གངས་ཅན་མཁས་པའི་ཁྱུ་མཆོག་ཆེན་པོ་རྗེ་འཇམ་དཔལ་དབྱངས་ཐུབ་བསྟན་དགེ་ལེགས་རྒྱ་མཚོ་ཞེས་ཞུ་བ་ཁོང་ནི། གངས་རིའི་ལྗོངས་ཀྱི་བོད་ཆེན་པོའི་ནང་ཚན། ཤར་རོལ་ཆེན་བཅོ་བརྒྱད་ལས་རྡོ་རོལ་གྱི་ཆར་གཏོགས་པ་འཛི་ཀའི་ལྷ་མོ་དར་ཐང་དང་ཉེ་བའི་ཡུལ་འབའ་མདའ་ཞེས་པ་ན། ཡབ་དགྲ་བླ་ལྕགས་ལོ་དང་། ཡུམ་སྐྱིད་ཀོ་མ་གཉིས་ལ་སྲས་ལྕམ་སྲིང་ལྔ་ཡོད་པ་ལས་ཆེ་བ་ཉིད་དུ་སྤྱི་ལོ༡༨༤༤རབ་བྱུང་བཅུ་བཞི་བའི་ནང་ཚན་ཁྲོ་མོ་ཞེས་པ་ཤིང་ཕོ་འབྲུག་གི་ལོར་སྐུ་བལྟམས།
དེ་ཡང་ཡུལ་དེའི་ངག་རྒྱུན་ལ། འཇམ་དཔལ་དབྱངས་ཀྱི་རྣམ་འཕྲུལ་ཁོང་ཉིད་དང་། སྤྱན་རས་གཟིགས་ཀྱི་སྤྲུལ་བ་སྐུ་མཆེད་འབྲིང་བོ་སྐྱབས་རྗེ་ཟླ་བ་གྲགས་པ་དང་། ཕྱག་རྡོར་གྱི་རྣལ་རོལ་མཆེད་ཆུང་བ་ཚེ་བསམ་ཞེས་པ་ཁྱིམ་ཐབ་པ་ཞིག་ཡོད་པ་དེ་ཡིན་པར་གྲགས་ཤིང་། དམ་པ་འདི་ནི་ཚད་མའི་སྐྱེས་ཆེན་མང་བོའི་ལུང་གིས་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་ཡེ་ཤེས་ཀྱི་རྣམ་པར་རོལ་བར་ཡང་ཡང་བསྔགས་པ་དང་། ཁྱད་པར་གྲུབ་པའི་དབང་ཕྱུག་རྡོ་བླ་ཀུན་བཟང་གཞན་ཕན་གྱི་ལུང་བྱང་ལས། དཔལ་ནཱ་རོའི་སྤྲུལ་བའི་སྐྱེས་བུ་ཞིག །ཅེས་འཕགས་ཡུལ་གྱི་པཎ་ཆེན་ནཱ་རོ་བའི་སྤྲུལ་བར་གསུངས།
འདིར་ཁོང་གིས་སྔོན་གནས་རྗེས་སུ་དྲན་པའི་གཟིགས་སྣང་ལྟར་ན། ཀུན་མཁྱེན་བླ་མ་འཇམ་དབྱངས་བཞད་པའི་ཡང་སྲིད་འགྲོ་འདྲེན་དུ་བྱོན་པ་གོར་མ་ཆག་ཀྱང་། ཀུན་མཁྱེན་བཞད་པའི་རྡོ་རྗེའི་སྐུ་འཕྲེང་སྔོན་བྱོན་ནི་ཇོ་ནང་རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་སྔོན་གྱི་སྐུ་འཕྲེང་དང་གཅིག་ཆོག་པས། རྗེ་བཙུན་ཏཱ་ར་ནཱ་ཐའི་རྣམ་འཕྲུལ་དུའང་ངེས་ཕྱིར། སྙིགས་མའི་དུས་ཀྱི་མཐར་ཀུན་མཁྱེན་ཇོ་ནང་པ་ཆེན་པོའི་ངེས་དོན་སྒྲུབ་བརྒྱུད་ཀྱི་བསྟན་པའི་གསལ་བྱེད་མཆོག་ཏུ་བསམ་བཞིན་དུ་རྗེ་བཙུན་ཏཱ་ར་ནཱ་ཐ་སླར་ཡང་བཤེས་གཉེན་དཔལ་ལྡན་བླ་མའི་རྣམ་པར་བྱོན་པར་ངེས་པར་གྲུབ་བོ། །
