ཉེར་གསུམ་པ།
མཛད་པ་པོ། རྗེ་བཙུན་ཏཱ་ར་ནཱ་ཐ།
ད་ནི་དཀྱུས་ལ་འཇུག་པར་བྱ་སྟེ། དེ་ལོ་འཁྲིད་གསར་བ་མང་རབ་དང༌། འཁྲིད་ལོ་འབྲིང་ཙམ་བྱུང༌། ཆོས་རྗེ་ཀུན་བློ་བ་དང༌། གྲྭ་ཚངས(ཚང)ཆེན་མོའི་སློབ་དཔོན་རིན་པོ་ཆེ་བླ་མ་བ་དང༌། ཡོལ་པ་མཁན་ཆེན་སོགས་མང་རབ་ལ། སྦྱོར་དྲུག་བརྒྱུད་པ་མི་འདྲ་བ་གཞན་ཡང་འགའ་རེ་བཤད། སྡེ་བ་ལྗང་པ་ཆོས་རྗེ་ལ་སྲོག་གེགས་བྱུང་བ་ལ་གེགས་སེལ་ཅིག་བསྟན། སྒོམ་པའི་ལུགས་བྱས་ཀྱང་བཅས་བཅོས་གཞན་བྱེད་མཁན་མང་བའི་སྐྱོན་གྱིས་འདས།
ཧོར་ཟླ་གཉིས་པའི་ཚེས་ཉི་ཤུ་ནས་ཀུན་དགའ་ཆོས་དབྱིངས་པའང་ལྷག་པར་ན་བ་ལ། རིམ་གྲོ་སྨན་དཔྱད་སོགས་གང་ཡོད་བྱས་ནའང་། ནད་འོར་དུ་ལྷུང་བའི་སླར་ཕྱིར་ལོད་ལ། ཧོར་ཟླ་གསུམ་པའི་ཉེར་གཉིས་ལ་ཁམས་མ་འཚོ། རྗེས་སྒྲུབ་གང་དྲག་རང་བཏང་། བཟང་ཐག་ཆོད་པ་བྱུང་ཡང་བྱུང་བ་དེ་ཡིན། ནད་གཞི་ནི་སྤྱི་བབས་ཆང་སྐྱོན་གྱི་སྔ་སོར་ནས་ལུས་ཟོམ་ཞིང་། ཡང་ཡང་ན་འོང་བ་ཅིག(ཞིག)གདའ། དེ་སྐབས་ཀྱང་སྨུག་པོ་བྱེར་བ་འདྲ་བ་ཞིག་འདུག །འཚོ་བྱེད་སྤེ་བཟང་པ་རྡོར་གྱིས་བརྟག་དཔྱད་བྱས་པ་ཟས་ངན་དུ་ངོས་འཛིན་བྱེད་ཀྱིན་གདའ། དོགས་གཞི་ཡང་ཅུང་ཟད་བྱུང༌། གཙོ་བོར་ནི་ཕན་པའི་ངག་ལ་མི་ཉན་པར་འབྲེལ་མེད་བྱུང་རྒྱལ་དུ་བསྐྱངས་པས་ལན་སོང༌།
རིན་པོ་ཆེ་ཀ་བཞི་ནས། འདི་སྐབས་ཀྱི་སྔ་ཕྱི་རྣམས་ལ། དགོན་གྲྭ་རིགས་དང་བཅས་པ་ཐམས་ཅད་ད་དགོས་ཁྱོད་ལ་བློ་གཏོད་དགོས་འདུག །ངེད་ཚོའི་ཆ་ནས་ཆོས་ནས་བཤད་པའི་བླ་མ་བསྟེན་ཚུལ་རྣམ་དག་ཅིག་དགོས་རྒྱུར་འདུག་ནའང་། ཁྱེད་ལ་སྔར་དེ་བཞིན་ལ་མ་གྲུབ་པ་ལ་འཐོལ(མཐོལ)བཤགས་འབུལ། སྐྱེ་བ་ཕྱི་མ་བླ་མའི་དགོངས་པ་སྒྲུབ་པར་སྨོན་ལམ་འདེབས། གྲྭ་པ་ཀུན་ལའང་དེ་མཐུན་གླེང་བ་ཡོད་ཅེས་སྔ་མ་སྐུ་སྙེལ་བ་ཙམ་ནས་མ་གཤེགས་པར(བར)ལ་བཏུད(བསྟུད)མར་བྱུང༌།
ཧོར་ཟླ་གསུམ་པའི་ཚེས་གསུམ་ལ་སྐུ་མ་འཚོ་བར་གདའ། དེ་མཐུན་གྱི་ཆོས་ལུང་བྱང་རྩེའི་ཕག་མོ་དུར་ཁྲོད་དུ་སྤུར་བཞུ་དང༌། ངེད་ལ་ཡང་བསྔོ་རྟེན་གནས་ཚུལ་སྐྱེལ་བ་ལ་གྲྭ་རིགས་རྣམས་བྱོན་ཞིང༌། འོན་ཀྱང་གྲྭ་རིགས་ཀྱི་མགོ་མི་དང་། དགོན་པའི་ཁུར་ལེན་ངེད་ཀྱིས་བྱེད་མ་དགོས{པས་ངེད་ལ་ཤིན་ཏུ་ལེགས་པ་བྱུང་།}
ཡང༌འདི་སྐབས་སུ་འཇགས་ཀྱི་ཕྱོགས་སུ་ཚོ་གཉིས་སུ་སོང་བའི་ཕྱོགས་གཅིག་སྔར་ལུགས་བཞིན་གྱི་རྒྱུད་ལ་གནས་ན་སེམས་པ་དང༌། བླ་བྲང་རྙིང་པ་པའི་མི་ངོ་ཤུལ་མ་རྣམས་སྐུ་སྐྱེའི་དབོན་པོ་ལ་བརྟེན་གཞན་ཕྱོགས་ལ་ལྷག་པར་མོས་པའི་ཟི་རེ་བ་བྱུང་ཞིང༌། གཉིས་ཐད་ནས་ཡི་གེ་དང་ཟེར་ལུགས་མི་འདྲ་བ་གསོར་ཐག་འཐེན་ཡོང་བ་ཞིག་གདའ། བསམ་མནོ་ལ་འཕྲལ་དར་རྒྱས་ཆེ་ཆུང་དང་ཁ་དྲག་ཞན་ཇི་ལྟར་བྱུང་ཡང་། ཆོས་ལུགས་རྐང་མ་འཆུགས་ཙམ་བྱུང་བ་ཤངས་ལུགས་ཀྱི་ཆོས་ཀྱི་བསྟན་པ་ལ་ཕན་པ་ཡིན་བསམ་པ་དང༌། ཆོས་ཀྱི་རྐང་འཆུགས་ན། དར་རྒྱས་ཆེ་ཡང་ཤངས་པ་བཀའ་བརྒྱུད་དར་བར་མི་འགྲོ། དགོས་དོན་སྟོང་འདུག་བསམ་པས། སོ་སོའི་དབང་དུ་མ་བཏང་བར་བསམ་རྩེར་སྡེ་པ་ལ་ཡང་ཞུས།
