛད་པ་པོ་ཆོས་རྗེ་ཀུན་སྤངས་ཐུགས་རྗེ་བརྩོན་འགྲུས་མཆོག

དེ་ལྟར་ཁོང་གིས་གནས་དེ་ནས་ཀུན་སྤངས་བུ་བཞིར་གྲགས་པ། བྱང་སེམས་རྒྱལ་བ་ཡེ་ཤེས། ལ་སྟོད་པ་དབང་རྒྱལ། མུན་མེ་བྲག་ཁ་བ། སྲོན་པ་ཀུན་རྒྱལ་སོགས་རྣལ་འབྱོར་བ་མང་པོར་སྦྱོར་དྲུག་གི་གདམས་པ་གནང་ནས་རིམ་བཞིན་དར་ཞིང་། ཀུན་མཁྱེན་སྟོན་པ་བཞི་ལྡན་གྱིས་ཀྱང་སྐྱི་སྟོན་མདུན་ནས་རྭ་བའི་བཤད་པ་དང་། ཇོ་ནང་བའི་ཐོག་མའི་བླ་མ་རྣམ་གསུམ་གྱི་ནང་ཚན་བྱང་སེམས་རྒྱལ་བ་ཡེ་ཤེས་དང་། མཁས་བཙུན་ཡོན་ཏན་རྒྱ་མཚོའི་དྲུང་ནས་འབྲོ་བའི་སྒྲུབ་པའི་གདམས་ངག་ཞུས་ཏེ་བཤད་སྒྲུབ་སྤེལ་མའི་ལམ་ནས་སྦྱོར་དྲུག་གི་བསྟན་པ་རྒྱ་ཆེར་སྤེལ་བར་བྱས། ཀུན་མཁྱེན་དོལ་པོ་པས་སྦྱོར་དྲུག་གི་བསྟན་པ་རྒྱ་ཆེར་སྤེལ་ཞིང་ཉམས་ལེན་གྱི་གདེང་དང་ལྡན་པའི་སྐྱེས་བུ་འགྲན་ཟླ་དང་བྲལ་བ་ཞིག་ཏུ་གྱུར་ཞིང་། དུས་འཁོར་གྱི་དབང་སྐུར་སྐབས་ཐ་ན་བྱ་བྱིའུ་ཚུན་ལ་ཡེ་ཤེས་འབེབ་པ་སོགས་ཀྱི་རྟགས་མཚན་མངོན་དུ་བྱུང་སྟེ། ཁོང་ཉིད་ཀྱི་ཞལ་ནས་ཀྱང་། དུས་ད་ལྟ་གངས་ཅན་ཁྲོད་འདི་ན།། ཆོས་མཁས་པ་མང་དུ་བཞུགས་ལགས་ཀྱང་།། ཉམས་འདི་འདྲ་ཤེས་པ་རེ་རེ་ཙམ།། ཤམ་བྷ་ལ་ཆོས་ཀྱི་ཕོ་བྲང་ན།། ཉམས་འདི་འདྲ་མཁྱེན་པ་མང་དུ་བཞུགས།། ཡུལ་གངས་ཅན་ཁྲོད་ན་ཁོ་བོ་ཙམ།། ཞེས་ཀྱང་གསུངས།

ཁམས་གསུམ་ཆོས་ཀྱི་རྒྱལ་པོ་རིགས་ལྡན་སྤྲུལ་བའི་སྐུ་ཆེན་པོ་ཀུན་མཁྱེན་ཇོ་ནང་པ་ཤེས་རབ་རྒྱལ་མཚན་དཔལ་བཟང་པོ་མཆོག

སྐབས་དེ་དག་ཏུ། ཀུན་སྤངས་པའི་དངོས་སློབ་ཕུ་ཤར་ནུབ་ཏུ་འཕུར་ནུས་པའི་གྲུབ་ཐོབ་མ་ཞིང་བཙུན་ཡོན་ཏན་མཚོ་དང་། ཀུན་མཁྱེན་དོལ་པོ་པའི་ཐུགས་སྲས་ཟླ་བ་ཕྱེད་ཀྱི་རིང་ལ་མི་ཟས་གསོལ་མི་དགོས་ཤིང་། ནམ་མཁར་འཕུར་ཏེ་མཆོད་རྟེན་རྩེ་ནས་སྐོར་བ་བྱེད་ནུས་པའི་གྲུབ་ཆེན་དབུས་པ་དང་། མི་ལོ་ཉེར་ལྔར་ཁམས་ཟས་གསོལ་མི་དགོས་པར་བཞུགས་ཐུབ་པའི་གྲུབ་ཆེན་རྟ་ར་བ་སོགས་སྦྱོར་དྲུག་གི་རྣལ་འབྱོར་ཕོ་མོ་བགྲང་ལས་འདས་པ་བྱོན་ཏོ།།
དེ་ནས་རིམ་པས་ཆོས་རྗེ་ཕྱོགས་ལས་རྣམ་རྒྱལ། ཉ་དབོན་ཀུན་དགའ་དཔལ་བཟང་། གྲུབ་ཆེན་ཀུན་དགའ་བློ་གྲོས། འཇམ་དབྱངས་དཀོན་མཆོག་བཟང་པོ། པཎ་ཆེན་ནམ་མཁའ་དཔལ་བཟང་། ལོ་ཆེན་རཏྣ་བྷ་དྲ། རྗེ་བཙུན་ཀུན་དགའ་གྲོལ་མཆོག དེའི་ཐུགས་སྲས་མཁས་གྲུབ་རྣམ་གསུམ།

ངེས་དོན་སྒྲ་དབྱངས་དགོངས་པ་ཅན་དུ་སྒྲོག།
བརྟུལ་བཞུགས་གྲུབ་ཅིང་དགེ་སློང་ཆ་ལུགས་འཛིན།།
གྲུབ་པའི་དབང་ཕྱུག་མཁས་པའི་མཐར་ཕྱིན་པ།།
ཏཱ་ར་ནཱ་ཐའི་ཞབས་ལ་གསོལ་བ་འདེབས།།
གསང་བདག་སྒྲོལ་བའི་མགོན་པོ། དེའི་སློབ་མ་རྒྱ་མཚོ་རྣམ་གསུམ། རྣལ་འབྱོར་མ་འཕྲིན་ལས་དབང་མོའི་བར་དུ་སྦྱོར་དྲུག་ཉམས་ལེན་བྱེད་པའི་རྣལ་འབྱོར་བས་དབུས་གཙང་གི་ཡུལ་གྲུ་ཀུན་ཏུ་ཁྱབ་པར་གྱུར་ཞིང་། མདོར་ན་སྦྱོར་དྲུག་གི་བསྟན་པ་རྒྱ་ཆེར་དར་བའི་གཞི་མ་ནི་ཇོ་མོ་ནང་པའི་གདན་ས་ཁྱད་པར་བ་དེ་ཡིན་པས་ན། ཆོས་བརྒྱུད་འདིའི་མཚན་ལའང་ཇོ་ནང་པ་ཞེས་སུ་གྲགས་སོ།།

རྩོམ་སྒྲིག་པ། རྩི་ནང་དབྱིངས་རིག
ཡོངས་ཁུངས། བྱང་ཕྱོགས་ཀ་ལཱ་པའི་གྲོང་དུ་ཟབ་གསང་སྔགས་ཀྱི་བསྟན་པ་དར་བའི་ལོ་རྒྱུས་འཕྲིན་སྟེགས།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།