ཉེར་བདུན་པ།
མཛད་པ་པོ། རྗེ་བཙུན་ཏཱ་ར་ནཱ་ཐ།
ཨོཾ་སྭཱ་སྟི། ཡང་སྔར་གྱི་འཕྲོས་ལས་བརྩམས་ཏེ། རང་གི་གནས་ཚུལ་ཅུང་ཟད་བརྗོད་ན། གྲོམ་པ་ལྷ་རྩེའི་ཕྱོགས་དེ་ཉིད་དུ། སྔར་གྱི་ཆོས་བཤད་པའི་འཕྲོས་དེ་ལས། དབང་རྗེས་གནང་། ལུང་བཀའ་ཐན་ཐུན་མང་རབ་དང༌། ཁྱད་པར་བྱང་ཞབས་དྲུང་རང་གི་དགོངས་གཏད་དང་བསྟུན། ཞབས་དྲུང་རང་དང༌། ངམ་རིང་མཁན་ཆེན་ཚུལ་ཁྲིམས་པ་དང༌། གཞན་དགེ་བཤེས་བརྒྱད་དགུ་ཙམ། སེར་ཆགས་འགའ་རེ་དང་བཅས་པ་ལ། དབུ་མ་གཞན་སྟོང་གི་བཤད་འདོམས་རགས་པ་དང༌། རང་རེས་བརྩམས་པའི་གཞན་སྟོང་གི་གཞུང་ཐན་ཐུན་དང་བཅས་པ་ཡང་བཤད།
སློབ་དཔོན་བྱམས་བཀྲས་པ་སོགས་གྲུབ་མཐའ་དེ་ལ་ཕྱོགས་ཞེན་བག་ཙམ་གདའ་ནའང༌། ངེས་པོ(པར)ནི་མ་བྱུང་བ་འདྲ། གཞན་དགེ་བཤེས་ཀྱི་ཁུངས་རྣམས་ངེད་ཅི་འདྲ་ཞིག་སྨྲའམ་བསམ་ཚོད་བགམ་པའི་ཕྱིར། བདག་ཅག་ཀྱང་གྲུབ་མཐའ་འདི་ལ་མོས་པ་ཡིན་པས། ཆོས་གྲྭ་འདི་ལ་ཞུགས་པས་ཆོག་པ་དགོས་ཟེར། ཡང་ཡང་ནན་བཅགས་བྱས་དེ(ཏེ)ཡོངས་མོད་ཀྱང༌། སྔར་གྱི་བག་ཆགས་རྙིང་པ་བློ་ལ་ཞེན་པ་དེ་ཁ་མ་གཏོགས་ཆོས་ལ་གོ་ནས་དད་པ་སྐྱེ་བ་ལྟ་ཅི་སྨོས། གོ་བ་རང་སྔོན་མ་ནས་མི་སྐྱེ་བ་འདུག །སྔར་གྱི་གོ་བ་རོ་ཐེད་ངན་པ་རབ་རིབ་དེས་བསྒྲིབས་ནས། རང་རེས་ཞིབ་པོ་བཤད་ཀྱང་གོ་བ་གཙང་སང་ངེ་བ་འཆར་ཐུབ་མཁན་མི་གཅིག་ཀྱང་མི་འདུག །
རང་ཉིད་གང་མོས་པའི་རྩ་བའི་གྲུབ་མཐའ་དེ། ཕྱོགས་ཞེན་གྱི་སྒོ་ནས་འཛིན་པ་དམ་པོ་བྱེད་པ་ནི། དེང་སང་ཕལ་ཆེར་གྱི་ལུགས་སུ་གདའ་ནའང༌། གཞུང་ལུགས་ཤེས་གྱུའི(བྱའི)ཁུངས་ཀྱིས་ཆོས་ཉན་ཕྱིན། སོ་སོའི་འདོད་ཚུལ་ཐ་དད་པའི་གོ་བབས་ཀྱིས་མཚམས་བྱེད་པ་ཙམ་མམ། ངེད་ཀྱིས་བཤད་པ་དེ་ཕྱོགས་སྔ་ཡིན་དུ་བཅུག་ནའང༌། ཕྱོགས་སྔ་གོ་བ་ཞིག་ཀ་ཡོང་ཐང་བ་ལ། མན་ནེ་མུན་ནེ་ཞིག་མིན་པ་འདི་ཡིན་མེད་པའི་སྟེང་ནས། རྒྱུ་མཚན་མ་ཡིན་པ་ལ་རྒྱུ་མཚན་དུ་འཛིན། རྒྱུ་མཚན་རང་དེ་ཡེ་མི་གོ །གནད་དོན་མ་ཡིན་པ་ལ་གནད་དུ་འཛིན། གནད་རང་དེ་མཐའ་ལ་ཡལ། གོ་ཆོག་ས་ནས་མི་གོ །མ་གོ་ཆོག་ས་ནས་གོ་བ་ཤ་སྟག་ཡོང་གིན་འདུག་པས། རྒོད(དགོད)ཀྱང་བྲོ་ལ་ཡི་ཡང་མུག་པར་བྱུང༌།
ཕལ་ཆེར་མ་གོ་ཞིང་ཅུང་ཟད་གོ་བ་ལ་ཡང་བློ་མ་སོང་བས། ཤེས་པར་འདོད་པའི་དོགས་གཅོད་བྱེད་པ་ཡང་མེད། མི་འཐད་པ་གོ་བའི་བརྒལ་བརྟག་འབེལ་གཏམ་བྱེད་པ་གང་ཡང་མེད་པར། ཁ་སྐྱེངས་བསུབ་བྱེད་ལ་ཁྱེད་ལ་མདོ་ཕྱོགས་ཀྱི་བསླབ་ཤེས་འདི་ཙམ་ཡོད་སྙམ་པ་སྔར་མ་བྱུང༌། འདི་ལྟར་ཡོད་ཕྱིན། མདོ་ལུགས་ཀྱི་བཤད་གྲྭ་ཞིག་བསྐྱངས་ན་བསྟན་པ་ལ་ཕན་པ་འདུག་ཟེར་བའི་ངོ་བསྟོད་གཅམ་བུ་དེ་མི་རེ་ངོ་རེས་གཏོང་དུ་བྱུང་།
དགེ་བཤེས་འདི་རྣམས་ཀྱིས་མི་གོ་བའི་རྒྱུ་ཡང་འདིར་འདུག་སྟེ། གཞན་སྟོང་འདི་སེམས་ཙམ་རྣམ་རྫུན་པའི་ལུགས་ཡིན་ནོ་ཞེས་ཟེར་བ་དང༌། གཞན་སྟོང་པ་རྣམས་ནི་བྱམས་ཆོས་བར་པ་གསུམ་གྱི་དགོངས་པ། རང་ལུགས་ཀྱི་དབུ་མར་འདོད་པ་ཡིན་ཟེར་བའི་གཏམ་ཙམ་ཞིག་རྣ་བ(བར)ལྷུངས་པ་དེས། རང་རང་གི་གྲྭ་ས་ན་རྣམ་འགྲེལ་གྱི་སེམས་ཙམ་རྣམ་རྫུན་གྱི་སྐབས་དང༌། བྱམས་ཆོས་བར་པ་གསུམ་གྱི་དོན་ཡིན་གྱུ་བ་སེམས་ཙམ་དུ་འདོད་པའི་གྲུབ་མཐའི་ཁུལ་ཞིག་འདུག་པ་དེ། དབུ་མ་གཞན་སྟོང་དུ་མིང་བསྒྱུར་བ་མ་གཏོགས། དེ་ཁ་རང་ཡིན་ཡོང་སྙམ་ནས། གཞན་སྟོང་དང་སེམས་ཙམ་གྱི་ཁྱད་པར་ཤིན་ཏུ་ཆེ་བ་རྣམས་ཡེ་མི་གོ་བར། ཁྱད་ཆོས་དེ་དག་ཁོང་རང་ཚོའི་འདོད་ཚུལ་རྙིང་པའི་སེམས་ཙམ་གྱི་ལུགས་དེ་ལ་ཀ་ཡོད་པ་ཨེ་མི་ཡིན་ནམ། སྔར་གྱི་དེ་དང་ནི་འདྲ་ལ་འདྲ་མིན་ཞིག་བྱུང་སྙམ་པའི་མགོ་བོ་སྤོས་པ་དེ་ཁར་འདུག་གོ །