རྣམ་གླིང་ཆོས་སྡེ་དང་། དགའ་གདོང་སོགས་ཀྱིས་སྔ་མོ་ནས་སྡེ་པ་ལ་ཡང་ཡང་ཞུས་གདའ་ན་ཡང༌། དང་པོའི་ཞལ་ངོ་དེ་ཚོ་ཤེས་ལྡན་འདུག་ཅིང་། གཞན་འབའ་ཞིག་ལ་གྲོས་འདྲི་མི་དགོས་པར་རང་ཐག་ཆོད་པ་ཞིག་ཡོད་པས་ཞལ་བཞེས་མ་མཛད་གདའ། དེ་ཀས་ད་ལྟའི་བར་དུ་ཚུགས་མ་སྟོར་ཙམ་བྱུང༌། ཞབས་དྲུང་ཏྲེ་བོས་ཀྱང་འཇགས་དགོན་པ་ཕྱག་ཏུ་དགོས་ཚུལ་ཕེབས་བྱུང་ནའང༌། ལན་འདེབས་ལ་སྤྱིར་གྱི་འབུལ་མི་འདོད་པ་མིན་ཡང་། འདི་ཀུན་ཞལ་འཛིན་གནང་ཡང་། ཁོང་ཚོ་ལ་ཡང་ཕན་མི་ཐོགས་ཤིང་། ཕྱག་ཏུ་ཡང་ཕན་པ་དཀའ་བས། ད་རེས་མི་ལེགས་ཞུས། དེ་ཀ་ལུང་བསྟན་བཞིན་དུ་སོང་གདའ།
དེ་ནས་ལོ་མ་འགོར་བར་ཞབས་དྲུང་ངང་སྐུ་འདས། འདི་སྐབས་ལྷུན་གྲུབ་སྤེའུ་ནས་བཀོད་པ་མཛད། རྩད་སྐོར་གླང་ལུང་རྫོང་མདུན་ཁྲམ་མདའ་རྣམས་ལ་གྲྭ་ཁྲལ་གྲྭ་པ་གསར་བ་དྲུག་ཅུ་ལྷག་ཙམ་བྱུང་བ། ལོ་བདུན་ལོན་པ་ཡན་ཆད་རབ་བྱུང་བསྒྲུབས། བསྙེན་རྫོགས་པ་གཉིས་བྱུང༌། ཇོ་ནང་གི་ཆོས་གྲྭར་རབ་བྱུང་སྒྲུབ(བསྒྲུབ)ས་བྱས། འཕྲལ་གྱི་རྟེན་འབྲེལ་ཡང་ལེགས། ཁོང་ཚོ་ལ་མི་འཁྲུགས་པ་སོགས་ཆོས་སྣ་ཁ་ཡར་བསྒྲུབས།
དེ་ནས་ས་གའི་ཟླ་བའི་ཚེས་ལྔ་ལ་ཆོས་ལུང་བྱང་རྩེར་ཕྱིན། དེ་ཉིན་ལམ་བཀྲ་ཡང་ལེགས། ཞག་འགའ་ཤས་ཆོས་ཐན་ཐུན་དང༌། ལུས་ལ་ཕན་དུ་རེ་བའི་ཆུ་ཚན་འདྲ་བསྟེན་གྱི་ཡོད་སྐབས། ངམ་རིང་ནས་འབོད་མི་གནང་བའི་ངེད་ལྷུན་སྡིངས་ཙམ་དུ་སླེབ་དགོས་པའི་འཕྲད་འདོད་ཡིན། ནན་ཆགས་ཕེབས་བྱུང་ནའང༌། ཕྱོགས་དེར་འགྲོ་བ་ལྟས་ལ་མ་ཆུག་ཟེར་བ་བྱས་དེ(ཏེ)། དོན་ལ་ལྟག་ཚུགས་བཟུང་བའང་ཡིན། {དེ་མཐུན་གྱི་གནས་ཚུལ་ཞུ་བ་དང་།} ཅི་སྟེ་ངེས་པར་མཇལ་བའི་དགོངས་བཞེད་ཡིན་ན། ཆོས་ལུང་ཉིད་དུ་ཕེབས་པ་ལས་ཐབས་གཞན་མ་མཆིས་ཤིང༌། འདི་སྐོར་ལ་སྐུ་དོག་བར་ཆད་ཡེ་མེད་ཚུལ་འབུལ་བར་ཀུན་དགའ་དཔལ་བཟང་པ་སྐུ་ཞོགས་བརྫངས་དུས་རྗེ་འགྱུར་མེད་ཙམ་མ་གཏོགས་ཕེབས་པ་ལ་བཤོལ་འདེབས་བྱེད་མཁན་ཁོ་ན་བྱུང་འདུག་ནའང༌། དེ་རེས་སྐབས་ངེད་ཀྱི་ཚིག་ལ་ཐུགས་བཀལ་ནས། དེ་འཕྲལ་བསྐྱོད་པ་བདེ་བར་ཆོས་ལུང་ཉིད་དུ་ཕེབས་བཞུད་གནང་བྱུང་ཞིང༌། དེ་རེས་ཉེས་སྐྱོན་ཅང་མ་བྱུང་བ་དེ་ཀར་གདའ།
གཞི་བྱས་ཐམས་ཅད་ལ་དཔལ་འབྱོར་ཕུན་སུམ་ཚོགས་པའི་སྐྱེས་དང༌། རྣམ་དཀར་གྱི་ཕུན་ཚོགས་རྒྱ་ཆེན་པོ་དང་བཅས་པར་གྱུར་ཅིང༌། བཞེད་དགོངས་ལྟར་དཔལ་འཁོར་ལོ་ཆེན་པོའི་དབང་བཞི་ཡོངས་རྫོགས། {ཆོས་སྐྱོང་མགོན་པོའི་བཀའ་གཏད་སོགས}རྐྱེན་སེལ་གྱི་རྗེས་གནང་མང་རབ་དང་བཅས་པ་ཕུལ།
ལོ་དེ་ནང་དུ་སྐུ་དོག་ཇི་ལྟར་ཡོད་ཕེབས་པ་ལའང༌། ཧོར་ཟླ་བདུན་པ་ལ་འཛེར་བག་ཆེ་བ་ཙམ་དུ་སྣང༌། དེ་མིན་ཉེས་སྐྱོན་མེད་ཚུལ་འཆར་སྒོ་ལྟར་ཞུས། བྱང་ནས་ཞབས་དྲུང་ཉིད་ཀྱི་འཕྲལ་གྱི་བར་ཆད་འགའ་རེ་སེལ་བ་དང༌། སྐྱེ་བོ་མང་པོ་ལ་ཕན་པའི་ལྟས་ཀྱང་གསལ་བར་ཤར། ཆུ་ཆེན་པོ་གཅིག་ནས་སྲོག་ཆགས་ཀྱི་ཕུང་པོ་ལུད་ཕུང་ཙམ་སྐམ་སར་བཏོན་པ་དང༌། གསེར་གྱི་གྲུ་གཅིག་ལས་སྐྱེ་བོ་མང་པོ་སྒྲོལ་སྙམ་ན་འཇུག་མཁན་མང་པོ་ནི་མི་སྣང༌། ལས་མཐུན་ངོ་ཤེས་པ་ལྔ་དྲུག་ཙམ་ཆུའི་ཕ་ཁར་བསྒྲལ་བ་སོགས་རྨི། དེ་རྗེས་སྒྲུབ་སྡེ་རྣམས་ལ་རྩ་དབུ་མ་སོགས་འཁྲིད་ཆོས་འགའ་རེ་བྱས། འདི་སྐབས་ཞག་ཉེར་བདུན་བསྡད།
བསམ་རྩེར་ཤར་སྟེངས་ནས་དཔོན་ས་རིན་མོ་ཆེ་སྐུ་ཁམས་མ་འཚོ་བའི་བྱང་ཆོག་བྱེད་དགོས་བྱུང་བ་གཤེགས་རྐྱེན་རྒྱལ་པོའི་གནོད་པ་ལ་བརྟེན་པར་འདུག་པས། གཤེད་འབྲེལ་བགེགས་སྐྲོད་བུངས་བསྐྱེད་པས་ལྟས་ཀྱང་བཟང་བ་ཙམ་ཤར།