སྐུ་ན་ཤིན་ཏུ་ཕྲ་བའི་སྐབས་ནས་ཀྱང་། བྱིས་པའི་རྒུད་པ་དང་ཉེ་བར་བྲལ་ཞིང་། རྣམ་པར་དཔྱོད་པའི་ཁོ་ལག་རབ་ཏུ་ཡངས་པ། སྔོན་སྦྱངས་ཀྱི་ཤེས་རབ་ཕུན་སུམ་ཚོགས་པའི་སྒོ་རང་ཆས་སུ་མངའ་ཞིང་། ཡི་གེའི་རིགས་སྣ་ཚོགས་དང་། དཀར་རྩིས་སོགས་རིག་པའི་གནས་དུ་མ་ལ་སློབ་ཚེ། མགོ་སྨྲོས་པ་ཙམ་གྱིས་གཞུང་ཁོག་མཐའ་དག་ཐུགས་སུ་ཆུབ་པ་སོགས། ཕལ་བ་ལས་ཁྱད་དུ་འཕགས་པས་ཐམས་ཅད་ཡ་མཚན། རྒྱུན་གྱི་ཞལ་འདོན་ཨ་ར་པ་ཙ་དང་འཇམ་དཔལ་མཚན་བརྗོད་གཙོ་བོར་བྱེད་ཅིང་། ལྷག་ལྷ་འཇམ་དཔལ་དཔའ་བོ་འབའ་ཞིག་ཡི་དམ་དུ་བསྟེན།
དགུང་ལོ་བཅུ་སྐོར་མན་ཆད་དུ། རང་ཡུལ་དུ་ཆོས་སྤྱོད་ཆོ་གའི་ཕྱག་ལེན་ལ་བསླབ་སྦྱངས་དང་། ཐོས་བསམ་ཅི་རིགས་མཛད།
དེ་ནས་དགུང་ལོ་བཅོ་བརྒྱད་ཀྱི་སྐོར་དུ་དམ་པ་འདི་ཉིད་ཁམས་སྡེ་དགེའི་ཕྱོགས་སུ་བྱོན་ཏེ། སྐྱེས་ཆེན་དམ་པ་དུ་མའི་ཞབས་པད་སྤྱི་བོས་བླངས་ནས། ཐུན་མོང་རིག་གནས་ཀྱི་སྐོར་དང་། ཁྱད་པར་ཟླ་བྲལ་སྨྲ་བའི་སེང་གེ་མཁན་ཨ་དཀོན་གྱི་མདུན་དྲུང་ནས། བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་རྩ་འགྲེལ་དང་བཅས་པ་ལ་གསན་སྦྱངས་མཛད། ཐུབ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི་དྲུང་ནས་ནཱ་རོ་ཆོས་དྲུག་གི་བསྐྱེད་རྫོགས་སོགས་སྔགས་ཀྱི་སྐོར་དང་། རྫོགས་ཆེན་དཔལ་སྤྲུལ་གྱི་ཞལ་སྔ་ནས་ཀྱི་དྲུང་དུ་སྤྱོད་འཇུག །ལམ་རིམ་སོགས་མདོ་ཕྱོགས་ཀྱིས་མཚོན། ཚད་མ་དང་། བྱམས་ཆོས། དབུ་ཕར། འདུལ་མཛོད། གསང་སྔགས་ཀྱི་རྒྱུད་སྡེ་བཞིའི་གནད་དོན་དང་བཅས་པ་ལ། གསན་སྦྱངས་རྡོ་རུས་ཐུག་པ་ལྟ་བུས་འཛམ་གླིང་རྒྱན་དྲུག་མཆོག་གཉིས་ཀྱི་དཔེ་ཟླར་གྱུར་པ་ན། གཞུང་ལུགས་རབ་འབྱམས་སྨྲ་བའི་གྲྭ་སྐོར་གནང་སྟེ། མཚན་སྙན་གྱི་འབྲུག་སྟོང་མཁའ་ལ་ལྡིར་ཞིང་། ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་བ་དན་སྲིད་རྩེར་བསྒྲེངས།
