རྩོམ་པ་པོ། བྱ་ཉ་བློ་བཟང་ཚུལ་ཁྲིམས།
ནང་དོན་གནད་བསྡུས། བོད་དུ་ཆོས་ཀྱི་གྲགས་པས་མངོན་སུམ་བཅད་ཤེས་བཞེད་མིན་གྱི་ཐད་འདོད་ཚུལ་གཉིས་བྱུང་ཞིང་། དེའི་ཁུངས་སུ་དྲངས་པའི་ལུང་ཁུངས་རྩད་གཅོད་སོགས་ལ་མཁས་བླུན་མང་པོས་དཔྱད་པ་བྱས་ཀྱང་མཐའ་ཆོད་པའི་གྲུབ་དོན་ཞིག་མེད། འདིར་འབྲེལ་ཡོད་གཞུང་དག་བསྡུར་བ་དང་། གོང་འོག་བསྒྲིགས་པ། ལུང་ཁུངས་འདེད་པ་སོགས་ཀྱི་དཔྱད་ཐབས་བརྒྱུད་ཤེས་པ་ལྟར་ན། «འཐད་ལྡན»དུ་དྲངས་པའི་མངོན་སུམ་བཅད་ཤེས་སྟོན་པའི«གཏན་ཚིགས་ཐིགས་པའི»ལུང་དེ་ཚིག་ཇི་བཞིན་བོད་འགྱུར«གཏན་ཚིགས་ཐིགས་པ»རུ་མི་གསལ་ཡང་གོང་འོག་བསྒྲིགས་ན་དོན་འཐོབ་ཀྱིས་ཚིག་དེ་ལྟ་བུ་བྱུང་ཞིང་རྒྱ་དཔེ་ལ་ནི་ཇི་བཞིན་དུ་ཡོད་སྲིད། འཕགས་པའི་མངོན་སུམ་རྣམས་རང་རང་གི་ཡུལ་གྱི་སྐད་ཅིག་མ་རེ་རེ་ལ་ཚད་མ་ཡིན་པས་ཕྱི་མ་རྣམས་ཚད་མ་ཡིན་པ་དང་། སོ་སྐྱེའི་མངོན་སུམ་ཚད་མ་རྣམས་ཐུན་མོང་དུ་རྒྱུན་གྱི་དངོས་པོ་ལ་ངེས་པ་འདྲེན་པ་ལས་སྐད་ཅིག་མ་རེ་རེ་ལ་ངེས་པ་འདྲེན་མི་ནུས་པས་ངེས་པ་འདྲེན་ནུས་ཀྱི་སྔ་མ་དག་ལས་ཕྱི་མ་རྣམས་ལ་ཚད་མའི་བྱ་བ་ལྷག་པོ་མེད་པའི་ཕྱིར་ཕྱི་མ་རྣམས་ཚད་མ་མིན་པ་ནི«གཏན་ཚིགས་ཐིགས་པའི»དགོངས་པ་ཡིན་པ་གཞུང་དེ་ཉིད་གོང་འོག་བསྒྲིགས་ན་ཤེས། མངོན་སུམ་བཅད་ཤེས་ཡོད་པ་ཆོས་གྲགས་ཙམ་མ་ཟད་དེའི་རྗེས་འབྲངས་རྒྱ་གར་བ་དག་གི་དགོངས་པ་ཡང་ཡིན་པ་དེ«གཏན་ཚིགས་ཐིགས་པའི»འགྲེལ་པ་ཁག་དང་ཤེས་རབ་འབྱུང་གནས་སྦས་པས་མཛད་པའི«ཚད་མ་རྒྱན»སོགས་སུ་ཇི་སྐད་གསུངས་པ་ལས་ཀྱང་ཤེས་ནུས་པས་རྒྱ་གར་དུ་མངོན་སུམ་བཅད་ཤེས་ཡོད་པ་ལ་རྩོད་པ་ཅི་ཡང་མེད་པར་སྣང་། དེས་ན་མངོན་སུམ་བཅད་ཤེས་བཞེད་པ་ནི«གཏན་ཚིགས་ཐིགས་པའི»གཞུང་དང་འགལ་ཞིང«འཐད་ལྡན»དུ་དྲངས་པའི་ལུང་དེ་ཁུངས་མེད་དུ་འདོད་པ་དག་ནི་གཞུང་གོང་འོག་བསྒྲིགས་ནས་གོ་བ་དཔྱིས་ཕྱིན་པ་ལོན་མེད་པ་ལ་ཐུག་ཡོད། དཔྱད་རྩོམ་འདི་ལས་ཆོས་མཆོག་གིས་དྲངས་པའི་མངོན་སུམ་བཅད་ཤེས་སྟོན་པའི་ལུང་ཁུངས་ཇི་ལྟར་ཡིན་པ། ཆོས་ཀྱི་གྲགས་པའི་ལུགས་ལ་མངོན་སུམ་བཅད་ཤེས་ཇི་ལྟར་བཞེད་པ་རྣམས་ལ་མཐའ་ཆོད་པའི་གོ་བ་རྙེད་ཐུབ།
གནད་ཚིག མངོན་སུམ་བཅད་ཤེས། «གཏན་ཚིགས་ཐིགས་པ» ཆོས་ཀྱི་གྲགས་པ། ཆོས་མཆོག །