ངེད་འབྲུག་སྦྲུལ་རྟ་ལོའི་སྟོད་རྣམས་ལས་སྨད་ཕྱོགས་ལ་སོང་བའི་བར་ལ་སྨོན་འགྲོ་བ་དང་ཆོས་ལུང་གི་གྲྭ་པ་ཁ་རེ་ཁོག་འབྲེལ། དཔོན་པོ་ཀུན་རྡོར་བ་ཡང་རང་གི་རྩ་བའི་བླ་མ་རྗེ་རྡོ་རིངས(རིང)བ་ལ་དད་པ་ལོག །ངག་བཟང་པའི་ཆེ་བརྗོད་ཀྱིས་དུས་འདའ། དགོན་ཁོངས་དང་ལུང་པའི་ཕུ་རྣམས་བྱ་བྲལ་མིང་ཅན་སྐྱ་མིན་སེར་མིན་བྱི་པོ་ཆོམ་པོ་ཚོས་གང་པ་གཅིག་བྱས། ཇོ་ནང་དུའང་སྨོན་འགྲོ་བའི་ཁང་པར་སྟོང་རྫུས་ཚོའི་འདུ་འཚོག་སོགས་འགྲོ་འཆམས(མཚམས)བལྟ་རྒྱུའི་ཁུངས་དང་། བློ་ཕྱིར་འཆུས་མང་པོ་རང་བྱུང་འདུག །ང་ཡི་བསམ་པ་ལ་དེ་ཀ་རང་འདྲ་མོ་རང་བསམ་པ་གཅིག་བྱུང་བ་སླར་ངའི་བསམ་པ་དེར་སོང༌།
དེ་ནས་མར་ལམ་ཇོ་ནང་བརྒྱུད་ནས་བྱང་ཆེན་དུ་ཕྱིན། སླེབ(སླེབས)འཕྲལ་ནས་མཚམས་བསྡམས། ཟླ་བ་ཕྱེད་གསུམ་ཙམ་དུ་དགེ་སྦྱོར་འཕེལ་བར་བྱུང༌། ཁྱད་པར་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་སྒྲུབ་པ་དཀྱིལ་འཁོར་ལ་བརྟེན་པ་ཅུང་ཟད་བྱས་སྐབས་ཀྱང༌། སྤྱིར་ཡང་ལྟས་བཟང་བར་བྱུང་ཞིང༌། ཁྱད་པར་ཧོར་ཟླ་དྲུག་པའི་ཚེས་བརྒྱད་ཀྱི་ཉིན། སྒྲུབ་པའི་དཀྱིལ་འཁོར་ལས་དངོས་གྲུབ་བླངས་པའི་སྐབས་མེ་ཏོག་གི་ཆར་འབབ་པ་རྫུན་མེད་མངོན་སུམ་དུ་བྱུང་ཞིང༌། སྒྲུབ་པའི་དཀྱིལ་འཁོར་གྱི་ནང་མཆོད་ཀྱང་ཞག་མང་པོ་ལོན་ནའང་། གསར་པ་ལྟ་བུ་ལ་དཔེ་གཞན་གྱི(གྱིས)མཚོན་དུ་མེད་པའི་དྲི་རོ་བཟང་པོ་ཆེ་ཞིང་གསལ་བ་བྱུང་བ་ཡང་། སྦྱངས་པ་དང་རྟོགས་པའི་ཆ་ཤས་ཙམ་དུ་གོ །འདི་དག་ཀུན་ཏུ་སྔ་ཕྱིར་ཡུལ་དུས་ཀུན་གྱི་འགྱུར་བ་ལ་བརྟེན་ནས་རང་ཤུགས་ཀྱི་སྐྱོ་ཤས་ཆེ་བར་བྱུང༌།
ཧོར་ཟླ་བདུན་པའི་ཚེས་བཅུ་བཞི་ལ་འཚུབ་དང་ཆོ་འཕྲུལ་གྱི་རྣམ་པས་བླ་མ་ཡི་དམ་གྱི་གཏོར་མ་ལ། ཨོ་དཀར་བས་གནོད་པ་བྱེད་པ་དང་། སྡིག་པ་རྭ་ཅན་ཤིན་ཏུ་ཆེ་བ་ཤིག(ཞིག)ནམ་མཁའ་ནས་རང་གི་པང་དུ་ལྷུང་བ་སོགས་སྣ་ཚོགས་པ་བྱུང་བ་རྣམས་ཀྱང་དབྱིངས་སུ་བསྐྱལ།
འཇགས་ཀྱི་གདན་ས་འགོད་དགོས་བྱུང་ནས། རྣམ་གླིང་ཆོས་སྡེ་པ་དང༌། སྤ་མནམ་དགའ་གདོང་བ་སོགས་འཇགས་ལ་སུ་ཐོབ་ལིང་ངེ་བ་ལ་ཁོང་ཚོའི་ཧམ་པ་རང་རྩིས་སུ་མ་སོང་བར། ཁུ་སྤེ་བཀའ་བཅུ་བ་ཀུན་དགའ་ལེགས་གྲུབ་ཐུགས་དམ་དྲག་པའི་ཁུངས་ཀྱིས་བསྐོ་བཞག་བྱས་ནའང་། ཕྱིས་ནི་སྔར་གྱི་རྟེན་འབྲེལ་དེ་ཁར་གདའ་བས་ཉེ་གནས་ཀྱི་སྐྱོན་གྱིས་ཟི་རེ་བ་ཞིག་ཀ་བྱུང༌།
སྔ་སོར་རང་རེའི་ལྟས་དང་མཐུན་པར། འདི་སྐབས་ངམ་རིང་དུ་སྡེ་སྲིད་རང་སྐུ་ཁམས་སྟེམས་པར་བྱུང་བ་ལ། སྐུ་རིམ་རྒྱ་ཆེ་བ་གནང་བ་དང་། རྗེ་བླ་མ་དམ་པས་བཀའ་དབང་གནང་བ་སོགས་ཀྱིས་སྐུ་ཁམས་བདེ་བར་བྱུང་ཡང༌། བླ་མ་དམ་པ་འཕྲལ་དུ་སྐུ་ཁམས་མི་བདེ་བར་བྱུང་ནས། ཟླ་བ་དེ་ཉིད་ཀྱི་ཉེར་བདུན་ལ་བྱང་ངམ་རིང་གི་ཕོ་བྲང་ཉིད་དུ་གཟུགས་སྐུ་ཆོས་དབྱིངས་སུ་བསྡུ་བའི་ཚུལ་བསྟན་ཚོད་དུ་གདའ།
ཉེར་ལྔའི་རྨི་ལམ་དུ་བླ་མ་དམ་པ་བྱོན། འུ་ཅག་ཁ་སང་ནས་ན་ཡིན་ཡོད་ཟེར་བའི་སྐད་ཆ་ཡོད་པར་འདུག་ནའང་། དེ་འདྲ་ཡེ་མི་བདེན། སྔར་ཡང་ན་མ་མྱོང་། ད་དུང་ན་བ་མི་སྲིད་ཅེས་ཐུགས་འུ་རེ་ཡོད་པ་ཞིག་གསལ་པོར་བྱུང༌། དེ་དག་ཀྱང་ཕུགས་ངེས་པའི་དོན་ལ་དགོངས་ཤིང༌། གནས་སྐབས་སུ་ཞིག་པ་ལ་སླར་འཇིག་ཏུ་མེད་པའི་དོན་སྐུ་འདའ་བའི་ལྟས་སུ་གདའ།