དེ་ནས་སླར་རང་ཡུལ་དུ་ཕེབས་ནས། རྡོ་རྗེ་འཆང་ངག་དབང་ཆོས་འཕེལ་གྱི་སྤྱན་སྔར་རྡོ་རྗེ་སེམས་དཔའི་བཟླས་ལུང་སོགས་དང་། གཞན་ཡང་དཔལ་དུས་ཀྱི་འཁོར་ལོའི་མཆོག་དབང་གོང་མ་བཞི་ཡོངས་རྫོགས་ལེགས་པར་གསན། རྡོ་རྗེ་འཆང་ངག་དབང་ཆོས་འཕགས་ཀྱི་དྲུང་ནས་ཤངས་ཆོས་སྐོར་དང་། བདེ་མཆོག་ལྷ་ལྔའི་བསྐྱེད་རིམ་བྲག་རྗོང་མ་སོགས་དབང་ཁྲིད་རྒྱ་ཆེར་ལེགས་པར་གསན།
འདི་སྐོར་ཞིག་ནས་ཛམ་ཐང་ཆོས་རྗེའི་ཁང་སར་དུ་གཙོ་བོར་བཞུགས་ནས། བཀའ་པོད་ལྔས་མཚོན་པའི་མདོ་སྔགས་རིག་གནས་དང་བཅས་པ་ལོ་བཅུ་གཉིས་ཀྱི་རིང་དུ་གསན་སྦྱངས་གནད་དུ་ཐོན་པར་བྱས་པས། མང་དུ་ཐོས་པ་ལུང་གི་ཡོན་ཏན་གྱི་རྒྱ་མཚོ་ཆེན་པོའི་ཕ་རོལ་ཏུ་ཕྱིན་ཏོ། །
དེ་ནས་རིགས་བརྒྱའི་ཁྱབ་བདག་རྒྱལ་བ་རྡོ་རྗེ་འཆང་ཆེན་པོ་ངག་དབང་ཆོས་འཛིན་དཔལ་བཟང་བོ་བཀྲ་ཤིས་ལྷ་རིའི་དབེན་གནས་སུ་བཞུགས་པའི་དྲུང་དུ་ཕེབས་ཏེ། དཔལ་དུས་ཀྱི་འཁོར་ལོའི་དབང་ཁྲིད་ཡོངས་རྫོགས་མནོས་ཏེ། གོང་མའི་ཕྱག་སྲོལ་ཇི་ལྟ་བ་བཞིན་ལོ་གསུམ་གྱི་ས་བཅད་ཀྱི་ཁོངས་སུ་སྦྱོར་བ་ཡན་ལག་དྲུག་ཉམས་སུ་བླངས་པས། སྲོག་ཐུར་འདྲེས་པའི་རྟགས་ཁྱད་པར་བ་སོགས་གསང་ཆེན་ཐེག་པའི་མངོན་རྟོགས་བརྙེས་པའི་རྡོ་རྗེ་འཛིན་པའི་གོ་འཕང་བདག་གིར་བཞེས།
དེ་མཚམས་ཅི་རིགས་ནས་དགེ་འཕེལ་རི་ཁྲོད་དུ་བཞུགས་ཏེ། སློབ་ཚོགས་དག་ལ་ཐུན་མོང་རིག་གནས་དང་། ཐུན་མིན་དབུ་ཕར་སོགས་མདོ་ཕྱོགས་བཀའ་པོད་རྣམས་དང་། སྔགས་རིམ་ཆེན་པོ་སོགས་གསང་ཆེན་ཐེག་པའི་གཞུང་ལུགས་རྣམས་ཀྱི་བཤད་ཁྲིད་ཟབ་རྒྱས་སུ་གནང་སྟེ། ཐུབ་པའི་བསྟན་ལ་ཐུབ་པ་ལྟ་བུར་གྱུར་ཏོ། །
དེ་རྗེས་ནས་རྡོ་གཡུ་ཐོག་དགོན་དུ་སྔགས་ཀྱི་རྡོ་རྗེ་སློབ་དཔོན་མཛད་ནས། ནཱ་རོ་ཆོས་དྲུག་གི་སྒྲུབ་གྲྭ་གསར་དུ་བཙུགས། འདི་སྐབས་སློབ་ཚོགས་ལ་དབང་ཁྲིད་སོགས་ཟབ་རྒྱས་ཞིབ་བཤད་ཡང་ཡང་གནང་བ་སོགས་ཀྱི་ཚེ། ཉེ་འཁོར་ལ་གནས་པ་འགའ་ཞིག་གི་སེམས་ལ་བླ་མ་ཁོང་ཉིད་ཆོས་འདིའི་བཤད་ཁྲིད་ལ་འདི་འདྲ་མཁས་ཀྱང་། དབང་ལུང་ཁྲིད་དང་ཉམས་མྱོང་སོགས་ག་འདྲ་ཡིན