བོད་དུ་ཆོས་གྲགས་ཀྱི་ལུགས་ལ་མངོན་སུམ་བཅད་ཤེས་བཞེད་པ་དང་མི་བཞེད་པར་འདོད་པའི་ལུགས་གཉིས་བྱུང་བའི་སྔ་མ་ནི་རྔོག་ལུགས་དང་དགེ་ལུགས་པའི་རྒྱལ་ཚབ་རྗེ་སོགས་དང་ཕྱི་མ་ནི་ས་ལུགས་དང་དགེ་ལུགས་པའི་མཁས་གྲུབ་རྗེ་སོགས་ཡིན། སྔ་མས«འཐད་ལྡན»དུ་དྲངས་པའི«གཏན་ཚིགས་ཐིགས་པའི»ལུང་ཞིག་ལ་གཏུགས་མོད་ལུང་དེ་ད་ཡོད«གཏན་ཚིགས་ཐིགས་པར»དངོས་སུ་མི་གསལ་བར་མ་ཟད་དེར་མངོན་སུམ་བཅད་ཤེས་མེད་པར་བཞེད་དམ་སྙམ་པའི་ལུང་དུམ་བུ་ཞིག་ལ་བརྟེན་ནས་ད་བར་ཆོས་གྲགས་ཀྱིས་མངོན་སུམ་བཅད་ཤེས་བཞེད་མིན་ལ་རྩོད་པ་རྒྱུན་ཆགས་སུ་བྱུང་མོད། མཐའ་ཆོད་པའི་གྲུབ་དོན་ཞིག་གཏན་ལ་ཕབ་མེད། ཁོ་བོས་ཀྱང་སྔ་མོར་ཆོས་གྲགས་ཀྱིས་མངོན་སུམ་བཅད་ཤེས་མི་བཞེད་པའི་ཕྱོགས་ཡིན་ཤས་ཆེ་བའི་གོ་བ་སྐྱེས་པ་བརྟེན་དེའི་སྐོར་གྱི་དཔྱད་རྩོམ་ཡང་བྲིས་མོད། ཕྱིས་སུ་ཞིབ་ཏུ་དཔྱད་སྐབས་བསམ་ཚུལ་དེ་ནོར་བར་ཤེས། འདིར«གཏན་ཚིགས་ཐིགས་པ»དང་དེའི་རྒྱ་འགྲེལ་ཁག་དང«འཐད་ལྡན»སོགས་བསྡུར་ནས་མངོན་སུམ་བཅད་ཤེས་ཡོད་པ«གཏན་ཚིགས་ཐིགས་པ»རང་གི་དགོངས་པ་ཇི་ལྟར་ཡིན་པ་དང་ཆོས་མཆོག་གིས་དྲངས་པའི་ལུང་དེ«གཏན་ཚིགས་ཐིགས་པའི»དགོངས་པ་ཡིན་པའི་སྐོར་གསལ་པོར་གཏན་ལ་དབབ་པར་བྱ།
གཅིག །«འཐད་ལྡན»དུ་དྲངས་པའི«གཏན་ཚིགས་ཐིགས་པའི»ལུང་འཚོལ་བ།
མངོན་སུམ་གྱི་ངོ་བོར་གྱུར་པའི་བཅད་ཤེས་ཡོད་མེད་ཀྱི་ཐད་བོད་ཀྱི་མཁས་པའི་ནང་བཞེད་ཚུལ་མི་འདྲ་བ་གཉིས་སུ་བྱུང་སྟེ། ཆོས་རྗེ་ས་པཎ་གྱིས«ཚད་མ་རིགས་པའི་གཏེར»ལས[1]བཅད་ཤེས་ལ་དྲན་ཤེས་ཀྱིས་ཁྱབ་པ་དང་། མངོན་སུམ་གྱི་ངོ་བོར་གྱུར་པའི་བཅད་ཤེས་མེད་པར་བཞེད། མཁས་གྲུབ་རྗེས་ཀྱང«སྡེ་བདུན་རྒྱན»དུ་བཅད་ཤེས་སུ་གྱུར་པའི་མངོན་སུམ་མེད་པའི་གཏན་ཚིགས་མང་དུ་གསུངས་ཤིང་མངོན་སུམ་ལ་མངོན་སུམ་ཚད་མས་ཁྱབ་པ་དང་། དེ་གཉིས་ལ་ཁྱད་པར་ཡོད་པ་སྡེ་བདུན་མདོ་དང་བཅས་པ་གང་ནས་ཀྱང་མ་གསུངས་ཞེས་མཐའ་གཅིག་ཏུ་ཐག་བཅད། འོན་ཀྱང་སློབ་དཔོན་ཕྱྭ་བ་ཆོས་སེང་དང་རྒྱལ་ཚབ་ཆོས་རྗེ་སོགས་ཀྱིས་མངོན་སུམ་བཅད་ཤེས་བཞེད་ཅིང་ལྷག་ཏུ་རྒྱལ་ཚབ་རྗེས[2]དེའི་ཁུངས་ཆོས་མཆོག་གིས«འཐད་ལྡན»དུ་དྲངས་པའི«གཏན་ཚིགས་ཐིགས་པའི»ལུང་ཞིག་ལ་གཏུགས། «འཐད་ལྡན»ལས། “ངེས་པ་མ་སྐྱེས་ཀྱང་ངེས་པར་ནུས་པས་རྟོགས་པའི་དོན་འཛིན་པ་ནི་སྔར་མེད་པའི་ཁྱད་པར་བྱེད་པ་མེད་པས་ན་དྲན་པ་ཉིད་ཡིན་ཏེ། མངོན་སུམ་གྱི་སྟོབས་ཀྱིས་བསྐྱེད་པའི་ངེས་པ་བཞིན་ནོ། །གཏན་ཚིགས་ཐིགས་པ་ལས་མངོན་སུམ་གྱི་སྐད་ཅིག་མ་ཕྱི་མ་རྣམས་ནི་གྲུབ་པ་དང་བདེ་བ་ཐ་དད་པ་མེད་པའི་ཕྱིར་རོ་ཞེས་བཤད་དོ། །”[3]ཞེས་དྲངས་ཡོད། དེའི་སྐབས་ཀྱི་གོང་འོག་དང་གཞན་ཡང་གཞུང་དེ་ཉིད་ལས། “དེ་ཉིད་ཀྱི་ཕྱིར་དང་པོའི་མངོན་སུམ་དང་རྗེས་སུ་དཔག་པའི་སྐད་ཅིག་མ་ཉིད་ཀྱིས་དོན་བྱེད་པར་ནུས་པའི་དངོས་པོའི་རྒྱུན་ངེས་པས་འཇུག་པའི་ཡུལ་དུ་བྱེད་པར་ནུས་པའི་ཕྱིར། དེའི་རྒྱུན་དུ་གྱུར་པ་གྲུབ་