འདི་སྐབས་ས་གའི་ཚེས་བཅོ་ལྔ་ལ། རང་ཡུལ་དུ་ཕ་སྐུ་མདུན་རྣམ་རྒྱལ་ཕུན་ཚོགས་དེ་སྐུ་གཤེགས་པ་འདུག །དགོངས་རྫོགས་དངོས་ཀྱི་སྐོར་ལ་ནི་མཁན་པོ་བློ་གྲོས་རྒྱལ་མཚན་པ་སྤྱན་དྲངས་གདའ། སྐབས་འདིར་གནས་ཚུལ་སྐྱེས(སྐྱེལ)མི་བྱུང་བས། དགོན་སྟོད་སྨད་ཐམས་ཅད་དུ་མང་ཇ་ནས་འགྱེད་སོགས་དགོངས་པ་རྫོགས་ཐབས་གང་དྲག་བགྱིས་པ་ཡིན། ཅུང་ཟད་སྐྱོ་ཤས་ཆེ་བ་ཞིག་ཀྱང་བྱུང༌། བྱིས་པའི་དུས་སུ་རྩེད་མོའི་རྣམ་པས། ཀུ་རེ་ཀྱལ་ཀའི་སྒོ་ནས། ཕ་ལ་མ་གུས་པའི་རྣམ་འགྱུར་བྱས་པའི་མཐོང་ཆོས་ཀྱི་འབྲས་བུ་ལ། ད་ལྟར་ཡང་རླུང་ཁམས་ཀྱིས་རྟག་ཏུ་གཙེས་པའི་ཁམས་མི་བདེ་བ་ཡོང་བར་འདུག །དེས་ན་ཕྲ་ཞིང་ཕྲ་བ་ལ་སྤང་བླང་བྱེད་པ་གལ་ཆེ་བར་གདའ།
དེ་སྐབས་ཞིག(ཤིག)ཞབས་དྲུང་དང་བྱམས་བཀྲས་པ་གཉིས་ཀྱིས། ཤིན་ཏུ་ནན་བཅགས(བཅག)ཆེས་པའི(ཆེ་བས)ངོ་མ་ཆོགས(ཆོག)པར། ཁོང་དཔོན་གཡོག་གཉིས་ལ་གྲུབ་ཆེན་ཞི་བའི་ཞབས་ནས་བརྒྱུད་པའི་སྦྱོར་དྲུག་གསར་མ་དེ་བཤད་དགོས་པར་བྱུང༌། སོར་སྡུད་ལ་མུན་ཁྲིད་ཀྱི་རྣམ་པ་ཙམ་གཅིག་ཀྱང་མཛད། འདིའི་དབང་མན་ངག་བཤད་པ་རྣམས་ཚར་གཅིག་ཚར་བར་བྱས། དེ་སྐབས་བཀའ་ཅུང་ཟད་ལྟས་འཚུབ་པར་བྱུང་ནའང་། སྐྱོན་ཙམ་མེད་དམ་སྙམ་ཆེར(ཆེ)ཆེར་མ་བྱས། ཡིག་བརྒྱ་བཤགས་པ་ཚོགས་མཆོད་སོགས་བྱེད་པ་ཡང་མ་བྱུང༌།
འདི་སྐབས་རྩིས་གནས་གསར་བའི་རྗེ་དྲུང་ཁོང་མདར་ནས་ཡར་ལུང་ཕྱོགས་ལ་ཐེགས་པའི་ཞོར་ལམ་དུ། ཁོང་པའི་དཔོན་སྲས་ཆོས་རྗེ་ཆུང་ཆུང་དེ་དང་བཅས་ངེད་ཡོན་མཆོད་རྣམས་མཇལ་བར་བྱུང༌། བྲག་སྣ་སྟོད་དང་པོ་ཞིག་བྲག་སྣ་ཆོས་རྗེ་པས་བདག་པོ་ཀུན་རིན་པ་ལ་དགོངས་པ་ཞུས་ནས་། ཆོས་ལུང་བྱང་རྩེར་ཕུལ་བར་འདུག །དེ་ལ་འཕན་ནེ་བས་མགོ་སྐོར་གྱི་རྣམ་པ་བྱས་འདུག་ཀྱང༌། ཕྱིས་བྲག་སྣ་ཆོས་རྗེ་སྨྱོན་པ་ལ་ཁས་ཆད་ཡོད་པའི་དགོས་ཆ་རྣམས་མ་བྱུང་བ་ཡུན་རིང་པས། སྔ་སོར་ཞིག་ངེད་ལ་བྱིན་པ་ཡིན་ཀྱང༌། གཟིངས་གཞི་ལ་དགོས་པ་མི་འདུག་སྙམ། ལོ་མང་དག་ཅིག་བཞག་པ་ཡིན། འདི་སྐབས་ཆོས་ལུང་དགོན་པར་ངན་བྱེད་བཙུན་པ་ཀུན་ཡང(ཀྱང)། སྨོན་འགྲོ་བ་རང་རྟོགས་ལྡན་དང་བཅས་པས་བཙུད་པ་ཡིན་ངེས་སུ་འདུག་པ་དང༌། ཆོས་རྗེ་སྨྱོན་པས་ཀྱང་ནན་གྱིས་ཕུལ་བ་འཛོམ(འཛོམས)ནས། རང་རེས་ཀྱང་ཁམས་གཤིས་ལངས་ཏེ་ཁས་བླངས་པས། འདི་སྐབས་བྲག་སྣ་སྟོད་ལག་ཏུ་བྱུང་བ་ཡིན། སྨོན་འགྲོ་བ་གཏན་ཞལ་གྱིས་སྡིགས་རིས་ལུང་པ་བཀང་ཡང༌། རྗེས་ལ་འདི་ཡིན་རང་ནི་ཅང་མ་བྱུང༌།
དེ་ནས་ཧོར་ཟླ་ལྔ་པ་ཚེས་འཕྲལ་ལ་ཡར་ཆས་ཏེ། སྡེ་པ་དཔོན་གཡོག་གིས་སྐྱེལ་མ་ཅུང་ཟད་མཛད། རགས་རྫོང་གཞོལ་གྱི་གདོང་དེར་གདོང་དགའ་བས་སྣ་ལེན་བྱུང༌། མདར་རྫོང་གསར་གྱི་མདུན་དུ་སྡེ་པ་དགྲ་འདུལ་བ་དང་མཇལ། དེ་ཡང་དགྲ་འདུལ་བ་ལ་རྒྱལ་པོའི་གནོད་པ་གཙོ་བོར་གྱུར་པའི་ནད་གདོན་གཉིས་འཛོམ་ཞིག(འཛོམས་ཤིག)གིས་ཡུན་རིང་བསྙུང༌། ཐབས་རྟེན་འབྲེལ་གྱི་རིགས་ལ་མ་མཛད་པའི་སྣ་མེད་པར་འདུག །གནས་གསར་རྗེ་དྲུང་གིས་རྔས་བསྲུངས་རྒྱང་ཙམ་མཛད། དབང་བསྐུར་རིམ་གྲོ་དཔག་མེད་མཛད་ཟེར། ཁོང་པའི་གསང་ཆབ་ཀྱང་ཆུ་འཇོ་འཇོ་མཆོད་གདའ་ནའང༌། ཕན་སྐྱེད་ནི་ཆེར་མ་བྱུང་བར་འདུག །མོས་ཞེན་ནི་དེ་ཕྱོགས་རང་ལ་ཆེ་མོད། ནད་གདོན་ཕན་དུ་རེ་ནས་ངེད་ལའང་དེ་སྐབས། དངོས་བརྒྱུད་དུ་མ་ནས་ནན་བཅགས(བཅག)མཛད་པའི་སྟབས། འདྲེ་ལ་སྲུང་ཡིག་དང་བྱིན་རླབས་སོགས་ངེད་ཀྱིས་ཀྱང་བྱས། ཕན་ཐོགས་ཆེ་རབ་ཀྱང་བྱུང་ནི་བྱུང༌། ནམ་ཕན་པ་ནས་བཟུང་ཐུགས་བརྗེད་ངེས་ཀྱི་དབང་དུ་སོང་ཡོད་པ་ནི་གཞིར་བཅས།
དེ་ནས་ངེད་ཅག་ལུས་ལ་འཕྲོད་དུ་རེ་བས། མང་མཁར་ཕུའི་ཆུ་ཚན་ཅུང་ཟད་བསྟེན། ཉི་མ་སྔ་མ་གཉིས་ལ། བྱང་ཞབས་དྲུང་གི་གསུང་ནན་ཆགས་ཆེན་པོ་ཡོད་པ་ལྟར། སྦྱོར་དྲུག་ཉེ་བརྒྱུད་ཀྱི་འཁྲིད་དམིགས་ཡི་གེར་བཀོད་ནས་ཕུལ། ཞག་གཉིས་སོང་བའི་ཉིན་མོ་བེ་སྣབས་འདྲེས་པའི་ཁྲག་སླ་ང་དོ་གསུམ་ཙམ་སྐྱུགས། དེ་ཐོག་མ་ཆུ་ཚན་གྱིས་བད་ཁྲག་པ་ཕན་པའི་རྣམ་འགྱུར་ཞིག་ཡིན་ནམ་སྙམ་པ་བྱུང་ཡང༌། ཆོས་རྡོ་རྗེའི་རྣལ་འབྱོར་གྱི་མན་ངག །འཕགས་ཡུལ་གྲུབ་པའི་ཐུགས་བཅུད་དེ་ཉིད་སྐབས་སུ་མ་བབ(བབས)པ་ལ་བཤད་ཅིང་ཡི་གེར་བཀོད་པའི་གཉན་ཆ་རང་གཙོ་ཆེ་བའི་རིགས་སུ་འདུག །
དེ་མ་ཐག་པ་ནས་གཉིད་ཤིན་ཏུ་ཆེ། ཁམས་ཉོག །ལུས་ཤིན་ཏུ་མ་བདེ་བ་ཞིག་བྱུང་བའི་ངང་ནས། རྒྱ་ཚོ་ལ་དང་། ཆེ་ལ་སོགས་བརྒྱུད་ནས་རིམ་པས། བླ་མའི་བཞུགས་གནས་རི་ཁྲོད་ཆེན་པོ་བྲག་སྟོད་དུ་འབྱོར། གཙང་ཁང༌། འདུ་ཁང༌། ལོགས་བྲིས་དང་བཅས་པ་སོགས་རི་ཁྲོད་ཉིད་ལ་བལྟོས་པའི་རྒྱ་དཔངས་མི་ཆུང་ཙམ་རང་རེས་སྔ་སོར་དུ་རྒྱང་ནས་བཀོད་པ་བྱས་པ་ཡང༌། དེ་སྐབས་མཐར་ཕྱིན་པའི་སྐབས་ཡིན་པས། སླེབས་འཕྲལ་ནས་ཁམས་མ་བདེ་བཞིན་དུ་དེ་རྣམས་ལ་རབ་གནས་རྒྱས་པར་བྱས། དངོས་གཞི་ཚེས་བཅོ་ལྔ་ལ་ཡིན།
དེ་རྗེས་ཚེས་བཅུ་བདུན་བཅོ་བརྒྱད་གཉིས་ལ། ཡ་ཕྱང་བ་དྲུང་ཆེན་བརྟན་པ་མི་ངོ་སོགས་ལ་ཀྱཻ་རྡོར་གྱི་དབང་ཞིག་ཀྱང་བྱས་པ་དངོས་གཞི་ལ་དབང་རྫས་འགྲིམ་པ་མི་ལྕོགས་ལ་ཁད་ལ་ཐུབ་ཙམ་བྱུང༌། དེ་བར་དུ་ཁམས་ཤིན་ཏུ་མི་བདེ་བ་དེ་ཇེ་ལོད་དུ་སོང་ནས། དེའི་ནང(ནངས)པར་ནས་གང་ཡང་མ་ལྕོགས་པར་སྡོད་དགོས་བྱུང༌། དེ་ཡང་ཉིན་མཚན་ཀུན་ཏུ་ཁམས་ཉོག་ཅིང་གཉིད་ལ་འགྲོ་བ། མགོ་ལུས་རུས་ཚིགས་ཐམས་ཅད་མི་ན་བའི་ས་གཅིག་ཀྱང་མེད་པ་ལ། ལུས་ཟུངས་ཆུང་ཞིང་། དང་ཁ་ཡང་འགག་པ། རྟག་ཏུ་མགོ་འཁོར་བའི་རྣམ་པ་ཡོད་པ། མིག་དང་རྣ་བ་དབང་པོའི་སྒོ་རྣམས་ཀྱང་འགྲིབ་པ་སོགས་ཤིན་ཏུ་ནད་ཚབས་ཆེ་བ་དོས་དྲག་པར་བྱུང་ནའང༌། འཚོ་བྱེད་སྨན་པ་སོགས་གང་ལའང་མ་བསྟན། ནད་ལ་ཐོག་འགེལ་དང༌། བློས་བཏང་གི་ལམ་ཁྱེར་ཅུང་ཟད་རེ་བསྒོམ། ལར་བླ་མའི་སྐུ་དྲིན་ཡིན། འཆི་བ་ལ་འཚེར་བ་དེ་སངས་ནས་ནི། དེ་གོང་ནས་ལོ་མང་པོ་ཞིག་ཀྱང་ཐལ། གལ་ཏེ་དུས་ལ་བབ་པ་ཡིན་ན། སྤྱིར་འཆི་བའི་ས་ཆ་ལ་ཁྱད་མི་འདུག་ཀྱང༌། བླ་མའི་གདན་སར་སླེབ(སླེབས)པ་འདི་ཤིན་ཏུ་སྟབས་ལེགས་འདུག་སྙམ་པ་ཙམ་ནི་བྱུང༌། དེ་ཀ་ལ་ཞག་མང་རབ་ཅིག་སོང༌།
དེ་སྐབས་སུ་ཉེར་མཁོའི་ཁ་ཟས་དང་ཡོ་བྱད་འགའ་ཞིག་དཀོན་པར་བྱུང་ནས། བློ་བཅོས་མ་མ་ཡིན་པར་རང་གིས་རང་ལ་སྙིང་ཚིམ་མང་པོ་བགྲོང་བར་བྱུང་སྟེ། ཁྱོད་དགོས་ཆ་གང་འདོད་ཡོད་པའི་སྐབས། དཀོན་མཆོག་ལ་མི་མཆོད། དགེ་བ་མི་བྱེད་པར་རང་གིས་ཡོག་ཟས་དང་ཡོག་འཐུང་ཁོ་ན་བྱས། ད་རང་ལ་དགོས་དུས་མེད་ཐབས་མེད་པའི་ཡོ་བྱད་རྣམས་མི་འཛོམ(འཛོམས)པ་འདི། དཀོན་མཆོག་གི་སྐུ་ཡོགས་འགོ་མ་རྣམས་ཀྱི་བརྡ་གཏོང་ཡིན། སྙིང་རེ་ཚིམ། ད་དུང་འདི་བས་ཀྱང་ཆེས་ཆེ་བའི་ན་ཚ་སྡུག་བསྔལ་ཐམས་ཅད་སྤུངས་ཤིག་སྙམ་པ་ཁོ་ན་ཡང་ཡང་རང་ཞུགས་ལ་བྱུང༌།
དེ་ནས་སྔ་དྲོ་ཞིག །མེ་ཏོག་ཆར་པ་སྤོས་ཆུ་དང་འདྲེས་འབབ་པ་ཡིས། །དམྱལ་བའི་མེ་མདག་ཆིལ་ཆིལ་གསོད་པ་མཐོང་གྱུར་ནས། །གློ་བུར་བདེ་བས་ཚིམ་པ་འདི་ཅི་བསམས་པ་དང༌། །སེམས་དམྱལ་རྣམས་ཀྱི་ཕྱག་ན་པདྨ་མཐོང་བར་ཤོག །ཅེས་པ་སྤྱོད་འཇུག་གི་ཚིག་འདི་ཡང་ཡང་དྲན་པས་རྐྱེན་བྱས་ནས། འཕགས་པ་སྤྱན་རས་གཟིགས་འབའ་ཞིག་ཡིད་ལ་དྲན་ཞིང༌། མོས་གུས་ཀྱི་གདུང་ཤུགས་དྲག་པོ་མཆི་མ་རང་དབང་མེད་པར་འཆོར་བ་དེ་ཀ་ཞག་པོ་གཉིས་གསུམ་ཞིག་ཤུགས་འབྱུང་ལ་བྱུང༌། དེ་ཀའི་ངང་ལ་ཉིན་གཅིག་གཉིད་ཆོགས་ཏེ(ཆོག་སྟེ)། གཉིད་དུ་འཕྲི་ཙམ་སོང་བ་ན། འཕགས་པ་སེམས་ཉིད་ངལ་གསོ་འདྲ་རུང་བའི་སྐུའི་རྣམ་པ་གསལ་པོ་ཞིག་ཁྲ་ལམ་གྱིས་བྱུང༌། གཉིད་སད་པ་ན། དེ་འཕྲལ་རང་དུ་ཁམས་ཅུང་ཟད་བདེར་སོང་འདུག །དེ་ནས་ཞག་པོ་གཉིས་གསུམ་ན་ནད་རགས་པ་དེ་དྲག །
སྔར་རབ་གནས་ཀྱི་སྐབས་ནས། རང་གི་གྲྭ་རིགས་སུ་གཏོགས་པ་དགོན་ཐ་དད་ནས་འདུས་པ། ཆོས་ཐོབ་འདོད་ཅན་མང་པོ་ཡོད་པ་ལ། སྒོམ་ཆེན་བྱ་བྲལ་གཉོམ་ཆུང་གི་རིགས་འདི་དད་པ་ཆེ་བས་འཚོ་བ་རང་རྒྱགས་ལ་བརྟེན་ཞིང(ཅིང)། ཆོས་ཀྱི་དགུག(སྒུག)སྡོད་བྱེད་མཁན་ཁོ་ནས་མཐའ་འཁོར་ནས་ཡོད་པས། ཁམས་ཚོ་ཟིན་ཙམ་ནས་བཟུང༌། གྲྭ་རིགས་ཕོ་མོ་ཁོ་ན་ལྔ་བརྒྱ་ཙམ་དང༌། ཡོན་བདག་སྐྱེ་བོ་ཅི་རིགས་པ་དང་བཅས་མང་པོ་ལ་ཚོགས་ཆོས་སུ་དབང་བསྐུར་རྗེས་གནང་གྲངས་མང་བ་དང༌། ནཻ་གུ་ཆོས་དྲུག་གིས་སྣ་དྲངས། ཤངས་ཆོས་ཆ་ཚང་སོགས་འཁྲིད་སྣ་མང་དུ་བྱས། སྙིང་པོ་དོན་རྒྱུད(བརྒྱུད)རང་སེམས་ངོ་སྤྲོད་པ་ཡིན་པས། འཁྲིད་གསར་པའི་རིགས་ངོ་སྤྲོད་ཞུ་འདོད་ཤིན་ཏུ་མང་བ་འདུག་པ་རྣམས་ལའང༌། སོ་སོར་ངོ་སྤྲོད་འཐེམས་རྒྱས་སུ་བྱས་པ་རྣམས། འཁྲིད་ཐེབས་ཚུལ་ཡང་ལེགས་རབ་བྱུང༌། གྲྭ་རིགས་ཡོན་བདག་སོ་སོས་རང་ལ་གང་ཡོད་ཆེ་འབྱོར་ཆུང་འབྱོར་དུ་བྱིན་པའི་རྣམ་གྲངས་ཀྱང་ཤིན་ཏུ་མང༌།
ལར་བཀའ་བརྒྱུད་པའི་སྒོམ་ཆེན་འདི་རྣམས་ལ། སྔོན་གྱི་སྤྱན་ལྟོས་བཟང་པོའི་རྒྱུན་འདི་ཁ་ངོ་མཚར་ཆེ་བར་གདའ། ལུས་ལོངས་སྤྱོད་བླ་མའི་ཕྱོགས་སུ་བཏང་ནས། ངས་བྱས་དང་དྲིན་བགྲང་བར་མི་བྱེད། བླ་མའི་དཀོར་ལ་ཤིན་ཏུ་འཛེམ་ཞིང(འཛེམས་ཤིང)རང་ལ་ལན་གྱི་རེ་བ་མི་བྱེད་པས། སོ་སོར་ཡང་རྟེན་འབྲེལ་ཅུང་ཟད་རེ་འགྲིག་ནས། རང་རང་ལ་ཡང་འདུན་མ་ཐ་ཤལ་རང་མིན་ཙམ་རེ་དང༌། སྡེ་དེ་ལའང་དགེ་མཚན་ཕྲན་བུ་རེ་དང༌། དུས་དང་དབང་པོ་ལ་བལྟོས་པའི་དགེ་སྦྱོར་སྐྱེ་ཚུལ་ཕྲན་བུ་རེ་ཡང་ཕྲལ་དུ་ཡོད་ཀྱིན་འདུག །སྔོན་སྒེར་སྒོམ་ཞིག་པོས། བླ་མ་ཀ་བ་ཅན་པའི་རྩར་བྱོན་པའི་དཔེ་བཞིན་ཡིན། ཆོས་ཕར་བཤད་དགོས། ཞབས་ཏོག་ཕར་བྱེད་དགོས། ཕྱག་ཕར་ལ་སྟོབ་དགོས། དྲིན་ཚུར་ལ་འདེད་དུ་འོང༌། ང་ལ་ནི་བཙུན་པའི་སློབ་མས་དགོས་པ་མེད་ཟེར་ནས། ཡུན་རིང་དུ་མཇལ་ཁ་མ་བཏང་སྐད། ཆ་ཞིག་ནས་དེ་ཡང་བདེན་པོར(པར)གདའོ། །
དེ་སྐབས་བོ་དོང་དང་ཤེར་དཀར་གྱི་མཁན་པོ་རྗེ་འཕགས་ཆེན་པ་གཤེགས་པས། གཤེགས་རྫོང་གི་གྲལ་དབུ་ལ་བློན་པོ་དགོན་པར་ཡོང་དགོས་ཚུལ་གྱི་ནན་ཆགས་ལ། ཆོས་རྗེ་ནམ་མཁའ་རྡོ་རྗེ་བ་རང་ཕེབས་བྱུང་ནའང༌། ཁམས་མི་བདེ་བའི་འཕྲོས་ཀྱང་ཡོད། ཡུན་རིང་སྡོད་ལོང་ཡང་མེད་ནས་འགྲོ་བ་མ་ཐུབ་པས་སྐལ་བ་ཚུར་སྐྱེལ་བར་མཛད། རྒྱ་ལུང་དུའང་འདུ་ཁང་གི་ལོགས་བྲིས་གསར་བཞེངས་ཀྱི་རབ་གནས་ལ་འགྲོ་དགོས་ཡིན་ཡང་འགྲོ་མ་ཐུབ།
དེ་སྐབས་ཕྱོགས་དེ་ཀུན་ཏུའང་ཕྱི་ནང་གི་རྟེན་འབྲེལ་སྒྲིག་རྒྱུ་འགའ་རེ་འདུག་པ་ནས། གཡས་གཡོན་སྟོད་སྨད་ཀྱི་རི་རྣམས་ལ་གཏོར་མ་མང་པོ་བཏང༌། རྟེན་འབྲེལ་ཕྱོགས་རེ་ཙམ་ནས་འགྲིག་པ་ཡར(ཡང)བྱུང༌།
རྒྱན་བུ་རྫོང་དཔོན་གཉིས་དང་ཕྲད་པའི་ཚེ། དམ་ཚིག་ཤིན་ཏུ་མི་གཙང་ཞིང༌། ཁོག་ནང་སོལ་བ་ལྟར་བྱས་པ་ལ་ཕན་ཚུན་གཉིས་ཐད་ནས་ཁ་མཛེས་མཛེས་ལྟར་བྱེད་དགོས་པ་དེ་དོན་ཤིན་ཏུ་ཆུང་ཞིང༌། ཁྱད་པར་ཕྱོགས་དེ་ན་རྩུབ་འགྱུར་མང་དུ་མཐོང༌། ཁོ་ཚོས་ཕར་ལམ་གཞི་ལེན་བྱེད་པའི་རྩིས་ཀྱང་བྱས། བྲག་སྟོད་དུ་མི་མཐོ་སོགས་འདུག་ཀྱང༌། དེ་ཐམས་ཅད་ཀྱིས་རིག་ཚོར་མེད་པར་ཐོག་རྒྱག་ཏུ་བཏེག(བཏེགས)ནས་ཕྱིན། རྒྱན་བུའི་གདོང་ཐད་རང་ལ་ཕྱིན་ཀྱང་། སུ་ཡང་གིས་རིག་ཚོར་མ་བྱུང༌།
དེ་ནུབ་སྔོ་མ་ལུང་དུ་བསྡད་དེ་ཅུང་ཟད་འཚུབ་པ་ཞིག་ཀ་བྱུང༌། ནང(ནངས)པར་རྒྱན་བུ་རྫོང་དཔོན་ཚེ་ལེགས་པ། བྱང་ཕྱོགས་ལ་འགྲོ་རྒྱུ་ཡིན་འདུག་པས། ལ་དེ་ལ་འཕྲང་ཡོད་དམ་ཟེར་མཁན་འདུག་ཀྱང་འཕྲད་མ་བྱུང༌། ཁོང་དེ་ནས་ཟླ་གཅིག་ལྷག་ཙམ་ནས་ངམ་རིང་དུ་ཐོག་ཕོག་པའི་རྐྱེན་གྱིས་ཤི་འདུག །
དེ་ནས་མཚོ་སྒོའི་ཐད་ཀྱི་ཆུ་བྱང་ཁ་དེར་མཚོ་སྒོ་གྲྭ་ཚང་གི་སློབ་དཔོན་ཨར་བ་ཆེན་པོ་ཡིན་ཟེར་བའི་སྲད་པ་དེ་སོགས་མཚོ་སྒོའི་སྐྱ་སེར་རགས་རིམ་རྣམས་འཕྲད་པར་བྱུང༌། ཁོང་དེ་ལོ་ཁམ(ཁ)མཆུ་རྒྱལ་བ་ཡིན་ཟེར་ནས་ཕོ་བཟོ་ཆེ་བའི་སྐབས་སུ་འདུག །ངེད་རྣམས་དེ་ལ་བརྟེན་པའི་ཕྱོགས་ལས་རྒྱལ་གྱི་ཐ་སྙད་བྱེད་པ་སོགས་བཞད་གད་ཆེ་བར་བྱུང་བ་དེ་ཀ་རྟེན་འབྲེལ་ཤིན་ཏུ་མི་ལེགས་པའི་རྣམ་པར་འདུག་གོ །
སྐབས་དེར་གྲ་ཐངས(ཐང)ནས་བླ་ཆེན་ཆོས་རྗེ་དེ་སྐུ་གཤེགས་པའི་བསྔོ་རྟེན་སྐྱེལ་མཁན་སླེབ(སླེབས)། ཁོང་བསྟན་པ་ལ་ཕན་པའི་དགེ་བཤེས་ཤིག་ཡོད་པས་ཤིན་ཏུ་ཕངས་པར་བྱུང༌།
དེ་ནས་སྔར་གྱི་འབོད་མི་ནན་ཆགས་ཀྱི་རྒྱུན་ཡོད་པ་ལྟར་རིམ་པས་གཏིང་སྐྱེས་སུ་སླེབ(སླེབས)། ཟླ་གཅིག་ལྷག་པ་ཞིག་བསྡད། ཞལ་ངོ་རྣམས་ལ་དགོངས་བཞེད་ལྟར་དབང་ཆོས་སྔར་ཁྱུད་ལྟར་ཕུལ། ཁྱད་པར་དགེ་བཤེས་འགའ་རེ་དང་བཅས་པ་ལ། སྔགས་ཀྱི་ལམ་རིམ་ཚིགས་བཅད་བཅུ་པའི་བཤད་པ་ཆོས་ཐུན་བདུན་ལ་རྫོགས་པ་ཅིག(ཞིག)བཤད། དེ་བཞིན་དུ་དབུས་མཐའ་རྣམ་འབྱེད་ཀྱི་བཤད་པ་ཞིབ་པ་ཞིག་བྱས་པ་ཕྱེད་ལྷག་ཙམ་སོང༌། འདི་རྣམས་ཐོག་ཁར་རབ་འབྱམས་པ་བཀྲ་ཤིས་ཕུན་ཚོགས་ཀྱིས་ཀྱང་ངེས་པོར་ཉན། མང་རབ་ཞིག(ཅིག)ལ་གཅོད་ཀྱི་འཁྲིད་དང་ལུང་བཀའ་ཞིབ་ཅིག་ཀྱང་བྱས།