ཉེར་འདུན་གྱི་ཉིན་ཐོག་མར་སྤྱན་གྱིས་མི་གཟིགས་པ་ལྟར་མཛད་པ་ལ། སླར་སྐུ་གཞོན་ནུའི་རྣམ་པ་ཤིན་ཏུ་མཚར་བ་མུ་ཏིག་གི་རྒྱན་དྲ(དྲྭ)ཕྱེད་ཁྲལ་ཁྲོལ་དུ་གསོལ་བ། ན་བཟའ་སྤངས་པའི་རྣམ་པ་ཅན་ཞིག་ཕྱོགས་གཞན་ཞིག་ལ་ཐེགས་ཚུལ་ཡོད་པ་ཞིག་བྱུང༌།
གནམ་གང་གི་ཉིན་གནས་ཚུལ་སྐྱེལ་མི་སླེབ(སླེབས)། དོན་དུ་ནི་མཐོང་ཐོས་དྲན་རེག་གི་གདུལ་བྱ་ཐ་མ་འདུལ་བ་ལ་དགོངས་པ་དང་། སྔ་སོར་བཀའ་ཡང་ཡང་ཕེབས་པ་ལྟར་གྱི་དགོན་གནས་ཀྱི་ཤུལ་རྣམས་བདག་ལ་གཏོད་པར་བཞེད་པ་སྟེ། དེ་ཡང་རྗེ་ཉིད་རང་ཉིད་ཀྱི་གདན་སར་སྐུ་ཐིམ་ན། བླ་བྲང་གི་ནང་མ་ནང་གཡོག་དང་། གྲྭ་རིགས་སྒོམ་ཆེན་གྱི་མིང་ཅན་བླུན་པོ་རྣམས་དང་ཡོན་བདག་གི་ཁུངས་རྣམས། འཕྲལ་ཟས་གོས་དང་ཕུགས་ཆོས་རྫུའི་ཟོམས་ལ་བརྟེན་ཏེ་སྔགས་གྲྭ་བ་རྒྱམ་པད་རང་གིས་མགོ་སྐོར་ཞིང་བསླད་ཟིན་པས། རྗེ་སྐུ་འདས་མ་ཐག་པར་ཁོང་གིས་བདག་བྱེད་པ་ཞིག་ཡོང་བར་འདུག །དེ་ལྟར་ན་ནི་ཆོས་བརྒྱུད་ལག་ལེན་ཉམས་ལེན་ཡོ་འཆུགས་ཏེ། བླ་མ་དམ་པ་དེའི་དགོངས་བཞེད་ཀྱི་ལོག་ཕྱོགས་འགལ་ཟླ་ཁོ་ན་ལ་འགྱུར་འགྲོ་བ་དེར་གདའ།
འདི་སྐབས་ཀྱང་སྐུ་ཐིམ་པའི་གཏམ་ཐོས་མ་ཐག །ཁོང་པས་བྲག་སྟོད་དུ་ཕྱིན། གྲྭ་བ(པ)རྣམས་ལའང་ཡི་གེ་ཐེའུ་ཚེ་ལེན་པ་དང་། བླ་བྲང་གི་སྐུ་ཆས་ནས་ཇ་སྤོབ་རྩེ་ཉིས་སྦྲེལ་སོགས་མང་དག་ཞིག(ཅིག)རྒྱན་བུའི་རྫོང་དཔོན་ལ་རྔན་པར་བསྟབས། ན་བཟའ་བཞུགས་གདན་སོགས་སྐུ་ཆས་མང་དག་ཅིག་མཚན་མོ་བསྐྱེད་པ་སོགས་ཟར་ཟིར་མང་པོ་བྱས་གདའ། འོན་ཀྱང་འགལ་རྐྱེན་མང་པོས་ལོ་ཤས་བར་དུ་དཀའ་སེ་བའི་ངོས་ནས་སྔ་སྲོལ་བླ་མ་ཉིད་ཀྱི་དགོངས་པ་ལ་ཇི་ལྟར་ཡོད་པ་རྣམས་ཕྱོགས་མཐུན་ཙམ་འགྲུབ་པར་བྱུང་བ་ནི། རྗེ་ཉིད་ཡུལ་གཞན་དུ་སྐུ་ཐིམ་པའི་རྟེན་འབྲེལ་ལས་བྱུང་བས། སྐྱེ་བོ་འགའ་ཞིག་སྡེ་དཔོན་གྱི་རྫོང་དུ་སྐུ་འདས་སྙམ། མ་དད་པ་བྱེད་ཀྱི་འདུག་ཀྱང༌། སྤྱིར་ཕྱོགས་དེ་ཀུན་ཡང་གནས་བཟང་བར་རྒྱ་གར་པཎ་ཆེན་ནགས་རིན་སོགས་ཀྱི་རྣམ་ཐར་ལས་ཤེས་ཤིང་། ཁྱད་པར་རྒྱུ་མཚན་གོང་དུ་སྨོས་པ་ལྟར་དུས་གསུམ་མཁྱེན་པའི་མཛད་པ་ཁོ་ནར་ངེས་ཤེས་སྐྱེས་སོ། །
དེ་སྐབས་གདུང་ཆོག་ངམ་རིང་དུ་གནང་འདུག་ནའང་། སྐུ་གདུང་རིན་པོ་ཆེ་སྒྲུབ་གནས་སུ་སྤྱན་འདྲེན་པ་དང་དགོངས་རྫོགས་ཀྱི་དངོས་བཞི(གཞི)སྒྲུབ་པར་དངོས(ངོས)ཀྱིས་ཀྱང་མཚམས་བཀྲོལ་ཏེ། ཧོར་ཟླ་བརྒྱད་པའི་ཉེར་གསུམ་ལ་བྱང་ཆེན་ནས་ཆས། ཡར་ལམ་རྩད་སྐོར་གྱི་དགོན་གནས་འདིངས་པའི་ས་གཞི་ལ་བགེགས་སྐྲོད་ཙམ་བྱས་ནས། ཧོར་ཟླ་དགུ་པའི་ཚེས་གསུམ་ལ་སྒྲུབ་གནས་ཆེན་པོ་བྲག་སྟོད་དུ་སླེབ(སླེབས)།
ཚེས་བཅུའི་ཉིན་པར། ངེད་རང་གི་མི་སྣ་གྲྭ་རིགས་དང་བཅས་པ་རྣམས་ཀྱིས་ཀྱང་སྐུ་གདུང་སྤྱན་དྲངས་ནས་འབྱོར་ཞིང༌། དེའི་ཉིན་ནས་དགོན་ལག་གྲྭ་རིགས་དང་བཅས་པ། ཐམས་ཅད་འཛོམ(འཛོམས)པའི་ཚོགས་གྲྭ་བཙུགས། ཚེས་བཅོ་ལྔའི་ཉིན་པར་གྲོལ་བ་ཡིན་ཞིང༌། རྗེ་བྱ་བྲལ་དུ་གྱུར་པས་སྐུ་ཆས་རྒྱ་ཆེ་བ་ནི་ལར་ནས་མེད་ཅིང་། ཅུང་ཟད་ཡོད་པ་རྣམས་ནི་ཆགས(ཆག)མེད་དུ་གཞན་ལ་སྩོལ་བར་མཛད། ལྷག་མ་ཅུང་ཟད་ཡོད་པ་རྣམས་ཀྱང་བར་སྐབས་དེར་ཟེགས་འཐོར་དུ་སོང་བས། ནས་ཆ་ཕྲན་ཚེགས་མ་གཏོགས་ཐམས་ཅད་ངེད་རང་གི་ལག་ནས་བཏང༌། རྟེན་བཞེངས་འཕྲན(ཕྲན)བུ་ཡན་ཆད་གྲུབ་པས། དེའི་བྱིན་རླབས་ལ་བརྟེན་ནས་ཕྱིས་འབྱོར་པ་དང་དགེ་བའི་བྱ་བ་ཡང་གོང་འཕེལ་དུ་འགྲུབ་པ་ཞིག་བྱུང༌།