པ་དང་བདེ་བ་ཐ་མི་དད་པ་ཕྱི་མ་རྣམས་ཚད་མ་ཡིན་པ་སྤངས་པ་ཡིན་ནོ། །”[4]ཞེས་དང་། ཁོང་གིས་མཛད་པའི«ཚད་མ་བརྟག་པ»སོགས་ལ་བརྟག་ན་ཆོས་མཆོག་གིས་མངོན་སུམ་བཅད་ཤེས་བཞེད་པ་ལ་དོགས་པ་མི་དགོས་ཤིང་། གོང་དུ་དྲངས་པའི“གྲུབ་པ་དང་བདེ་བ་ཐ་དད་པ་མེད་པའི་ཕྱིར་རོ་ཞེས་བཤད་དོ། །”ཞེས་པའི་ཚིག་དུམ་དེའང་པར་ནོར་སོགས་ནི་མིན་པ་གཏན་ཁེལ་བ་ཡིན།
འོན་ཀྱང་ཡ་མཚན་པ་ཞིག་ལ་སྡེ་དགེའི«བསྟན་འགྱུར»ནང་གི«གཏན་ཚིགས་ཐིགས་པའི»ནང་དུ་གོང་ཞུས་ཆོས་མཆོག་སོགས་ཀྱིས་དྲངས་པའི་ལུང་དེ་མི་གསལ་བར་མ་ཟད། ཕྱོགས་ཆོས་རྟོགས་པའི་རྟགས་འཛིན་སེམས་འཆད་པའི་འཕྲོས་ཤིག་ཏུ་མངོན་སུམ་སྐད་ཅིག་ཕྱི་མ་རྣམས་ཚད་མ་ཡིན་པའི་གཏན་ཚིགས་ཀྱང་གསུངས་སམ་སྙམ་པ་ཡོད་དེ། དེ་ཉིད་ལས། “གལ་ཏེ་མངོན་སུམ་སྔ་མ་དང་ཕྱི་མ་རྣམས་སུ་འགའ་ཞིག་ལ་ཉེ་བར་སྦྱོར་བ་ཐ་མི་དད་པའི་ཕྱིར་རོ། །ཚད་མ་ཉིད་མ་ཡིན་པར་ཐལ་བར་འགྱུར་རོ་ཞེ་ན། མ་ཡིན་ཏེ་སྐད་ཅིག་མའི་བྱེ་བྲག་གིས་བསྒྲུབ་པར་བྱ་བའི་དོན་དུ་འདོད་པ་ལ་གྲུབ་པ་དང་བདེ་བ་ཐ་དད་པའི་ཕྱིར་རོ། །”[5]ཞེས་སོ། །གཞུང་དེར་ལ་ཡི་སྟེང་དུ་དུ་བ་ལྟ་བུ་ཕྱོགས་ཆོས་མངོན་སུམ་གྱིས་མཐོང་ནས་དེའི་སྟོབས་ཀྱིས་སྐྱེས་པའི་ཕྱོགས་ཆོས་དྲན་པའི་བློ་ནི་ཚད་མ་མ་ཡིན་པ་དང་། དེའི་གཏན་ཚིགས་སུ། “དངོས་པོའི་ངོ་བོ་སྔར་མ་རྟོགས་པ་མེད་པའི་ཕྱིར་རོ། །”ཞེས་བཀོད་པ་ལ། དེ་ལྟ་ན་ཡུལ་སྔོན་པོ་ལྟ་བུ་རྒྱུན་གཅིག་ལ་མངོན་སུམ་གཅིག་རྒྱུན་ཆགས་སུ་འཇུག་པའི་ཚེ་མངོན་སུམ་སྔ་མ་དང་ཕྱི་མ་རྣམས་གང་རྟོགས་པའི་ཡུལ་དོན་གཅིག་པའི་ཕྱིར་ཕྱི་མ་རྣམས་ཚད་མ་མ་ཡིན་པའི་དོགས་པ་སློང་བ་ལ། ལན་དུ། “མ་ཡིན་ཏེ།” ཞེས་གསུངས་ཤིང་། སྔར་ཚད་མ་ཉིད་མ་ཡིན་པར་ཐལ་བ་བརྗོད་པ་ལ་མ་ཡིན་པར་གསུངས་པས་ཚད་མ་ཡིན་པའི་དོན་དུ་སོང་ཞིང་། དེའི་རྒྱུ་མཚན་དུ། “སྐད་ཅིག་མའི་བྱེ་བྲག་གིས་བསྒྲུབ་པར་བྱ་བའི་དོན་དུ་འདོད་པ་ལ་གྲུབ་པ་དང་བདེ་བ་ཐ་དད་པའི་ཕྱིར་རོ། །”ཞེས་བཀོད་པར་མཛད། དེས་ནི་ཡུལ་སྔོན་པོ་རྒྱུན་གཅིག་ལ་མིག་ཤེས་ཀྱང་རྒྱུན་ཆགས་སུ་སྐྱེས་པའི་ཚེ། ཡུལ་སྐད་ཅིག་མའི་བྱེ་བྲག་གམ་ཁྱད་པར་གྱིས་ཚད་མ་སྔ་ཕྱིའི་ཡོངས་སུ་གཅོད་པའི་ཡུལ་ཐ་དད་ཅིང་། ཡུལ་སོ་སོས་དོན་བྱེད་པ་ཡང་ཐ་དད་པའི་ཕྱིར་ན། ཕྱི་མས་གང་རྟོགས་པ་སྔ་མས་རྟོགས་པ་དང་སྔ་ཕྱིའི་ཡུལ་གྱིས་དོན་སོ་སོར་མི་བྱེད་པའི་ཕྱིར་ཕྱི་མ་རྣམས་ཚད་མ་མ་ཡིན་པར་ཐལ་བའི་སྐྱོན་མེད་པར་བསྟན་པ་ཡིན། ལུང་འདི་ལ་བརྟེན་ནས་པཎ་ཆེན་ཤཱཀ་མཆོག་གིས་ཀྱང་མངོན་སུམ་བཅད་ཤེས་ནི«གཏན་ཚིགས་ཐིགས་པའི»གཞུང་གིས་དངོས་