བྲག་དཀར་མགོན་ཁང་མཇལ་བ་དང༌། གསང་སྔགས་རི་བོར་ཡང་ཁོར་ཙམ་བྱིན། བྲག་དཀར་ལྟག་རི་དང༌། གསང་རིའི་ལྟག་རི་གཉིས་ཀར་དུ་གཏོར་མ་རྒྱ་ཆེ་ཙམ་རེ་ཡང་བཏང༌། ཕྱོགས་དེར་ཡོན་བདག་གི་བར་ཆད་རགས་རིམ་སེལ་བའི་ལྟས་ཀྱང་བྱུང༌། རྒྱལ་བུ་དབང་གི་རྒྱལ་པོ་བ་ཆོས་ལ་ཐུགས་འདུན་ཆེ་བར་ཡོད་པ་ལྟར། ཕྱག་ཐོག་ཏུ་ལོངས་པའི་དབུ་སྐྲ་བསིལ། མཚན་ཀུན་དགའ་ཡེ་ཤེས་རྒྱ་མཚོར་བཏགས། དགེ་མཚན་ཁྱད་པར་ཅན་སྦྱབས(སྐྱབས)ལེགས་པོ་བྱུང༌། དགེ་བསྙེན་དང་དགེ་ཚུལ་གྱི་སྡོམ་པ་བཞེས། སྡེ་བ་མ་ཆེན་གྱིས་ཀྱང་དགེ་བསྙེན་གྱི་སྡོམ་པ་ལེན་པར་མཛད།
སྔར་ཡོང{ཡོད}རེས་ཀྱིས་བྱེད་པ་ལྟར་མི་འཚོགས་འདུས་ཆེ་བ་ལ་ཁྲོམ་དབང་ཡང་བྱས་ཤིང༌། དབྱར་ཁ་དེ་རང་ཤུགས་ཀྱིས་འཁྲུ་སྦྱོངས་ཡང་ཡང་བྱུང་བས། སྔར་ན་བའི་ནད་ཀྱི་གཞུག་དེ་ཡངས(ཡང)སངས་ཏེ་དྲག་ནས། རེ་ཞིག་ལུས་རྣལ་དུ་གནས་པར་བྱུང༌།
གམ་པ་ནས་བདག་པོ་དགྲ་འདུལ་དྲུང་སྔ་སོར་ནས་སྤྱི་སྤྱི་ནང་གི་སྒོས་སྒོས་ཐུགས་ཉེར་བའི་ཁུངས་རང་ཡིན་ཞིང༌། ཇོ་ནང་དང་བྲག་སྟོད་སོགས་ཐམས་ཅད་དུ་མི་ཡང་ཡང་གནང་བ་ཞིག་ཡོད་ཀྱང༌། བླ་མའི་ཚུལ་ཅན་མི་ནག་པ་འགའ་ཞིག་གི(གིས)ཐུགས་བསྒྱུར་བ་ཡིན་ནམ། དུས་གཟེངས་གྲ་སྒྲིག་གིས་ཡིན་སྙམ་པའི་རྟོག་ངན་ནི་ཤར། གང་ལྟར་ཡང་ཐུགས་འགྱུར་བའི་འདི་སྐབས་ཡིག་འབྲེལ་ཙམ་ཡང་མ་བྱུང༌།
དེ་ནས་ཚུར་ལམ་གཞོང་རྨ་བྱ་རྫོང་དུ་ཞག་གཅིག་བསྡད་ཅིང༌། སྔ་སོར་བྱང་ནས་གསུང་བཀོད་ཡོད་པ་ལྟར། རྨ་བྱའི་ཆོས་སྡེ་འདི་རྡོ་རིངས་ཀུན་སྤངས་ཆོས་རྗེ་དང༌། བདག་ཅག་གི་བླ་མ་དམ་པ་དེ་ཀུན་གྱིས་ཞལ་བདག་མཛད་པའི་རྒྱུན་ཡིན་པ་བཞིན། ངེད་རང་གིས་ཀྱང་འཛིན་སྐྱོང་གི་ཁུལ་དུ་བྱས་པས། ད་ལྟའི་བར་དུ་ལེགས་པར་ཡང་བྱུང༌།
ཚུར་ལམ་འབོད་མི་ནན་ཆགས་ལྟར་གདོང་དགའ་ཕྱོགས་སུ་ཆས། རྫོང་ལ་ནི་འདི་རེས་ཡེ་མ་ཕྱིན། ཀླུ་སྡིངས་དེར་ཞག་གཉིས་བསྡད། དྲིལ་བུ་པའི་དབང་ཞིག་བྱས། ལྟས་ཀྱང་བཟང་རྒྱུ་མེད་ཙམ་བྱུང༌།
འདམ་ལ་ལ་འོངས་ནས་རྩད་སྐོར་དུ་སླེབ(སླེབས)། དེ་ཉིན་ལམ་ལ་འབྲོག་པ་འདྲ་བྱིན་རླབས་ཞུ་བར་བྱུང༌། སྐད་ཆ་དྲིས་པས། ངེད་ཚོ་རྒྱ་རྒན་ནང་སོའི་གཡོག་ཡིན་ཟེར་གྱིན་འདུག །ཁྲོལ་ལེ་མའི་གདོང་དེར་ལོ་ཆེན་དབོན་པོ་མཁས་བཙུན་བསུ་བ་ལ་བྱུང་བ་འདྲེད་ཐག་བྱུང་ནས་འགྱེལ། ཕྱིས་དགོན་པ་ངེད་ལ་ཡོང་བའི་རྟེན་འབྲེལ་དུ་འདུག །
དེ་ནས་རྩད་སྐོར་རང་གི་རྫོང་དང་དགོན་པ་གཉིས་ཀར་ན་སུ་ཡང་མ་བསྡད་པའི་སྟོང་སེང་སེང་བ་ཞིག་དང༌། སང་ཞོགས་དེ་རྫོང་དཔོན་ཡང་སླེབ(སླེབས)ནས། ཕྱིར་འོངས་དུས་སྐྱེལ་ཐག་ཤིན་ཏུ་རིང་བ་དང༌། གཞན་ཡང་ཚིག་བཀྲ་སོགས་ནས་འཕོ་འཇུག་ཡོད་པའི་རྟེན་འབྲེལ་རྣམས་ཤར།
ཇོ་ནང་དུ་སླེབ(སླེབས)ནས་མཁའ་སྤྱོད་བདེ་ལྡན་གྱི་ཁང་པ་ལ། ཞལ་དྲོའི་ཕྱིར་དུ་ཞག་གཅིག་བསྡད། ཁང་བཀོད་རྣམས་བཀོད་པ་བཞིན་མ་བྱུང་བའི(བས)བློ་ཁེངས་པ་རང་མ་བྱུང་ནའང༌། རེ་ཞིག་དེ་ཁས་ཆོག་པའི་ལུགས་སུ་བྱས།
གཞོང་སྟོད་དུ་གཏོར་མ་རྒྱ་ཆེ་བ་ཞིག་བཏང༌། དེ་ནས་འབྲིང་བུ་ཕྱོགས་སུ་མྱུར་དུ་སླེབ་དགོས་ཡོད་པས། མགྱོགས་པོ་འགྲོ་གྲབས་ཡིན་པ་ལ། ངམ་རིང་ནས་ལྷུན་གྲུབ་སྤེའུ་བ་ཀུན་དགའ་དང༌། བྱམས་བཀྲས་པ་སོགས་མི་སྣ་སྔ་ཕྱི་མང་པོ་བསྟུད་མར་གནང་བའི་དགུན་ཙམ་གྱི་བར་འགྲོ་བ་བཤོལ་འཐེན་ནན་བཅགས(བཅག)རང་མཛད། དེ་ཙམ་འཐེན་མི་ཐུབ་པ་རང་ཞུས་པས། འཕྲལ་དུ་འཕྲལ་དགོས་པ་ཡིན་པས། རྒྱང་ཙམ་འཐེན་དགོས་ཚུལ་གྱི་ནན་བཅགས(བཅག)ལུང་མེད་མཛད་པས་ཟླ་གཅིག་ཙམ་འགྱངས། དེའི་དགུག(སྒུག)སྡོད་སྟབས་མཚམས་ཐུང་ཙམ་གཅིག་ཀྱང་བྱས། དེ་གྲོལ་ནས་ཤངས་ཆོས་ཀྱི་དབང་བྱིན་རླབས་གལ་ཆེ་བ་འདྲ་བྱེད་ཚུལ་གསལ་བར་བཀོད་པ་གཅིག་ཀྱང་བརྩམས།
དེ་རྗེས་མི་རིང་བར་བྱང་ཞབས་དྲུང་རང་ལྷ་དབང་རྩེར་ཕེབས་ཞོར་ལ། མར་ལམ་ཇོ་ནང་དུ་ཕེབས་དུས་ཀྱང་། ནམ་མཁའ་དྭངས་པོ་ཡོད་འཕྲོ་ལ། འཕྲལ་རང་དུ་དུས་མིན་གྱི་རླུང་ཆེན་པོ་ལངས་པ་དང༌། མཛོད་པ་སོགས་ཕེབས་བསུ་བྱེད་རྒྱུའི་ཁུངས་ལ་རྟ་རྣམས་སྨྱོ་བ་སོགས་དང༌། གཞན་ཡང་འཚུབ་ཆ་ཆེ་བ་རང་བྱུང་། ཞག་གཅིག་བཞུགས། ཞང་གྲོ་སྒྲུབ་སྡེ་པ་རྣམས་རྡོ་རྗེ་རྣལ་འབྱོར་མའི་བྱིན་རླབས་ཤིག་ཞུར་བྱུང་བ་ལ་ཡང་བྱས།
ལྷ་དབང་རྩེ(རྩེར)འགྲོ་རྒྱུའི་དུས་ཐོག་སྔ་མ་དེ་ལ་གློ་བུར་དུ་ཁམས་མ་བདེ་བ་ཞིག་བྱུང་ནས་ཅུང་ཟད་ཅིག་འགྱངས། དེ་རྗེས་ལྷ་དབང་རྩེར་བྱིན་དུས་ཀྱང༌། ཟླ་རྒྱབ་ཀྱི་བསུ་བའི་སར་ཡང་ཅུང་ཟད་འཚུབ་པའི་རྣམ་པ་རང་བྱུང་ཞིང༌། རྫོང་རྩེར་སླེབ(སླེབས)པ་དང་ཉི་མ་བཞུད་པ་དུས་མཉམ་པ་འདྲ་བའི་རྟེན་འབྲེལ་ལ་ཡང་རྟོག་དཔྱོད་ཤར།
སྔར་ལྷ་རྩེར་ཡོངས་སྐབས་དང༌། འདི་རེས་གཉིས་ཀར་དུ་དཔོན་གཡོག་དྲུང་སྐོར་གཟིམས་ཆུང་བ་སོགས་ཐམས་ཅད། འབྲུག་པའི་བུ་ཆེན་རྗེ་མོག་པ་ལྷ་རྩེ་བ་ངག་དབང་བཟང་པོ་སློབ་མའི་ཚོགས་དང་བཅས་པའི་བསྔགས་བརྗོད་ཁོ་ནའི་འཕྱར་རྒྱག་དང༌། བེམ་པོ་ལྕགས་ནག་པོ་འགྲོ་འོང་འདུ་འཆོག་མགུར་མ་དབྱངས་རྟ་རྐང་དུང་གི་བརྡ་སྐད་ཉིན་རེ་བཞིན་ཁོར་མོར་ཡོང་བ་ཞིག་ཀ་འདུག་པ། འཇིག་རྟེན་ཕྱོགས་ཀྱི་ཕྱི་ནང་གསང་གསུམ་གྱི་སྒོ་ཐམས་ཅད་ནི་བཞད་གད་ཀྱི་རྒྱུ་ཁོ་ནར་འདུག །རྟེན་འབྲེལ་ནི་མི་ལེགས་པ་རང་ཡིན་པར་སྣང་ནའང༌། དྲུང་སྐོར་ནང་གཟན་ཚོ་ནི་ངེད་ཚོའི་རྩར་ཡང་ངོམ་ངོམ་བྱེད་ཀྱིན་འདུག །ང་ཡི་བསམ་པ་ལ་ནི་གཡའ་གཡའ་དང༌། ཕ་ཕའ་དང༌། ཐའི་ཐའི། འུམ་འུམ་སྟེ་བཞི་པོ་དེ་ཁོ་ན་བྱུང༌། སྤྱིར་ཆོས་སུ་བཟང་ཏ་ཆ་གཅིག་ནས་མི་ཤེས་ཏེ། སྐབས་སུ་བབ་པ་གཅིག་བྱེད་དགོས། བྱ་བྱེད་གང་དགའ་ཏ་མི་ཤེས་ཏེ། དུས་དང་བསྟུན་པ་ཞིག་བྱེད་དགོས། ཚད་པའི་སྨན་ལ་ག་བུར་ལས་བཟང་བ་མེད་ཀྱང༌། ཚད་པ་མ་སྨིན་པ་ལ་དུག་ཏུ་འགྲོའོ། །
ཡང་རྣམ་པ་གཅིག་ཏུ་ན། རྒྱལ་ཁམས་གཞན་གྱི་གླེང་བརྗོད་རེ་ཞིག་བཞག །བོད་ཡུལ་འདི་ན་ངེད་གྲུབ་མཐའ་ཐ་དད་ཡིན། ལྟ་བ་ཐ་དད་ཡིན་ཟེར་ནས་ཀོ་ལོང་མགོ་གས་གས་དང༌། སྐེ་འཕྲེང་ལྦ་བ་རས་རས་བྱེད་ཀྱིན་འདུག་སྟེ། སྤྱིར་ནང་པ་ཡིན། སྒོས་སུ་ཐེག་ཆེན་པ། ཡང་སྒོས་སུ་དབུ་མ་པར་ཁས་བླངས་བྱིན(ཕྱིན)། གྲུབ་མཐའ་ཐ་དད་ཡོད་དོན་ནི་མི་འདུག །ཡོད་རང་ཡོད་ན་ནི་སོ་སོ་ཐ་དད་ནས་སུ་བཟང་སུ་ངན་ཡང༌། ནང་འཐབ་དམེ་འཁྲུག་ཤོར་བའི་མི་ངན་གྲིབ་ཅན་རྐྱང་པར་འགྲོ་ཉེན་ཡོད།
ལར་བོད་འདིར་སྔོན་ཆོས་ཀྱི་བཀའ་སྲོལ་རྐང་འཛིན་སོ་སོ་དུ་མ་ཞིག་བྱུང་འདུག་ཀྱང་། དགེ་འདུན་ཤས་ཆེར་རིགས་སུ་མ་ཆད་སྤྱི་ལ་བཞུགས། ད་ལྟ་ཆོས་ཀྱི་བཀའ་སྲོལ་མང་པོ་ཞིག་ནི་ནུབ། མ་ནུབ་པ་ཚོ་ལའང་གཞན་རྣམས་ལ་རྐང་འཛིན་ཆེར་མི་གདའ། དགེ་འདུན་ནི་སྤྱི་ལ་བཞུགས་མཁན་སུ་ཡང་མེད། ཐམས་ཅད་ཨ་མ་ཁ་ཞགས་ལ་སོང༌། ས་དགེ་བཀའ་གསུམ་དང་རྙིང་མ་བར་གྲགས་པ་སྟེ་བཞི་པོ་འདི་སྒྲ་ཆེ་བར་གདའ། དེ་དག་ཏུ་མ་གཏོགས་ཅི་རིགས་པ་དེང་སང་ཡང་ཡོད་མོད། ཞེན་འཐེན་མཁན་སྐྱ་སེར་ཉུང༌།