འདི་སྐབས་ཀྱང་སྔགས་གྲྭ་རྒྱམ་པད་པ་ཡང་དགོངས་རྫོགས་ཀྱི་སྐལ་བ་ལེན་པར་བྱོན་ཡོད་ཅིང་། ངེད་ཀྱིས་ཀྱང་ཁོང་ལ་རྣམ་གཞག་སོགས་བཟང་དུ་བཏང༌། ཁོང་པ་རང་གིས་ནི་སྒྲུབ་སྡེ་ལ་ཐུག་པ་གཅིག་ཀྱང་དྲངས་པ་མེད། གདུང་ལ་ཞལ་ཟས་གཅིག་ཀྱང་མ་ཕུལ། དབུས་པའི་མི་ངན་ཁྲེལ་པོར་ངོ་ཚ་མེད་ལྟོགས་ལ་ཅན་འགའ་ཞིག་གི་རྣམ་ཐར་ཟངས་མ་དེ་ཀ་བསྐྱངས་ནས། དགོངས་རྫོགས་གྲོལ་བའི་ནང(ནངས)པར་ཕྱི་ལ་དེངས་སོང༌།
དེ་རྗེས་སུ་སྒྲུབ་སྡེ་རྣམས་ལ་ཤངས་ཆོས་དབང་བྱིན་རླབས་དང་བཅས་པ་ཆ་ཚང་བ་ཞིག་དང༌། སྐྱེས་བུ་གསུམ་གྱི་ལམ་རིམ་ཆ་ཚང་ཞིག་བཤད། ངོ་སྤྲོད་ཞུ་མཁན་མང་དུ་བྱུང་བས། ཕྱག་རྒྱ་ཆེན་པོའི་ཉམས་འཁྲིད་མང་དུ་བཏབ།
ཧོར་ཟླ་དགུ་པའི་ཉེར་དགུ་ལ་རིན་རྫོང་པའི་ལག་ནས་ཡེ་ཤེས་མགོན་པོ་ཕྱག་དྲུག་པའི་སྐུ་དང༌། གཏིང་སྐྱེས་བྲག་དཀར་ནས་བདུད་མགོན་ཆེན་པོ་ལྕམ་དྲལ་གྱི་སྐུ་ཕེབས་པ། དུས་གཅིག་ཏུ་འཛོམ(འཛོམས)། མགོན་ཁང་གསར་དུ་བཙུགས་པས་གཉན་པར་བྱུང༌། ནུབ་གཅིག་བླ་མ་ལ་གདུང་དབྱངས་ཀྱིས་གསོལ་བ་བཏབ་པས། རྨི་ལམ་ཐབས་སུ་གྲུབ་ཐོབ་བརྒྱད་ཤིན་ཏུ་གསལ་བར་བྱུང་། དེ་དང་མཐུན་པའི་བསྟོད་པ་ཡང་བྱས།
དེ་ནས་ཟླ་བ་གཅིག་ཙམ་སོང་རྗེས་སུ་ཅུང་ཟད་ལྟས་འཚུབ་པ་ཞིག་བྱུང་ནས་མཚམས་དམ་པོར་བསྡམས། ངམ་རིང་ལ་འཕྲལ་དུ་འགྲོ་བའི་ཆད་སོ་ཡོད་པ་ལའང་འགྱང་ཆ་ཞུས། མཚམས་བསྡམས་ནས་ཞག་གསུམ་སོང་དུས། བསམ་རྩེ་ནས་སྡེ་པ་སྐུ་འབྲིང་པའི་དྲུང་མཐུ་སྟོབས་རྣམ་རྒྱལ་བ་སྐུ་ཁམས་མཉེལ་བའི་སྟབས་ཀྱི(ཀྱིས)འབོད་མིར་སྟག་ཚོ་བ་གནང་བའི་ཞལ་ངོ་ཐམས་ཅད་ཀྱིས་ཤིན་ཏུ་བཀའ་ནན་ཆེ་བར་བྱུང་ནའང༌། སྐུ་ཁམས་ད་ལམ་འདི་ལ་བརྟེན་པའི་སྐྱོན་ཆེ་བ་རང་མེད་སྙམ། དེ་བས་ངེད་རང་གཟབ་དགོས་ཡིན་པས་དགོངས་གྲོལ་རང་ཞུ་བྱས། ལྟས་དང་བསྟུན་ནས་འགྲོ་མ་ཐུབ། ཕྱིས་སྡེ་པ་མཐུ་སྟོབས་དྲུང་རང་དེ་ལ་ཐུགས་བརྙས(མཉེས)མ་འཁྲུངས་ནའང༌། སྡེ་པ་ཀར་བསྟན་དྲུང་དངོས་མི་དགེས་ཙམ་བྱུང་འདུག །
མཚམས་ཟླ་གཅིག་ལྷག་ཙམ་སོང་། ལྟས་ཀྱང་འཇམ་པར་བྱུང་ནས་ངམ་རིང་དུ་ཆས་སྐབས། གཙང་གི་དམག་དབུས་ལ་བཏེག(བཏེགས)ཟེར་བའི་སྐད་ཆ་བྱུང༌། གཞན་ལ་གཡར་པོ་མཛད་པའི་དུས་འཁྲུག་དེ་སྤྱིར་ཤིན་ཏུ་མ་ལེགས། ཁྱད་པར་སྡེ་བ་ཀར་བསྟན་དྲུང་རང་ཐུགས་དགོངས་ལ་རྟོག་རྩིང་གང་བྱས་ཀྱང་། ཀརྨ་པ་ཡབ་སྲས་ཀྱི་བྱིན་རླབས་ཀྱིས་འཁྱོབས་ཡོང་སྙམ་པ་ཡོད་དེ། རང་གི་ལས་ངན་ལ་གཞན་གྱིས་སྐྱོབ་ཐུབ་པ་མེད། ད་ནི་སྡེ་བའི་སྐུ་ཚེ་ཡང་ལྷུས་ཐིངས་སྙམ་པ་བྱུང༌།
འདི་སྐབས་བྲག་སྟོད་ཀྱི་དགོན་ལག་མཚོ་དབུས་དགོན་པར་ཆོས་བྲོས་པ་མི་ཕལ་ཅིག(ཞིག)བྱུང་བ་དང་། བྲག་སྟོད་རང་དུ་བཙུན་གསར་མ་གཅིག་རང་བྱུང་བ་ལ་རྒྱན་བུ་རྫོང་དཔོན་གྱིས་རྩོད་པ་གཏོང་བ་སོགས་སྔར་གྱི་ཇ་སྤོབ་རྩེའི་འབྲས་བུ་རྣམས་མགོ་ཐོ་རེ་བ་སྨིན་གདའ།