་ཨང་སྙམ་པའི་དོགས་པ་སྐྱེས་ཚེ། དེ་མ་ཐག་ཁོང་གི་ཞལ་ནས། འོ་ཁྱེད་རང་ཚོས་དེ་འདྲའི་དོགས་པ་སྐྱེ་མི་དགོས་དང་། ཆོས་འདིའི་དབང་ཁྲིད་སོགས་འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེའི་དྲུང་ནས་མན་ངག་བཅས་ཇི་བཞིན་ལེགས་པར་མནོས་ཤིང་། རང་གི་ཉམས་ལེན་ཡང་དེ་ལུགས་ལྟར་བགྱིས་པས། དེང་དུས་ལ་ལྟོས་ན་ཉམས་མྱོང་གི་སྒོ་ཡང་རྒྱུན་མ་ཆད་པ་ཙམ་རང་ལ་ཡོད་པས། ཀུན་གྱིས་ཡིད་ཆེས་པར་གྱིས་ཞེས་གསུངས་གནང་མཛད་པས། སློབ་བུ་དེ་དག་བག་འཁུམས་ཤིང་། སྒོ་གསུམ་གྱི་སྤྱོད་པ་རང་ཤུགས་ཀྱིས་བསྡམས་ཏེ། བག་ཡོད་པའི་བརྟུལ་ཞུགས་ལ་གནས་པ་ངང་གིས་གྱུར།
སྡེ་དགེའི་ཏཱ་སི་ཏུ་པད་མ་དབང་མཆོག་རྒྱལ་བོ་ལ་ཡོངས་འཛིན་གྱི་ཕྱིར་དུ་རྗེ་འདི་གདན་འདྲེན་དུ་ཞུས་ཀྱང་མ་ཕེབས། སྐུ་ཚེ་གང་བོར་ཉིན་ལྟར་གསུང་རྩོམ་ལྡེབ་མ་མདའ་ཚད་མ་སུམ་ཅུ་ཙམ་རེ་རྒྱུན་རྩོམ་དང་། ཡོན་ཆབ་སྟོང་ཕྲག་རེ་བཤམས་རྒྱུ་ཆག་མེད་ཀྱི་དམ་བཅའ་མཛད་པར་གྲགས།
རབ་འབྱམས་གཞུང་ལུགས་རྒྱ་མཚོའི་ཟབ་རྒྱས་ཀྱི་དོན་རྣམས་ཀྱང་། ལྷག་པའི་ལྷ་མཆོག་འཇམ་དཔལ་དབྱངས་དང་། དབྱངས་ཅན་ལྷ་མོའི་ཞལ་གཟིགས་ཏེ་གནད་བཀྲོལ་དུས་དུས་སུ་མཛད། བར་འགའ་ལ་འཇམ་དབྱངས་བཞད་པ་སྐལ་བཟང་གོ་ཤྲཱི། ཐུའུ་བཀན་ཐམས་ཅད་མཁྱེན་པ་སོགས་སྔོན་བྱོན་མཁས་པའི་དབང་ཕྱུག་དང་ཞལ་ཕྲད་དག་སྣང་གི་སྒོ་ནས་ཕན་ཚུན་ཆོས་ཀྱི་ཟབ་དོན་ལ་བརྒལ་བརྟགས་ཀྱིས་ཐག་གཅོད་མཛད།
རྗེ་ཉིད་ཀྱི་སྐུ་ཚེ་གང་བོར་ཨ་ར་པ་ཙ་དུང་ཕྱུར་དྲུག་དང་། ཧ་ཀྵ་དུང་ཕྱུར་གཅིག་སོགས་ཡི་དམ་གྱི་བསྙེན་པ་སྣ་ཚོགས་དུང་ཕྱུར་བཅུ་གསུམ་ཙམ་བསྙེན་བཟླས་མཛད་ཅིང་། གྲུབ་པའི་མཐུ་ནུས་ཀྱང་འཇམ་མགོན་མི་ཕམ་རྣམ་རྒྱལ་དང་། ཀུ་རེའི་ཚུལ་གྱིས་ནུས་པ་འགྲན་པས། མི་ཕམ་པས་ངག་ནུས་ཟབ་མོས་སེར་བ་ཤུགས་དྲག་སྐད་ཅིག་ལ་ཕབ་པས། དམ་པ་འདིས་དེ་མ་ཐག་ཕྱག་བརྡབ་ཀྱིས་ཉི་མ་ཤར་བ་བྱས་པ་དང་། ཁོང་ཉིད་ཀྱི་མ་ཡུམ་འདས་པའི་རུས་ཆོག་ཏུ་བཞུགས་སྐབས། དཀྱིལ་འཁོར་དུ་བུམ་པ་རྫས་ལྡན་བཞག་པ་ལ་བུམ་ཆུ་རང་ཁོལ་དུ་བྱུང་ཞིང་། རུས་ཚྭ་རྣམས་ལས་འོད་འཚེར་བ་སོགས་གྲུབ་རྟགས་ཁྱད་པར་བ་མང་བོ་ཀུན་ཀྱི་མཐུན་སྣང་དུ་བྱུང་། མི་ཕམ་གྱི་ཞལ་ནས། ང་མཁས་པ་མང་བོ་དང་མཇལ་ཡང་། ཛམ་ཐང་བ་དགེ་ལེགས་ལྟ་བུའི་མཁས་མཆོག་དེང་སང་མཇལ་དཀའ་བས། ངས་ཀྱང་བརྒལ་བརྟགས་ཀྱིས་ཁོང་ལ་ལན་སྤོབས་ཆེར་མི་ནུས་ཞེས་བསྔགས་བརྗོད་བྱས་པའི་ལོ་རྒྱུས་བཤད་དུ་ཡོད།
སྐུ་ཚེའི་སྟོད་དུ་དབུ་མ་རིགས་ཚོགས་ཀྱི་དགོངས་པ་ལྟར། དཔྱད་སྒོམ་གྱིས་སྤྲོས་བྲལ་ཟབ་མོའི་གནས་ལུགས་ཇི་བཞིན་མངོན་དུ་བྱས་ཚོད་དུ་འདུག་ཀྱང་། མཐར་ཐུག་གནས་ལུགས་དངོས་ལ་རེག་སྐབས། རང་ལུགས་སྤྲོས་བྲལ་གྱི་མི་རྟོག་མཆོག་གི་རང་ཞལ་རང་ས་ནས་མཇལ་བ་དང་། རྣམ་པ་ཀུན་ཏུ་ཁྱད་མེད་དུ་སོང་སྟེ། གདོད་མའི་ནང་དབྱིངས་ཉག་གཅིག་ཏུ་དགོངས་པའི་ཀློང་དུ་ཆུབ་ཅིང་། ལྟ་བའི་དཔྱད་པ་ཡོངས་སུ་རྫོགས་ནས། ཟབ་མོ་གཞན་སྟོང་གི་གནད་ལ་ངེས་པ་ལྡོག་ཏུ་མེད་པར་བྱུང་།
ཁོང་གི་ཞལ་ནས། གསལ་ཉམས་གཅིག་གི་ངང་ལས་ཕ་གི་མདུན་རིའི་རྡུལ་ཕྲ་རབ་ཀྱི་གྲངས་ཆོད་ནུས་ཚུལ་ཞིབ་པར་གསུངས་པ་ལྟར། ཐུགས་ལ་ཏིང་ངེ་འཛིན་ངོ་མཚར་བ་མཐའ་ཀླས་པ་འཁྲུངས་པ་དེའི་ངང་དུ་མཉམ་པར་བཞག་པས། ཚེ་རབས་སྔོན་གྱི་གནས་མདོ་ཁམས་བྱང་གི་བླ་བྲང་དགོན་གྱི་ཆོས་གྲྭ་ཡོངས་རྫོགས་ཀྱི་གནས་ཚུལ་གསལ་བ་སོགས་དང་། ཉེ་འཁོར་བ་དག་གི་སེམས་འགྱུ་སྒོ་འདྲ་མིན་སྣ་ཚོགས་ཇི་བཞིན་གཟིགས་པའི་ལོ་རྒྱུས་བསྙོན་མེད་རྫུན་དང་བྲལ་བ་ཆེས་མང་དུ་ཡོད་ལ། སྡེ་དགེར་བཞུགས་སྐབས། སྒྲོལ་མ་རྣལ་འབྱོར་མའི་རྒྱུད་མཆན་བུ་ཅན་འཇམ་མགོན་ཏཱ་ར་ནཱ་ཐའི་ཕྱག་བྲིས་དེ། ཀོང་སྤྲུལ་གྱི་ཐུགས་དམ་འབྲལ་མེད་གཟིམ་ཁང་ལས་ཕྱིར་མི་ཕུད་པ་དེ་ལྡེབ་ཐུང་བརྒྱ་ཙམ་ནུབ་གཅིག་ལ་དཔལ་འབར་ལ་བརྟེན་ནས་དཔེ་བྱས་ཏེ་ཕྱག་བྲིས་ལེགས་ཟིན་སོགས་མཛད་སྒོ་ཆེ་བ་གང་ཡིན་ཡང་། རྩོལ་སྒྲུབ་ཇི་ལྟར་བྱས་ཀྱང་ལུས་སེམས་ཀྱི་ཤིན་སྦྱངས་ཁྱད་པར་བ་འགྲུབ་པས། དཀའ་ངལ་གང་ཡང་གཞི་ན་མི་འདུག་པ་རང་གཞན་གྱི་བློས་འཆུན་དཀའ་བ་ལྟ་བུ་མང་དུ་ཡོད།