སུ་བཀག་པར་གསུངས། འོན་ཀྱང་གོང་གི་འཕྲོ་དེ་མ་ཐག་ཏུ། “འབྲས་བུ་ཐུན་མོང་བ་ལ་ནི་དེ་དག་གི་མཐུ་ཐ་དད་པ་མེད་དོ། །”ཞེས་གསུངས་ཤིང་། དེའི་དཔེ་རུ“མེ་ཙམ་གྱི་བསྒྲུབ་པར་བྱ་བའི་དོན་ལ་དུ་བ་གཞན་དང་གཞན་གྱིས་གཞལ་བའི་མེ་ཉེ་བ་བཞིན་ནོ། །”[6]ཞེས་གསུངས་ཡོད། ལུང་འདི་ཆོས་གྲགས་ཀྱིས་མངོན་སུམ་བཅད་ཤེས་བཞེད་མིན་གྱི་གནད་དོན་ཐག་ཆོད་པ་ལ་ཤིན་ཏུ་གལ་ཆེ། ཆོས་མཆོག་གི«ཚད་མ་བརྟག་པ»སོགས་སུ་ལུང་དུམ་བུ་དེའི་དོན་ཕྱོགས་ཙམ་བྱུང་ཡང་ཡིག་ནོར་མང་ཞིང་གོ་ཡང་ཤིན་ཏུ་དཀའ། ཁོ་བོས་དཔྱད་པ་བྱས་པའི་གྲུབ་དོན་ལྟར་ན། གཞུང་སྔ་མ“སྐད་ཅིག་མའི་བྱེ་བྲག་གིས་བསྒྲུབ་པར་བྱ་བའི་དོན་དུ་འདོད་པ་ལ”ཞེས་སོགས་ཀྱིས་འཕགས་པའི་རྒྱུད་ཀྱི་མངོན་སུམ་རྣམས་སྐད་ཅིག་མའི་བྱེ་བྲག་ཀྱང་འཇུག་ཡུལ་དུ་བྱེད་པས་དེའི་དབང་དུ་བྱས་ན་དེའི་སྔ་ཕྱི་རྣམས་འཇུག་པའི་ཡུལ་ཐ་དད་པའི་ཕྱིར་སྐད་ཅིག་མ་ཕྱི་མ་རྣམས་ཚད་མ་མ་ཡིན་པའི་སྐྱོན་མེད་པ་དང་། གཞུང་ཕྱི་མ“འབྲས་བུ་ཐུན་མོང་བ་ལ་ནི”ཞེས་སོགས་ཀྱིས་སོ་སྐྱེའི་མངོན་སུམ་སྐད་ཅིག་སྔ་ཕྱི་རྣམས་ཡུལ་སྐད་ཅིག་མ་རེ་རེ་ནས་འཇུག་པའི་ཡུལ་དུ་མི་བྱེད་ཅིང་། ཐུན་མོང་དུ་རྒྱུན་གྱི་དངོས་པོ་ཙམ་འཇུག་པའི་ཡུལ་དུ་བྱེད་པས་དེ་ལྟ་ན་འཇུག་པའི་ཡུལ་ལ་ངེས་པ་འདྲེན་ནུས་ཀྱི་སྐད་ཅིག་མ་སྔ་མ་ལས་ཕྱི་མ་དག་ཚད་མའི་བྱ་བ་མི་ཚང་བའི་ཕྱིར་ཚད་མ་མིན་ནོ་ཞེས་པ་ནི་སློབ་དཔོན་ཆོས་མཆོག་དང་། «གཏན་ཚིགས་ཐིགས་པའི་འགྲེལ་པ»མཛད་པ་པོ་བྲམ་ཟེ་ཨ་ཙ་ཊའི་དགོངས་པ་ཡིན་ཏེ་ཞིབ་ཕྲ་འོག་ཏུ་འབྲི་བར་འགྱུར། གལ་ཏེ«འཐད་ལྡན»དུ། “གཏན་ཚིགས་ཐིགས་པ་ལས་མངོན་སུམ་གྱི་སྐད་ཅིག་མ་ཕྱི་མ་རྣམས་ནི་གྲུབ་པ་དང་བདེ་བ་ཐ་དད་པ་མེད་པའི་ཕྱིར་རོ་ཞེས་བཤད་དོ། །”[7]ཞེས་དྲངས་པས། གོང་གི“མ་ཡིན་ཏེ་སྐད་ཅིག་མའི་བྱེ་བྲག་གིས་བསྒྲུབ་པར་བྱ་བའི་དོན་དུ་འདོད་པ་ལ་གྲུབ་པ་དང་བདེ་བ་ཐ་དད་པའི་ཕྱིར་རོ། །”ཞེས་པའི«གཏན་ཚིགས་ཐིགས་པའི»ལུང་དེ་ཡིག་ནོར་མིན་ནམ་སྙམ་ན། དེའི་འགྲེལ་པ་དུལ་བ་ལྷས་མཛད་པའི་ནང་དུ་དཔེ་དང་བཅས་དེའི་འགྲེལ་བཤད་རྒྱས་པར་མཛད[8]ཅིང་། «བསྟན་འགྱུར»ནང་དུ་བཞུགས་པའི་བྲམ་ཟེ་ཨ་ཙ་ཊས་མཛད་པའི«གཏན་ཚིགས་ཐིགས་པའི་འགྲེལ་པར»ཡང་དེ་དང་མཐུན་པར་གསུངས་པས་ཡིག་ནོར་ཡིན་མི་སྲིད།
གཉིས། ཆོས་མཆོག་སོགས་ཀྱི་དགོངས་པ་ཇི་ལྟར་ཡིན་པ།