ངེད་ཀྱིས་གུར་ཆུང་ལ་བརྒྱུད་དེ་ངམ་རིང་དུ་སླེབ(སླེབས)། ནམ་མཁའ་ལེགས་པ་སོགས་བཀྲ་ཡང་ལེགས་པར་བྱུང༌། བདེ་མཆོག་བོང་ཞལ་ཅན། སྒྲོལ་མ་བླ་མེད་ཀྱི་དབང༌། བསམ་མི་ཁྱབ་ཀྱི་འཁྲིད་སོགས་བཞེད་དགོངས་ཀྱི་ཆོས་བཀའ་ཡང་མང་རབ་ཕུལ།
ཧོར་ཟླ་བཅུ་གཅིག་པའི་ཉེར་ལྔ་ལ་འགྲོ་རྒྱུ་ཡིན་ནའང༌། ཉེར་གསུམ་གྱི་ཉིན་ནས་ཞབས་དྲུང་རང་སྐུ་ཁམས་མཉེལ་བ་རང་ཞིག་བྱུང༌། སྨན་དཔྱད་པ་རྣམས་ཀྱང་འཚུབ་ཆ་ཆེ་བར་བྱེད་ཀྱིན་འདུག་པ་ལ། སྤྱིར་སྐུ་དོག་ཅུང་ཟད་ཡོད་པ་རྐྱེན་སེལ་གྱི་དབང་བྱིན་རླབས་སོགས་ཀྱིས་ལྷོངས་པར་སྣང་བས། ད་རེས་སྐུ་ལ་ཉེས་སྐྱོན་དུ་མི་འགྱུར་བ་ཐག་ཆོད་ཅེས་ཁས་བླངས། ཁོ་ཚོ་ལ་ཁོག་གནོང་འདྲ་གཅིག(ཞིག)ཀྱང་འདུག །ལ་ལ་ཡིད་ཆེས་བྱེད། ཕལ་ཆེར་ཐེ་ཚོམ་མེ་བྱེད་དོ། །
སྐུ་རིམ་སྒྱུར་ཁ་འདྲ་ཕུལ་བ་ལྟར་ཆོས་སྡེ་ཚོགས་པ་དང་། ཡང་དུས་མཚུངས་ཏེ་འཕྲལ་དུ་བསྒྲུབས། ཞག་ལྔའི་བར་ཤིན་ཏུ་མཉེལ་བར་བྱུང་ཡང་། ཉེར་བརྒྱད་ནས་བཟུང་སྐུ་དྭངས་སྐྱེད་ཆེ་བའི་ཚེས་གཅིག་ནས་སངས་དྭངས་འཕྲལ་རྐྱེན་སེལ་གྱིས་དབང་ཕུལ་བ་ཀུན་ཡང་ཕན་ཐོགས་བྱིན་རླབས་ཆེ་བར་མངོན་པ་བྱུང༌། ཕྲག་དོག་དང་ངན་སྨྲས་ལ་དགའ་བ་རྣམས་ཀྱིས་སྙིལ་བའི་སྐབས་སྐུ་མཚམས་དམ་པོ་མཛད་པ་ལ་སྐུ་མ་བཞུགས་པ་ཡིན་ཡོང་བསམས་ནས་ཅོལ་སྒྲོགས་སྣ་ཚོགས་ཀྱིས་མདོག་གཞུང་ཁེངས། དེ་རྗེས་སྐུ་མཚམས་འཕྲལ་དུ་བསངས་པས། དེ་ཚོ་ལ་སྙིང་ཚིམ་པའི་མཐར་ཐུགས་པ་གཅིག(ཞིག)བྱུང་། རྗེ་འགྱུར་མེད་ཀྱང་ཕེབས་པ་དང་མཇལ་བྱུང་ཞིང་།
ཚེས་བཞིའི་དགོང་མོ་སྟོད་པའི་ཚོང་པ་རྣམས་དང་འཕྲད། ཁོང་རྣམས་ཀྱིས་གསེར་སོགས་མང་རབ་བྱིན་པ་རྣམས་ཕྱིས་བྲག་སྟོད་ཀྱི་རྟེན་བཞེངས་ཁོ་ན་ལ་སོང༌།
ཚེས་ལྔའི་སྔ་བར་བཏེགས། མར་ལམ་ཇོ་བོ་རྗེས་བཞེངས་པའི་མཆོད་རྟེན་ཡང་མཇལ། ཚེས་བདུན་གྱི་ཉིན་མོ(མོར)ཆོས་ལུང་དུ་སླེབ(སླེབས)། བར་སྐབས་སུ་དགོན་པ་ཉིས་འཛིན་གྱི་ཚུལ་གྱི(གྱིས)སྡེ་སྲིད་རང་གི་ཕྱག་ན་ཡོད་པ་དེ་དེ་སྐབས་སླར་ཡང་དངོས(ངོས)ལ་གཙང་མར་རྩིས་སྤྲོས་གནང༌། སྔར་བསྟན་འཛིན་རིན་པོ་ཆེས་བཙན་ཕྲོགས་མཛད་པའི་མཆོད་གཞིས་རྣམས་འདི་སྐབས་རྩིས་སྤྲོད་གནང་མ་ཐུབ། གཞན་མཐའ་དག་མ་ཚང་བ་མེད་པ་བྱུང༌། དེ་སྐབས་ཞག་ཤས་བསྡད་ནས། ཟླ་བ་དེའི་ཉིན(ཉི)ཤུ་ལྔ་ལ་སྔར་འཁྱུད་ལྟར་གྱི་ཇོ་ནང་གི་འཁྲིད་བཙུགས།
ལོ་འདི་ལ་འཁྲིད་ལོ་འབྲིང་ཙམ་དང༌། བཙུན་གསར་བྱེད་མི་དྲག་ཞན་སྣ་ཚོགས་ནས་ཤིན་ཏུ་མང་བར་བྱུང༌། ཁྲིད་གྲོལ་ནས་ཟླ་གཅིག་ཏུ་ཉེ་བ་ལ། གསང་འདུས། གཤིན་རྗེ་གཤེད། རྒྱུ་སྡེ་ལྔ་སོགས་དཀྱིལ་འཁོར་གྱི་ཆོ་གའི་ཡི་གེ་འགའ་རེ་བརྩམས།
ཇོ་མོ་ནང་གི་སྐུ་འབུམ་ཆེན་མོའི་ལྷ་ཁང་ཅི་རིགས་པ་ལ་དགོན་པ་བ་ཚོས་མཛོད་བྱེད་པ་ཞིག་བར་སྐབས་ཤིག་ཏུ་བྱུང༌། རྗེ་གྲོལ་མཆོག་གི་སྐུ་ཐོག་ལ་དེ་རྣམས་འདོན་པ་གནང་འདུག་ནའང༌། ཡོས་ལོ་བྱང་སྐུ་མཆེད་ཀྱི(ཀྱིས)ནང་གཟིངས(འཛིང)བྱུང་དུས། རྗེ་དྲུང་གོང་མ་དཔོན་སློབ་རྣམས་ཀྱིས་དགོངས་བཞེད་མཛད་ནས། བང་རིམ་གཉིས་པའི་གདོང་ཆེན་བཞི་མ་གཏོགས་པ་ལྷ་ཁང་ཐམས་ཅད་གྲོང་པའི་བསྐྱས་མཛོད་དུ་སོང༌། དེ་རྣམས་སྤོ་བར་འདོད་པ་ཞིག་སྔ་མོ་ནས་ཡོད་ཀྱང་སྟབས་མ་བདེ་བ་ལ། འདི་སྐབས་ཉེ་རིང་མེད་པར་ཐམས་ཅད་ལ་སྐད་བཏང་སྟེ། ཞག་གྲངས་འདི་ཚུན་ཆོད་ལ་ཐོན་པ་བྱེད་དགོས་ཚུལ་བསྒྲགས།