གསུང་རྩོམ་ཡང་། ཕར་ཕྱིན་གྱི་འགྲེལ་བཤད་རྒྱས་པ་པོད་ཆེན་དྲུག་དང་། ཕར་ཕྱིན་འགྲེལ་ཆུང་དུམ་གཅིག་མ་དང་། ཕུང་ལྔའི་རྣམ་བཤད་འཇིག་རྟེན་ཁམས་ཀྱི་ཞིབ་བཤད། ཚད་དགོངས་གཙོར་བྱས་བཀའ་པོད་ལྔའི་དགོངས་འགྲེལ་མཆོག་གྱུར་སྔོན་མེད་ལེགས་བཤད་བསྡུས་གྲྭའི་སྤྱི་ཟུར་ལྷན་ཐབས་དང་བཅས་པ། དབུ་མའི་བསྟན་བཅོས་པོད་ཆེན་གཉིས། རྒྱུད་སྡེའི་དབང་ཆོག་རྡོ་རྗེ་ཕྲེང་བ། དུས་འཁོར་བསྐྱེད་རྫོགས་ཀྱི་སྤྱི་དོན་ཆེན་མོ་གཉིས་སོགས། མདོར་ན་མདོ་སྔགས་ལེགས་བཤད་ཀྱི་ཕྲེང་བ་སྤེལ་བས། བསྟན་པ་ལ་མཛད་རྗེས་ཟླ་དང་བྲལ་བ་བཞག་ཅིང་། ཡོངས་སྡོམ་གླེགས་བམ་པོད་ཉེར་བཞི་ལྷག་གི་གསུང་རྩོམ་མཛད།
མདོ་སྔགས་གྲུབ་མཐའ་སོ་སོའི་གཞི་ལམ་འབྲས་བུའི་རྣམ་གཞག་མ་ནོར། མ་འདྲེས། གསལ་གཙང་། ཕྲ་ཞིབ་ལུང་རིགས་ཚད་མའི་སྐྱ་བར་ནས་དྲངས་པས། དཔྱད་པས་དག་ལ་མཐར་གཏུགས་ན་གཟུར་གནས་བློ་ལྡན་རྣམས་ཀྱི་ཡིད་དབང་མེད་དུ་འགུགས་པར་གོར་མ་ཆག །རང་མཐོང་གིས་ཁེངས་པའི་ཆེ་བར་རློམས་པ་དག་ལ། དེ་ལྟར་མ་ཡིན་པ་ནི་གང་ཟག་རང་གི་དེ་ཉིད་ཡིན་པས། ལེགས་བཤད་ཀྱི་སྐྱོན་དུ་བཟུང་མི་རུང་ངོ་། །
དེའི་ཕྱིར་རྗེ་འདི་ཉིད་ལ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རྣམ་པར་ཐར་བ་མང་དུ་མཆིས་ཀྱང་། དེ་ཐམས་ཅད་ཀྱི་ནང་ནས་གཙོ་བོར་གྱུར་པ་ནི། མཉམ་མེད་ཐུབ་པའི་དབང་བོའི་མདོ་སྔགས་ཀྱི་གསུང་རབ་མཐའ་དག་གི་དཀའ་བའི་གནད་རྣམས་ཤིང་རྟ་ཆེན་པོ་རྣམས་ཀྱིས་ཚུལ་ཇི་ལྟར་ཕྱེ་བ་བཞིན། ལུང་རིགས་དྲི་མ་མེད་པའི་སྒོ་ནས་རང་གིས་ངེས་ཤིང་གཞན་དག་ལ་འདོམས་པར་མཛད་པས། ཐུབ་པའི་བསྟན་པ་རིན་པོ་ཆེ་ཡོངས་སུ་རྫོགས་པའི་བཀའ་དྲིན་ས་ཆེན་འཛིན་མའི་ཁྱོན་ཀུན་ཁྱབ་པ་འདི་ཉིད་ཡིན་ཞིང་། ལྷག་པར་རྩོམ་པ་ལེགས་བཤད་ཀྱི་སྐོར་རྣམས་ཀྱང་། གང་བྱུང་དུ་མཛད་པ་མ་ཡིན་པར། ཡི་དམ་ལྷག་ལྷས་རྗེས་སུ་བཟུང་ཞིང་། བསྟན་འགྲོར་ཕན་པའི་མཚན་མ་བརྟན་པོར་གཟིགས་པའི་རྐྱེན་གྱིས་མདོ་ཕྱོགས་དབུ་ཕར་ཚད་མ་འདུལ་མངོན་སོགས་དང་། སྔགས་ཕྱོགས་རྒྱ་བོད་མཁས་པའི་གཞུང་ལ་བརྟེན་ནས། རྩ་བཤད་ལེགས་པར་སྦྱར་བའི་ཁོངས་ནས་ཐོན་པའི་གདམས་པ་རྨད་དུ་བྱུང་བ་ཕལ་གྱི་སྤྱོད་ཡུལ་དུ་མ་གྱུར་པ་རྣམས་གསལ་བར་མཛད་པ་དང་། རྒྱུད་སྡེ་བཞིའི་ལམ་མ་ལུས་པ་ཡོངས་སུ་རྫོགས་པ་གསལ་བར་བྱེད་པའི་བསྟན་བཅོས་མང་དུ་སྤེལ་བ་མ་ཟད། འཇམ་མགོན་བླ་མ་ཏཱ་ར་ནཱ་ཐའི་སྒྲུབ་ཐབས་ཀྱི་དོན་དཔྱིས་ཕྱིན་པ་བཀྲལ་བའི་དཔལ་དུས་ཀྱི་འཁོར་ལོའི་བསྐྱེད་རིམ་རྒྱས་པའི་སྤྱི་དོན་ཆེན་མོ་འདི་ལྟ་བུ། མཁས་པ་ཆེན་པོར་རློམ་པ་རྣམས་ཀྱིས་ཀྱང་ཐོན་དཀའ་བས། ལེགས་བཤད་ཟླ་དང་བྲལ་བ་དང་། སྔོན་མེད་པའི་ལེགས་བཤད་བླ་ན་མེད་པ་དཔལ་དུས་ཀྱི་འཁོར་ལོའི་རྫོགས་རིམ་སྦྱོར་བ་ཡན་ལག་དྲུག་གི་སྤྱི་དོན་དུ་རྫོགས་རིམ་ཡན་ལག་དྲུག་གཞན་སྟོང་དབུ་མ་ཆེན་པོའི་ལྟ་གྲུབ་ཀྱི་ཁོངས་སུ་དྲངས་ཏེ། ངེས་དོན་ཇོ་ནང་པའི་བསྟན་པ་རིན་པོ་ཆེ་ཉིན་མོ་ལྟར་གསལ་བར་མཛད་པ་ཡིན་ལུགས་གཅིག་པུ་བརྗོད་ནའང་པོ་ཏི་ལས་བརྒལ་བར་འགྱུར་རོ། །
ནཱ་རོའི་སྤྱི་དོན་དུ། ལུས་དབེན་ནས་བརྩམས་ཏེ། མི་སློབ་པའི་ཟུང་འཇུག་གི་སྐུར་བཞེངས་ཚུལ་གྱི་བར་གྱི་རིམ་པ་རེ་རེ་ལའང་ལེགས་པར་བཤད་པ་ཐུན་མོང་མ་ཡིན་པ་དུ་མ་ཡོད་པས། ངེས་དོན་སྒྲུབ་བརྒྱུད་ཀྱི་བསྟན་པ་རིན་པོ་ཆེའི་དབུ་འཕང་སྲིད་རྩེར་བསྟོད་པ་ལགས་ཏེ། དུས་ཀྱི་མཐའ་འདི་ན་ཀུན་མཁྱེན་ཇོ་ནང་པའི་བསྟན་པའི་ཁུར་ཆེན་ཁུར་ཏེ། བསྟན་པ་གསལ་བར་བྱེད་པ་ལ་རྗེ་བླ་མ་འདི་ལས་གཞན་དུ་བཙལ་དུ་མེད་པར་སྣང་ངོ་། །
དམ་པ་འདི་ལ་འཕྲིན་ལས་རྒྱུན་སྐྱོང་གི་སློབ་ཚོགས་བསམ་གྱིས་མི་ཁྱབ་པ་ཞིག་བྱོན་པ་ལས། ཐུགས་སྲས་སུ་གྱུར་པ་ནི། བཤད་སྒྲུབ་བསྟན་པའི་ཉི་མ་ཀུན་དགའ་ངག་གི་དབང་བོ་དང་། ལུང་རྟོགས་བསྟན་པའི་གདུགས་འདེགས་ངག་དབང་ཚོགས་གཉིས་རྒྱ་མཚོ་སོགས་སོ། །