བར་སྐབས་ལན་ཅིག་དགེ་ལྡན་པའི་ལུགས་དར་རྒྱས་ཆེ་གྲགས་པ་སྙིང་དུ་མ་སྡུག་ནས། ས་བཀའ་རྙིང་གསུམ་གྲུབ་མཐའ་གཅིག་ཟེར་གྱིན་དཔུང་པ་ཕྱོགས་སུ་གཞིབས། མདུན་མ་གཅིག་ཏུ་སྒྲིལ་རྒྱུའི་ཁུངས་བྱས། དགེ་ལྡན་པ་ལ་ཕྱིར་འབུད་ཀྱི་འཆར་ཀ་བརྗོད་འདོགས་ཡིད་ལ་དྲན་ཚད་ཁ་ནས་བཏོན། དེའི་ལན་དུ་ཁོང་ཚོས་ཀྱང་ཚུར་ལ་ཁྱེད་རྣམས་ཐམས་ཅད་ལ་ཐར་པ་ཐོབ་པའི་ཆོས་ཡོད་རི་ཤི་བྱས་པས། བོད་ཡུལ་གྱི་བསྟན་པའི་ཐེད་རོ་ཅུང་ཟད་ཡོད་པ་དེའང་རྣམ་པ་དུ་མར་གྱེས། ཕན་ཚུན་ཐམས་ཅད་བྱ་རོག་དང་འུག་པའི་ཚུལ་དུ་སོང་བ་དེར་གདའ། ས་བཀའ་རྙིང་གསུམ་ནི་གྲུབ་མཐའ་གཅིག་རུང་མི་གཅིག་རུང་གཅིག་གོ་ཞེས་ཁས་བླངས་པ་དེ་ཡིན།
རྗེ་བཙུན་ཙོང་ཁ་པ་ཆེན་པོས། མདོ་སྔགས་ཐམས་ཅད་དུ་ཆོས་སྐད་སྔར་གྱི་བོད་རྙིང་པ་དང་མི་འདྲ་ཙམ་ཅི་རིགས་པ་མཛད་པ་ནི་བདེན་ཏེ། འོན་ཀྱང་ཁོང་གི་བཞེད་པ་ཐུན་མོང་མ་ཡིན་པ་རྣམས་ཀྱི་ནང་ནས། ཁ་ཅིག་གིས་སུམ་ཆ་ཙམ། ལ་ལས་ཕྱེད་ཙམ། འགའ་ཞིག་གིས་སུམ་གཉིས་ཙམ། གཞན་འགས་ཐམས་ཅད་བྱས་ཏེ། གྲུབ་མཐའ་རྙིང་པར་འདོད་པ་ཕལ་ཆེར་ཡང་དེའི་གྲུབ་མཐའ་ཁས་ལེན་པར་འདུག །དེར་མ་ཟད་སྒོམ་པ་ལ་ཁྱད་ཡོད་སྲིད། གོ་ཡུལ་གྱི་ལྟ་བ་རང་ལ་ཚིག་ཙམ་མིན་པ་ཁྱད་ཆེ་རང་། ཧེ་ཧེ། དེའི་ལུགས་དེ་ནག་པོ་ཡིན་རང་ཡིན་ན། གཞན་ཕལ་ཆེར་ཡང་ནག་ཁྲ་རུ་ཀ་ཡོང་ཉེན་གདའ། དེས་ན་མིང་བཏགས་སོ་སོར་འཛིན་པ་ཙམ་མ་གཏོགས། གྲུབ་མཐའ་གསར་རྙིང་གི་དབྱེ་བ་རང་ཞིག་ཡོད་ཡོད་མི་འདྲ།
ཕྱིས་དེང་སང་བཀའ་བརྒྱུད་དུ་གྲགས་པའི་རྐང་འཛིན་གྱི་གཙོ་བོ་གནམ་དབྲོལ་བ་དེ། ཀར་འབྲུག་གཉིས་སུ་གདའ་ནའང༌། དེའི་ནང་ཚན་བཀའ་བརྒྱུད་ཡིན་ཟེར་བ་ཆེན་པོ་ཞིག་གིས། རྗེ་བཙུན་མི་ལའི་ལུགས་ཡིན་ཟེར་བའི་དབུ་མ་བསྒོམ་ཚུལ་ན(ལ)ཤིང་རྟའི་དཔྱད་པ་བདུན་གྱི་སྒོ་ནས་བསྒོམ་ཚུལ་དཔྱད་སྒོམ་གསལ་བོར་བྲིས་པ་དང༌། ཡང་ཆེན་པོ་གཞན་ཞིག་གིས། དབུ་མ་འཇུག་པ་དང་ཕྱག་ཆེན་དོན་གཅིག་གསུངས་ཤིང༌། ལྷན་ཅིག་སྐྱེས་སྦྱོར་གྱི་མན་ངག་གི་ནང་དུ་དབུ་མའི་གཏན་ཚིགས་ཆེན་པོ་བཞི་བསྒོམ་དགོས་སྐད་པའི(པས)། མདོར་ན་ཕྱིས་ཀྱི་བཀའ་རྒྱུད(བརྒྱུད)པ་སྐད་ཆེན་རྒྱང་གྲགས་ཀྱི་བཤེས་གཉེན་ཚོ་ཡང༌། དགེ་ལུགས་དང་འདྲ་མིན་ལ་དེའི་ལུགས་ཀྱི་གནད་ཀྱང་མ་ལོངས། དེ་ལས་ཁུངས་ཀྱང་ཆུང་དུ་སོང་བ་ཞིག་བྱས། རང་ལུགས་སུ་འདོད་པའི་བླ་མ་གོང་མ་རྣམས་དང་འགལ་ཁྱབ་ཏུ་སོང་བ་དེ་དཔའ་ལོར་ཁྱེར་ནས་ངོ་སོ་འཕྱར་མཁན་ཁོ་ནར་འདུག །
དེས་ན་ལྟ་སྤྱོད་སྒོམ་གསུམ་ཀུན་ཕན་ཚུན་འདྲ་སེ་བ་རྐྱང་པ་ལ། འཁྲུག་ལོང་མང་པོ་ཡོད་པ་འདི། རྙེད་བཀུར་དང་ཁ་དྲག་སྙིང་ལ་བཞག་པས་ལན། ཇི་སྐད་དུ། རྒྱུད་ལས། འཛིན་ཅིང་མཆོད་པ་བྱེད་པ་ནི། །འཚོ་བའི་ཐབས་ཀྱི་རྒྱུ་ཕྱིར་རོ། །ཞེས་གསུངས་པ་དེར་གདའ།
འཕྲོས་དོན་གྱི་ཅལ་ཅོལ་ལ་ཟད་པ་མེད། །
དགོས་ངེས་ཀྱི་གནད་དོན་ལ་སྒྲིལ་བར་ཞུ། །
མི་ཤེས་རབ་ཅན་ཀུན་འོ་རེ་རྒྱལ(བརྒྱལ)། །
འཕྲལ་དབྱིངས་སུ་བཅད་ན་དགའ་བ་ཡིན། །