འོ་ན«གཏན་ཚིགས་ཐིགས་པ»ལས་དེ་ལྟར་གསུངས་ན་ཆོས་མཆོག་གིས་གོང་ཞུས«གཏན་ཚིགས་ཐིགས་པའི»ལུང་དེ་དང་མི་འདྲ་བ་ཞིག་དྲངས་པ་ཅི་ཞེ་ན། དེ་ཡང་གཞུང་སྔ་མ“སྐད་ཅིག་མའི་བྱེ་བྲག་གིས་བསྒྲུབ་པར་བྱ་བའི་དོན་དུ་འདོད་པ་ལ”ཞེས་པས་འཕགས་པའི་རྒྱུད་ཀྱི་མངོན་སུམ་རྣམས་སྐད་ཅིག་མའི་བྱེ་བྲག་ཀྱང་འཇུག་ཡུལ་དུ་བྱེད་པས་དེའི་དབང་དུ་བྱས་ན་དེའི་སྔ་ཕྱི་རྣམས་འཇུག་པའི་ཡུལ་ཐ་དད་པའི་ཕྱིར་སྐད་ཅིག་མ་ཕྱི་མ་རྣམས་ཚད་མ་མ་ཡིན་པའི་སྐྱོན་མེད་པ་དང་། གཞུང་ཕྱི་མ“འབྲས་བུ་ཐུན་མོང་བ་ལ་ནི”ཞེས་སོགས་ཀྱིས་སོ་སྐྱེའི་མངོན་སུམ་སྐད་ཅིག་སྔ་ཕྱི་རྣམས་ཡུལ་སྐད་ཅིག་མ་རེ་རེ་ནས་འཇུག་པའི་ཡུལ་དུ་བྱེད་མི་ནུས་ཤིང་། ཐུན་མོང་དུ་རྒྱུན་གྱི་དངོས་པོ་ཙམ་འཇུག་པའི་ཡུལ་དུ་བྱེད་པས་དེ་ལྟ་ན་ངེས་པ་འདྲེན་ནུས་ཀྱི་སྔ་མ་དག་ལས་ཕྱི་མ་དག་ལ་ཚད་མའི་བྱ་བ་ལྷག་པོ་མེད་པའི་ཕྱིར་ཚད་མ་མིན་ནོ་ཞེས་བསྟན་པས། བོད་འགྱུར«གཏན་ཚིགས་ཐིགས་པའི»ནང་དུ་སོ་སྐྱེའི་དབང་དུ་བྱས་ནས“མངོན་སུམ་གྱི་སྐད་ཅིག་མ་ཕྱི་མ་རྣམས་ནི་གྲུབ་པ་དང་བདེ་བ་ཐ་དད་པ་མེད་པའི་ཕྱིར་རོ”ཞེས་པའི་ཚིག་དེ་ཇི་བཞིན་དུ་མེད་ཀྱང་དོན་འཐོབ་ཀྱིས་ཡོད་ཅིང་། འཕགས་པའི་དབང་དུ་བྱས་ཏེ“སྐད་ཅིག་མའི་བྱེ་བྲག་གིས་བསྒྲུབ་པར་བྱ་བའི་དོན་དུ་འདོད་པ་ལ་གྲུབ་པ་དང་བདེ་བ་ཐ་དད་པའི་ཕྱིར་རོ། །”ཞེས་པའི་གཞུང་ཚིག་དངོས་སུ་བྱུང་བ་ལ་དགོངས་པར་སྣང་། དེ་ལྟར་ཡིན་པའི་ཁུངས་ཅི་ཡོད་ཅེ་ན། «འཐད་ལྡན»དུ«གཏན་ཚིགས་ཐིགས་པའི»ལུང་དྲངས་པའི་འཇུག་དེ་མ་ཐག་ཏུ། “དེ་ལྟར་ན་ཡང་ཡིད་མ་བཟུང་བ་འཛིན་པ་ཡིན་ཡང་དབང་པོ་ལས་སྐྱེས་པའི་སྐད་ཅིག་མ་ཕྱི་མ་བཞིན་དུ་རྒྱུན་གྱིས་བསྒྲུབ་པར་བྱ་བའི་དོན་ལ་ཚད་མ(མ)ཡིན་ལ། རྣལ་འབྱོར་བ་རྣམས་ཀྱི་ནི་སྐད་ཅིག་མའི་ཁྱད་པར་བསྒྲུབ་པར་འདོད་པ་ལ་ཚད་མ(མ)[9]ཡིན་པར་རིགས་པ་ཡིན་ནོ། །”[10]ཞེས་སོ་སྐྱེའི་ཡིད་མངོན་དབང་ཤེས་སྐད་ཅིག་མ་ཕྱི་མ་བཞིན་དུ་རྒྱུན་ལ་ཚད་མ་མིན་པ་དང་། རྣལ་འབྱོར་པའི་ཤེས་པ་སྐད་ཅིག་མ་ལ་ཚད་མ་ཡིན་པར་གསུངས། དེ་ཡང་སོ་སྐྱེའི་དབང་ཤེས་སྐད་ཅིག་མ་ཕྱི་མ་རྣམས་ཚད་མ་མིན་པའི་རྒྱུ་མཚན་ནི་དེ་དག་གིས་རང་རང་གི་དམིགས་རྐྱེན་དུ་གྱུར་པའི་སྐད་ཅིག་མ་རེ་རེ་ལ་ངེས་པ་འདྲེན་མི་ནུས་པར་རྒྱུན་གྱི་སྒོ་ནས་ཡུལ་ལ་ངེས་པ་འདྲེན་པར་བྱེད་ཅིང་། དེ་ལྟ་བུའི་རྒྱུན་གྱི་འཇུག་པའི་ཡུལ་ལ་སྔ་མས་ངེས་པ་འདྲེན་ནུས་ཀྱི་བྱེད་པ་མ་ཉམས་པའི་ཚུལ་དུ་ཡོད་ཚེ། ཕྱི་མ་དག་ཚད་མའི་བྱ་བ་ལྷག་པོ་མེད་པས་ཚད་མ་མ་ཡིན་པར་བཞེད་པ་ཡིན། སོ་སྐྱེའི་ཡིད་མངོན་ཡང་དབང་མངོན་གྱི་རྒྱུན་མཐའ་སྐྱེ་ཞིང་རང་ཡུལ་སྐད་ཅིག་མ་ལ་ངེས་པ་འདྲེན་མི་ནུས་ལ། རྒྱུན་གྱི་དངོས་པོ་ལ་ནི་སྔར་གྱི་དབང་མངོན་གྱིས་ངེས་པ་འདྲེན་ནུས་མ་ཉམས་པའི་ཚུལ་གྱིས་ཡོད་པའི་ཕྱིར་ཚད་མ་མིན་པར་བཞེད། འཕགས་རྒྱུད་ཀྱི་མངོན་སུམ་ལ་མི་མཚུངས་ཏེ་དེ་དག་གིས་རང་རང་གི་ཡུལ་སྐད་ཅིག་མ་རེ་རེ་ལ་ཡང་ངེས་པ་འདྲེན་ནུས་པས་དེའི་ཕྱིར་སོ་སོའི་འཇུག་པའི་ཡུལ་ཐ་དད་ཅིང་ཕྱི་མ་དག་ལ་ཡང་ཚད་མའི་བྱ་བ་ལྷག་པོ་ཡོད་པའི་ཕྱིར་རེ་རེ་ནས་ཚད་མར་འཇོག་པ་ཡིན། དེས་ན་ཁོང་གིས་ཡིད་མངོན་ལ་ཚད་མ་ཡིན་མིན་གཉིས་བཞེད་ལ། «རྣམ་འགྲེལ»རྩ་བར་ཡིད་མངོན་ཚད་མ་ཡིན་པ་གསུངས་པའང་དེ་ལ་ཚད་མས་ཁྱབ་པ་བསྟན་པར་མི་བཞེད་དོ། །བོད་ཀྱི་མཁས་པ་མང་པོ་ཞིག་གིས་སོ་སྐྱེའི་མངོན་སུམ་གང་སྣང་ལ་ཚད་མར་འདོད་མོད་དེ་ཡང་དགོངས་པ་མིན་ཏེ། སློབ་དཔོན་ལྷ་དབང་བློའི་ལེའུ་གཉིས་པའི་འགྲེལ་པར། “བདེན་དེ། མངོན་སུམ་དེ་ནི་ཆར་སྐྱེ་བ་མ་ཡིན་པའི་ཕྱིར། དེ་ཡང་བཟུང་བ་ཉིད་ནི་ཡིན་མོད་ཀྱི། འོན་ཀྱང་བཟུང་བའི་རྣམ་པ་གང་ཡིན་པ་དག་ལ་ཡང་ངེས་པ་སྐྱེད་པར་བྱེད་པ་དེ་ལ། འཇུག་པར་བྱེད་པའི་ཕྱིར་ཚད་མ་ཉིད་དུ་འདོད་ཀྱི། གཞན་དུ་ནི་མ་ཡིན་ནོ། །”[11]ཞེས་དང་། “དེ་ལ་མི་རྟག་པ་ལ་སོགས་པའི་རྣམ་པའི་ཁྱད་པར་ཐ་དད་པའི་རང་བཞིན་ཅན་འབའ་ཞིག་བཟུང་དུ་ཟིན་ཀྱང་། འཁྲུལ་པས་དེའི་ངོ་བོ་ཆོད་པ་ཅན་ཉིད་ཡིན་པའི་ཕྱིར་ངེས་པ་མ་ཡིན་ཞིང་། མ་ངེས་པ་ལས་ཀྱང་དེ་དག་མཐོང་བས་མ་བཟུང་བ་དང་འདྲ་བ་ཡིན་པ་དེ་ལྟར་ན། དེ་ནི་དེ་དག་ལ་ཚད་མ་མ་ཡིན་ནོ། །དེ་ལྟར་ན་གལ་ཏེ་དེ་ལ་མཐོང་བ་སྐྱེས་པའི་རྣམ་པ་དེ་དག་ལ་དྲན་པའི་ངེས་པ་སྐྱེད་པ་དེའི་ཚེ། དེ་ལ་དྲན་པའི་སྒོ་ནས་འཇུག་པའི་ཕྱིར་དེ་ལ་ཚད་མ་ཡིན་གྱི། རྣམ་པ་གཞན་དུ་ནི་མ་ཡིན་ཏེ། ཚད་མ་ནི་འཇུག་པའི་འབྲས་བུ་ཅན་ཉིད་ཡིན་པའི་ཕྱིར་རོ། །”[12]ཞེས་ཁ་དོག་མཐོང་བའི་མངོན་སུམ་དེས་དེའི་མི་རྟག་པ་མཐོང་ན་ཡང་མཐོང་བ་ལ་ངེས་པ་མི་འདྲེན་ན་དེ་ལ་ཚད་མ་མིན་པར་གསུངས། དེ་ལྟ་ན་བུམ་འཛིན་མིག་ཤེས་ལྟ་བུས་བུམ་པ་དང་དེའི་མི་རྟག་པ་ཕྲ་མོ་གཉིས་ཀ་བཟུང་བ་ལ་ཁྱད་པར་མེད་ན་ཡང་། བུམ་པ་ལ་ཚད་མ་ཡིན་པ་དང་ཅིག་ཤོས་ལ་ཚད་མ་མ་ཡིན་པའི་ཁྱད་པར་ཡོད་ཅིང་། དེའི་རྒྱུ་མཚན་ཡང་སྔ་མ་མཐོང་བ་ལ་ངེས་པ་འདྲེན་པའི་རྐྱེན་ཚང་ཞིང་འགལ་རྐྱེན་དང་བྲལ་ལ་ཕྱི་མ་ལ་དེ་ལྟར་མིན་པས་ཡིན། སློབ་དཔོན་ཆོས་མཆོག་གིས་ཀྱང“འཁྲུལ་བའི་རྒྱུ་འགའ་ཞིག་ལས་ངེས་པར་བྱེད་པའི་ནུས་པ་མེད་པ་ཡང་ཚད་མ་མ་ཡིན་པ་ཉིད་དེ། ཆུར་འཁྲུལ་བའི་དུས་ནི་སྨིག་རྒྱུའི་རང་གི་མཚན་ཉིད་འཛིན་པའི་ཤེས་པ་བཞིན་དུ་ངེས་པ་མེད་པས་འཇུག་པའི་ཡུལ་འཇོག་པར་བྱེད་པ་མ་ཡིན་པའི་ཕྱིར་རོ། །”[13]ཞེས་སྨིག་རྒྱུ་ཆུར་སྒྲོ་འདོགས་པའི་སྒྲོ་འདོགས་འདྲེན་པའི་སྨིག་རྒྱུ་འཛིན་པའི་མངོན་སུམ་སྨིག་རྒྱུ་