ལྗོངས་འདིར་རེ་ཞིག་མཛད་པ་མཐར་ཕྱིན་པའི་ཚེ། སྔོན་ཆད་ཁོང་ལ་འཇམ་དཔལ་གྱིས་ཞལ་གཟིགས་ཏེ། ཁྱོད་ད་ལན་འགྲོ་དོན་ཆེ་ཙམ་མ་བྱུང་ཡང་། ཚེ་འདི་འཕོས་མ་ཐག་བྱང་ཤམྦྷ་ལར་སོང་སྟེ། རིགས་ལྡན་ཁྲི་ཐོག་པ་དང་བསྟན་པ་མཐོ་དམན་མེད་པ་ཞིག་འོང་ཞེས་ལུང་བསྟན་པ་བཞིན་དུས་སུ་བབ་སྟེ། རབ་བྱུང་བཅོ་ལྔ་བའི་ནང་ཚན་ཤིང་ཕོ་འབྲུག་གི་ལོ༡༩༠༤དགུང་གྲངས་རེ་གཅིག་པའི་ཟླ་བཅུ་བའི་ཚེས་ཉེར་ལྔའི་ཉིན་སྔར་རྒྱུན་ལྟར་ནབ་བཟའ་སྐུ་ཆས་རྣམས་ཆ་ཚང་མནབ་སྲོལ་ཡོད་ཀྱང་། དེ་ཉིན་བཞག་སྟེ་ཉིན་གང་བོར་བཞུགས། མཐར་ནུབ་མོའི་བཟའ་བཏུང་གི་བྱ་བ་ལེགས་པར་མཛད་རྗེས། སྐུ་མདུན་པ་དག་ལ་ད་ཁྱེད་རང་རྣམས་རང་གནས་སུ་སོང་གསུངས། རྗེ་ཉིད་སྐུ་དྲང་བོར་རྣམ་སྣང་ཆོས་བདུན་གྱིས་བཞུགས་ནས། སྤྱན་གཉིས་ནམ་མཁར་ཧྲིག་གེར་གཟིགས་བཞིན། ཞལ་གསུངས་སྙན་པའི་དབྱངས་ཀྱིས་སངས་རྒྱས་རྣམས་ཀྱི་མཚན་དང་། བླ་མ་གོང་མ་དག་གི་གསོལ་འདེབས་སྔོན་དུ་འགྲོ་བའི་སྒོ་ནས་ཟབ་ལམ་འཕོ་བའི་ཆོ་ག་རྒྱས་པ་ཞིག་མཛད་པའི་མཐར། ཕཊ་སྒྲ་ཆུང་འབྲིང་ཆེ་གསུམ་གྱི་མཐར་ཧིག་སྒྲ་ཆེས་སེང་མོ་ཞིག་གི་ངང་ནས་གཟུགས་སྐུ་གཡོ་བ་མེད་པར་དགོངས་པ་ཆོས་དབྱིངས་སུ་བཞུགས་པར་མཛད་དོ། །
དེ་ནས་སློབ་བུ་དག་མྱ་ངན་གྱི་ཁང་བུར་ཞུགས་བཞིན། ཞག་འགའི་མཚམས་ནས་ཐུགས་དམ་ལེགས་བཀྲོལ་དང་བཅས། མཐར་སྐུ་གདུང་རིན་པོ་ཆེ་འཛི་སྲིབ་དགོན་དུ་གདན་དྲངས་ནས། ཞུགས་འབུལ་གྱི་བགྱི་བ་གང་དགོས་ཐམས་ཅད་ལེགས་འགྲུབ་མཛད།
སྐུ་འདས་ནས་གདུང་ཙྪཱ་སྒྲུབ་དུས་ཡན་ལ། བར་བར་དུ་མཁའ་ལམ་དུ་འཇའ་གུར་ཕང་ཕུང་འཁྲིགས་པ་སོགས་དགེ་ལེགས་ཀྱི་མཚན་མ་ཅིར་ཡང་འཆར་ཞིང་། ཁྱད་པར་གདུང་རུས་དག་ལས་དབུ་ཐམས་ཅད་ཀྱི་དུམ་བུ་ལ་འཇམ་དབྱངས་ཀྱི་སྐུ་གསལ་བོར་དོད་ཅིང་། རུས་པ་གཞན་རྣམས་ལ་ཡི་གེའི་གཟུགས་ཆེས་མང་བོ་བྱོན་པ་སོགས་ངོ་མཚར་བའི་རྟགས་མཚན་མཐའ་ཡས་པ་བྱུང་ངོ་། །
ཞེས་པ་འདིའང་ཀུན་དགའ་དཔལ་ལྡན་གྱིས་བྲིས་པ་དགེའོ། །