བར་དེར་སྐྱིད་ཕུག་ཏུ་མཚམས་ཤིག་བྱས། འདི་སྐབས་ཤངས་རྡོ་སྔོན་པ་མི་ངོ་གཉིས་འབྲུམ་པས་འདས། བྱང་གཅོག་སོགས་བྱེད་དགོས་བྱུང༌། ཡིན་ནི་འཇགས་ཀྱི་ཆོས་སྐྱོང་གི་འཚུབ་ཏུ་མངོན།
ལྷ་ཁང་གི་མཛོད་རྣམས་དུས་ཐོག་ཏུ་བཏོན་ཅིང༌། འཕྲལ་དུ་གང་བྱས་པའི་དུས་ཉིན་མོ་གསུམ་བཏུད(བསྟུད)མར་ཉིན་ཟངས་ཀྱི་འཇའ་འོད་དང་། ཉི་ཐོག་དང་འཇའ་སྤྲིན་གཟུགས་བརྙན་ཤིན་ཏུ་ངོ་མཚར་བ་དང་། མེ་ཏོག་གི་ཆར་འབབ་པ་ཐམས་ཅད་ཀྱིས་མཐོང་བར་སྙོན་མེད་དུ་བྱུང་ཞིང་། རོལ་མོའི་སྒྲ་སྙན་པོ་དང་དྲི་བཟང་གི་ཡུལ་ཕྱོགས་ཐམས་ཅད་ཁྱབ་པའི་རྣམ་པ་ཞག་མང་པོར་ཤིན་ཏུ་གསལ་བ་ཞིག་ངེད་རང་ལ་བྱུང་ནའང༌། གཞན་གྱིས་ཚོར་བ་ནི་ཆེར་མི་སྣང༌། འཁྲུལ་སྣང་ཡིན་ལས་ཆེ་མོད། མཚམས་གྲོལ་ནས་ཚོགས་ཁྲོའི་ཁྲོ་ལུགས་གཅིག་ཀྱང་བྱས། རྒྱུད་གྱི(ཀྱི)རྒྱལ་པོ་མ་ཧཱ་མཱ་ཡ་ལ་ཊཱིཀ་ཆེན་དོན་ལྷག་པར་རྒྱས་ཤིང༌། དེ་ལ་ལྟོས་ཏེ་ཚིག་ཤིན་ཏུ་ཉུང་བ་ཞིག་ཀྱང་བརྩམས།
ཆོས་ལུང་དུ་ཡང་ཁོར་ཙམ་ཕྱིན། དེ་རྗེས་གསའ་ལ་བརྒལ། གཙང་གཞུང་ལ་ཡུལ་ཚོ་སོ་སོའི་ཕུའི་དགོན་པ་བ་རྣམས་ཀྱིས་ལུང་པའི་མདར་བསུ་བ་སེར་འཕྲེང་རེ་མཛད། གྲོང་ཚོ་སོ་སོར་བུ་སྐྱེས་འཕྲལ་སྤྱི་པ་ལས་མང་བའི་མིང་འདོགས་དགོས་ཤིན་ཏུ་མང་བ་ཞིག་བྱུང༌། ཕྱི་ནང་གི་རྟེན་འབྲེལ་གྱི་ལྟས་ཤིན(ཤིག)ཏུ་གོ །
རིམ་པས་མང་མཁར་བརྒྱུད་ནས་གཏིང་སྐྱེས་སུ་ཕྱིན། དགེ་འདུན་མང་པོ་ལ་སྐྱེས་བུ་གསུམ་གྱི་ལམ་རིམ་རྒྱས་པར་བཤད་ཅིང༌། བྱང་སའི་ལུགས་ཀྱི་སེམས་བསྐྱེད་ཕོག །
བར་འདིར་གམ་པ་ལ་ཡང་ཁོར་ཙམ་ཕྱིན་ཅིང༌། དུས་ཀྱི་འཁོར་ལོའི་དབང་བསྐུར་སོགས་ཆོས་བཀའ་མང་རབ་དགོངས་བཞེད་ལྟར་ཕུལ།
སླར་ཡང་གཏིང་སྐྱེས་སུ་སླེབ(སླེབས)ནས། རྡོ་རྗེ་ཕུར་པ་ས་ལུགས་ཀྱི་ཆོ་ག་ལས་བརྩམས། དབང་མཐའ་དག་རྫོགས་པར་དོན་གཉེར་མང་པོ་ལ་བྱས།
འདི་སྐབས་སྔ་ཕྱི་རྣམས་ལ། རང་རེས་བསྒྲིགས་པའི་སྒྲུབ་ཐབས་རིན་ཆེན་འབྱུང་གནས་ཀྱི་མགོན་པོའི་སྐོར་རྣམས་མ་གཏོགས་པའི་གཞན་མཐའ་དག་ཞལ་ངོ་རྣམས་དང་དོན་གཉེར་རྣམས་ལ་བྱས། དམ་རྫས་ཀྱི་སྒྲུབ་པ་གཅིག་བྱས་པ་ཤིན་ཏུ་ལེགས་ཏེ། དྲི་བཟང་གིས་ལུང་པ་ཁྱབ་པ་དང༌། ལྟས་རྣམས་སྔར་བཞིན་ཤར།
དེ་རྗེས་སྟོན་སེར་ཁ་རུ་ཡང་སོང་ཤིང(ཞིང)། བྲག་སྟོད་ཀྱི་རྟེན་བཞེངས་སྔ་སོར་ཧོར་ཟླ་གསུམ་པའི་ནང་དུ་འགོ་བཙུགས། འདི་སྐབས་ཕལ་ཆེར་ཟིན་པས། བྲག་སྟོད་དུ་འགྲོ་བའི་ཡར་ལམ་ལ་སྨད་ཀྱི་ཕྱོགས་ལ་བྱས།
སྒྱེད་ཀྱི་རི་ཁྲོད་དེར་ཡང་ཁོར་ཙམ་ཕྱིན། བྱང་ཕུག་ཏུ་ཇོ་བོ་ལ་མཆོད་པ་དང་གསོལ་བཏབ་མང་དུ་བྱས། སྐྱེ་བོ་མང་པོས་བླུན་དད་ལ་བརྟེན་པའི་མིའི་རྒྱན་ཆ་དྲི་མ་ཅན་ངན་ངོན་མང་པོ་སྐུ་ལ་སྦྲོན་པས། མི་མཛེས་པར་སོང་བ་དེ་རྣམས་ལ་རིན་པོ་ཆེའི་དྲ(དྲྭ)ཕྱེད་བྱེད་ཚུལ་གྱི་བཀོད་པ་ཡོན་བདག་ལ་ཞུས་ཤིང༌། སྐུ་ལ་ཁྲུས་གསོལ་བ་སོགས་ཀྱང་བགྱི། སྐུ་ངོ་བོ་མེ་ཐུབ་ཏུ་བྱོན་ཀྱང༌། ཕྱག་གཡས་ཀྱི་གྲུ་མོའི་མཚམས་ནས་བྲལ་བ་སོགས་ཆ་ཤས་ལ་གནོད་པ་མང་དུ་བྱུང་འདུག་པས། དེ་དག་གསོ་བར་འདོད་པ་ཙམ་བྱུང་ཡང༌། {བྱང་ཕུག་བླ་བྲང་པ་རྣམས}མི་གནོད་འདྲེར་འཛིན་གྱི་རྣམ་པ་འདུག་པས་སྤྲོས་པ་བསྐྱུངས། {ཁོང་རྣམས་འཕྲལ་མཛེས་ཁྲིགས་ཙམ་མིན་པ་ངེད་དེར་ཡོང་པ་དེ་ལ་ཤིན་ཏུ་མི་དགའ་བར་འདུག །} ངེད་ཀྱིས་ནི་ལྷག་བསམས(བསམ)གང་དག་བྱས་པའི་ཁུངས་ཡིན་ཀྱང༌། སོ་སོ་སྐྱེ་བོའི་སྐྱོན་གྱིས་སེམས་ངན་པའི་མདུད་ཁ་བྱུང་བ་ཡིན་ཏེ་འོང༌།
དེ་སྐབས་སྲུང་མ་རྣམས་འཚུབ་ཆེ་བའི་རྣམ་པར་བྱུང་ཞིང༌། དེ་རྗེས་ཞག་ཉི་ཤུ་ཙམ་ནས་ཁོ་ཚོའི་མི་ངོ་དྲག་ཤོས་དེ་སོགས་གློ་བུར་དུ་ཤི །ཟར་དང་སྟག་སྣའི་མི་དམངས་རྣམས་སྔ་གོང་འབྲེལ་ཆགས་ཤིན་ཏུ་ཆུང་བ་ཡིན་ནའང༌། འདི་སྐབས་ཕལ་ཆེར་དད་པ་སྐྱེས་གྱུར་པའི་ཚུལ་དུ་བྱེད་པ་ཞིག་བྱུང༌།
དེ་ནས་རིམ་གྱིས་དྲང་སོ་རྫོང་སོགས་བརྒྱུད་ནས་བྲག་སྟོད་དུ་འབྱོར། སླེབ(སླེབས)འཕྲལ་ནས་རྟེན་བཞེངས་ཀྱི་གཟུངས་གཞུགས་སོགས་རིམ་པས་བགྱིས། གཙུག་ལག་ཁང་གསར་བཞེངས་ཡིན་པ་དང༌། དེར་རྟེན་བཞུགས་དགོས་པ་ནས། རབ་གནས་ཀྱི་ས་ཆོག་ཀྱང་གཟའ་ཚེས་དང་བསྟུན་སྔ་བར་བྱས། ས་ཆོག་གི་སྦྱིན་སྲེག་ཀྱང་ཞི་དྲག་གཉིས་ཀར་བགྱིས་ཤིང༌། ཧོར་ཟླ་དགུ་པའི་ཚེས་བཅུ་གསུམ་གྱི་ཉིན་མོ(མོར)རབ་གནས་དངོས་གཞི་བྱུང་ལ། དེ་ཉིན་ཞི་རྒྱས་གཉིས་ཀྱི་སྦྱིན་སྲེག་དང༌། བཅུ་བཞིའི་སྔ་དྲོ་རྗེས་ཀྱི་བྱ་བ་དགའ་སྟོན་དང་བཅས་པ་སོང༌། དེ་ཉིན་ཀ་དབང་དང་ཞི་བའི་སྦྱིན་སྲེག་མཐའ་རྟེན་དང་བཅས་པ་བསྒྲུབས།
དེ་བར་དུ་ཕྱི་རྟེན་བྱང་ཆུབ་མཆོད་རྟེན་ཞིག་བརྩིགས་པའི་ཕྱེད་ཙམ་ཡང་གྲུབ། དེ་རྗེས་མི་རིང་བར་གྲུབ་ནས་རབ་གནས་ཀྱང་བགྱིས། འདི་སྐབས་ཀྱི་རྟེན་དངུལ་གདུང་དཔངས་སུ་རྩེ་ཁྲུ་དྲུག་པ། བཟོ་ཁྱད་ཕུན་སུམ་ཚོགས་ཤིང་ལྷུན་ཆགས་པ། དབྱིབས་ཀྱང་རྒྱ་གར་དང་མཐུན་པར་བཞེངས། ཕྲ་རྒྱན་སོགས་ཀྱང་ཕུན་སུམ་ཚོགས་པ་རང་བྱུང་ཞིང༌། རྗེ་བཙུན་བྱམས་པའི་སྐུ་བརྙན་རྒྱ་མཐོ་གསུམ་པ་ཤིན་ཏུ་མཚར་བ་ཞིག་དང༌། གསེར་ཏོག་ཆུང་ངུ་གཅིག་རྣམས་བཅོས་པ་ལ། ཡོངས་བསྒྲིལ་གསེར་རྐྱང་ཞོ་བརྒྱ་དང་དྲུག་ཅུ་སོང༌། དེ་མཐུན་དངུལ་ཤས་ཆེ་བ་དང༌། ཟངས་སོགས་རྒྱུ་ལ་སྦགས་ཏེ་ཡོན་རྫོངས་དེ་ལས་ལྷག་དང་བཅས་པའི་དབང་དུ་བྱས་ནས་གསེར་སྲང་བཞིས་སྣ་དྲངས་ཏེ། གོས་དར་སྤུས་གཙང་བ་ལ་ལྷུས་བླངས་པའི་གསེར་ཞོ་ཉིས་བརྒྱའི་རིན་ཐང་གི་ཚད་ཕུལ།
དེ་སྐབས་ལག་ན་ཡོད་པའི་ཡོ་བྱད་ཐམས་ཅད་དཀྲུགས། ཤུལ་ན་གསེར་སེ་བ་གང་ཡང་མེད། སྤྱིར་ཡང་འདི་ཡན་ཆད་དུ་ཁོ་བོ་ཡོན་བདག་གྲྭ་རིགས་མི་བཟང་ངན། འབྱོར་པ་ཆེ་ཆུང་དད་པ་བརྟན་མི་བརྟན་གང་གི་སར་ཡང༌། ཆོས་ཕར་གཅོད{བཤོད(ཤོད)}དགོས་པའི་བླ་མའི་རིགས་དེ་ཡིན། ཚུར་ལ་འབུལ་བ་བཟའ་ཟོས་པའི་བླ་མ་དེ་འདྲ་མིན། ཕར་ལ་མཁས་འཇུག་གི་སྟེར་སྦྱིན་དང་ངོ་བསྟོད་ཀྱང་བྱེད་མ་མྱོང༌། ཆོས་འཚོང་མཁན་མིན། ཆོས་སྟེར་མཁན་ཡིན། བླ་མ་རླུང་ཞགས་པ་མིན། བླ་མ་རླུང་སྒོམ་མཁན་ཡིན། བླ་མ་བསྐྱེད་རིམ་པ་མིན། བླ་མ་རྫོགས་རིམ་པ་ཡིན། བླ་མ་རང་དོན་པ་མིན། བླ་མ་གཞན་ཕན་པ་ཡིན། བླ་མ་ལས་མཐའ་པ་མིན། བླ་མ་ལས་དག་པ་ཡིན། དགེ་བཤེས་སྡིག་པོ་ཆེ་དེ་མིན། བྱ་བྲལ་ཐོས་རྒྱ་ཆེན་པོ་གཅིག(ཞིག)ཡིན། འཕགས་པ་དམྱལ་བའི་གཏིང་རྡོ་དེ་མིན། སོ་སྐྱེས་ཐར་ལམ་གསལ་བྱེད་གཅིག(ཞིག)ཡིན།
ཟང་ཟིང་ནོར་ལ་བརྗེ་པོ་བྱས། །
དམ་པའི་ཆོས་ནི་བརྡལ་པོར་བཏང༌། །
ཧ་ཧ་འདི་ཡང་ལུགས་གཅིག་ཡིན། །
ཤི་མཐས་ཀོ་མཐས་བྱེད་རི་ཤི །