ལ་ཚད་མ་མིན་པ་དང་། དེའི་རྒྱུ་མཚན་ཡང་། སྒྲོ་འདོགས་པའི་རྒྱུ་ཡིས་གེགས་བྱས་ནས་སྨིག་རྒྱུ་མཐོང་བ་ལ་ངེས་པ་འདྲེན་མི་ནུས་པ་ལ་གཏུགས་པར་མཛད། «ཚད་མ་བརྟག་པ»ལས་ཀྱང་། “མ་ངེས་ན་ནི་མངོན་སུམ་གྱིས་དེ་སྣང་བའི་སྒོ་ནས་བཟུང་དུ་ཟིན་ཀྱང་མངོན་སུམ་གྱི་ཚད་མར་རྣམ་པར་མི་གཞག་སྟེ། མ་ངེས་པ་ནི་འཇུག་པའི་ཡུལ་མ་ཡིན་པ་ཉིད་ཀྱིས་ཐོབ་པར་མི་ནུས་པའི་ཕྱིར་རོ། །དེས་ན་དོན་འཛིན་པ་ལ་ལྟོས་ན་ནི་ཚད་མ་མ་ཡིན་ཏེ། དེ་ཙམ་ནི་དོན་ཐོབ་པར་བྱེད་པའི་ཡན་ལག་མ་ཡིན་པའི་ཕྱིར་རོ། །”[14]ཞེས་མངོན་སུམ་དེ་ལ་སྣང་ཡང་སྣང་བ་ལ་ངེས་པ་མི་འདྲེན་ན་ཚད་མར་མི་བཞག་པར་གསུངས་སོ། །དེ་ཡང་ཚད་མ་ནི། འཇུག་པར་བྱེད་པ་དང་། འཇུག་པའི་ཡུལ་སྟོན་པ། འཇུག་པའི་ཡུལ་ཐོབ་པར་བྱེད་པ་སོགས་སུ་གསུངས་ལ། དེ་དག་གི་དོན་ཡང་འཇུག་པའི་ཡུལ་སྣང་བའི་དོན་མ་ཡིན་པར་དེའམ་དེ་སྣང་བ་ལ་ངེས་པ་འདྲེན་པའམ་སྒྲོ་འདོགས་གཅོད་པའི་དོན་དུ(འདིའི་ནང་དུ་རྣམ་མཁྱེན་སོགས་བསྲེས་མེད།)གོ་དགོས་པ་ཡང«འཐད་ལྡན»དང་། «ཚད་མ་བརྟག་པ»སོགས་སུ་གསལ། དེས་ན་མངོན་སུམ་དེ་ལ་ཡུལ་དེའི་རྣམ་པ་ཤར་ཡང་སྣང་བ་ལ་ངེས་པ་འདྲེན་མི་ནུས་ན་འཇུག་པར་བྱེད་པ་མ་ཡིན་ཞིང་། འཇུག་པའི་ཡུལ་སྐྱེས་བུ་ལ་སྟོན་པར་མི་བྱེད་པས་ཚད་མའི་དོན་མི་ཚང་བ་ཡིན།
ཡང«ཚད་མ་བརྟག་པ་ཆེ་བ»ལས། “མངོན་སུམ་ནི་སྐད་ཅིག་གིས་ཡུལ་མཁོ་བ་གཅིག་པ་ཉིད་དོ། །དེས་ན་ཚད་མ་གཅིག་གི་ཡུལ་དུ་སྟོན་པ་ན་བསྒྲུབ་པར་བྱ་བ་ཐ་དད་པའི་སྐད་ཅིག་མ་འཛིན་པ་མ་གཏོགས་པ་དབང་པོ་རྣམས་གྲུབ་པ་དང་བདེ་བ་ཐ་མི་དད་པར་བཤད་དོ། །ལྐོག་ཏུ་གྱུར་པའི་ཡུལ་ལ་ནི་ཐུན་མོང་གི་འབྲས་བུ་ལ་དེ་དག་ཉེ་བར་སྦྱོར་བ་ཐ་མི་དད་དོ་ཞེས་བྱ་བ་ལ་སོགས་པས་རྒྱུན་ལ་བརྟེན་ནས་རྣམ་པ་གཉིས་སུ་བཤད་དོ། །”[15]ཞེས་བསྒྲུབ་པར་བྱ་བ་ཐ་དད་པའི་སྐད་ཅིག་མ་འཛིན་པ་མ་གཏོགས་པའི་དབང་པོའི་ཤེས་པ་རྣམས་གྲུབ་པ་དང་བདེ་བ་ཐ་མི་དད་པར་བཤད་དོ་ཞེས་གསུངས་ཤིང་། གང་དུ་བཤད་ན«གཏན་ཚིགས་ཐིགས་པ»རུ་བཤད་པ་ཡིན། འདིའི་བསྒྲུབ་པར་བྱ་བ་ཐ་དད་པའི་སྐད་ཅིག་མ་འཛིན་པ་ནི«གཏན་ཚིགས་ཐིགས་པའི»“སྐད་ཅིག་མའི་བྱེ་བྲག་གིས་བསྒྲུབ་པར་བྱ་བའི་དོན་དུ་འདོད་པ་ལ”ཞེས་སོགས་ཀྱིས་བསྟན་པའི་འཕགས་པའི་ཤེས་པ་ལ་བྱེད་དགོས། རྔོག་བློ་ལྡན་ཤེས་རབ་ཀྱི«རྣམ་ངེས་ཊཱིཀ»རུ་ཡང་། “འདི་ལ་སློབ་དཔོན་ཆོས་མཆོག་ན་རེ། ཧ་ཅང་ཐལ་བ་དང་། སྒྲུབ་བྱེད་ལས་འདས་པ་དང་། མི་སྲིད་པ་གསུམ་གྱིས་ཤེས་པ་སྔ་མས་བཟུང་ཟིན་པ་བཀག་པས་སྐད་ཅིག་གཞན་གྱི་ཡུལ་ཅན་ཚད་མར་བསྒྲུབས་པ་ཡིན་ནོ། །དེ་ལྟ་མོད་ཀྱི་ཚུ་རོལ་མཐོང་བའི་མངོན་སུམ་ནི་སྐད་ཅིག་གི་ཁྱད་པར་ལ་ཚད་མ་མ་ཡིན་པའི་ཕྱིར་དང་། རྒྱུན་གྱི་ཡུལ་ཅན་གྱི་ཚད་མ་ཡང་སྐད་ཅིག་དང་པོ་ཁོ་ན་ཡིན་པས་སྐད་ཅིག་གཉིས་པ་ལ་སོགས་པའི་དབང་པོའམ་ཡིད་ཀྱི་ཤེས་པ་ནི་བཅད་པའི་ཡུལ་ཅན་ལས་མི་འདའོ། །འདི་སྐད་ཅིག་གཞན་ལ་ཚད་མར་བརྗོད་པ་ནི་རྣལ་འབྱོར་པའི་ཡིད་ཀྱི་མངོན་སུམ་ལ་ལྟོས་པ་ཡིན་ཏེ། རྣལ་འབྱོར་པའི་ཡིད་ཀྱི་མངོན་སུམ་ནི་སྐད་ཅིག་གཞན་ལ་འཇུག་པར་བྱེད་པའི་ཚད་མར་བསྟན་པའི་དོན་དུ་འདི་བཀོད་དོ་ཞེའོ། །འདི་ནི་མི་འཐད་དེ།”[16] ཞེས་བཀོད་པ་ལས་ཀྱང་ཆོས་མཆོག་གི་བཞེད་པ་རྟོགས་པར་ནུས། དེས་ན“མངོན་སུམ་གྱི་སྐད་ཅིག་མ་ཕྱི་མ་རྣམས་ནི་གྲུབ་པ་དང་བདེ་བ་ཐ་དད་པ་མེད་པའི་ཕྱིར་རོ”ཞེས་པ་དེ་བོད་འགྱུར«གཏན་ཚིགས་ཐིགས་པ»རུ་ཚིག་ཇི་བཞིན་མེད་ཀྱང“འབྲས་བུ་ཐུན་མོང་བ་ལ”ཞེས་སོགས་ཀྱིས་དོན་འཐོབ་ཀྱིས་ཡོད་ཅིང་རྒྱ་དཔེ་ལ“འབྲས་བུ་ཐུན་མོང་བ་ལ་ནི”ཞེས་སོགས་ཀྱི་གཞུང་དེ་ཆོས་མཆོག་གིས་དྲངས་པ་ཇི་བཞིན་དུ་ཡོད་སྲིད་ལ། ཁོང་གིས་སོ་སྐྱེའི་དབང་པོའི་མངོན་སུམ་སྐད་ཅིག་མ་ཕྱི་མ་རྣམས་བཅད་ཤེས་ཡིན་པའང་སློབ་དཔོན་ཆོས་གྲགས་ཀྱི་དགོངས་པར་བཞེད་པ་ཡིན། «གཏན་ཚིགས་ཐིགས་པ»རུ། “མེ་ཙམ་གྱི་བསྒྲུབ་པར་བྱ་བའི་དོན་ལ་དུ་བ་གཞན་དང་གཞན་གྱིས་གཞལ་བའི་མེ་ཉེ་བ་བཞིན་ནོ། །”ཞེས་གསུངས་པའང་མཚན་གཞི་ངོས་བཟུང་པ་ཡིན་གྱི་དེ་ལ་རྟོག་པས་ཁྱབ་པ་བསྟན་པ་མིན། བྲམ་ཟེའི«གཏན་ཚིགས་ཐིགས་པའི»འགྲེལ་པར་ཡང“སྐད་ཅིག་མའི་བྱེ་བྲག་གིས”ཞེས་སོགས་འཕགས་པའི་ཤེས་པ་ལ་སྦྱོར་ཞིང་། “འབྲས་བུ་ཐུན་མོང་བ་ལ་ནི”ཞེས་སོགས་ཀྱིས་སྐད་ཅིག་མ་རེ་རེ་ལ་ངེས་པ་མི་འདྲེན་པར་རྒྱུན་གྱི་སྒོ་ནས་ངེས་པ་འདྲེན་པའི་སོ་སྐྱེའི་ཤེས་པའི་དབང་དུ་བྱས་པ་གསུངས[17]ཤིང་། དེའི་དབང་དུ་བྱས་ན། དེ་ཉིད་ལས། “དེ་ལ་ཕྱི་མའི་ཤེས་པའི་སྐད་ཅིག་མ་དེ་དག་གི་མཐུས་དོན་ཐོབ་པར་བྱེད་པའི་ནུས་པ་ཐ་དད་པ་མེད་དོ། །མངོན་སུམ་སྔ་མའི་ཡུལ་གྱི་སྐད་ཅིག་མ་ཁོ་ན་ལ་དེ་རྣམས་འཇུག་པ་ན་དང་པོ་འདི་ཉིད་དེ་ལ་ཚད་མ་ཡིན་ནོ། །”[18]ཞེས་ཕྱི་མ་རྣམས་ཚད་མ་མིན་པ་ཡང་གསུངས་ཏེ། འདིས་ཀྱང་མངོན་སུམ་བཅད་ཤེས་ཡོད་པ་སློབ་དཔོན་ཆོས་གྲགས་ཀྱི་དགོངས་པར་བཞེད། དུལ་བ་ལྷས་མཛད་པའི«གཏན་ཚིགས་ཐིགས་པའི་འགྲེལ་པ»ལས། “གང་གི་ཚེ་སྐད་ཅིག་མའི་བྱེ་བྲག་གིས་བསྒྲུབ་པར་བྱ་བའི་དོན་དུ་འདོད་པ་ཡིན་པ་དེའི་ཚེ་འདི་དག་གི་ཉེ་བར་སྦྱོར་བ་ཐ་དད་པ་ཁོ་ན་ཡིན་ནོ། །”ཞེས་དང་། “གལ་ཏེ་སྐད་ཅིག་མའི་བྱེ་བྲག་གིས་བསྒྲུབ་པར་བྱ་བའི་དོན་དུ་འདོད་པ་ལ་གྲུབ་པ་དང་བདེ་བ་དུ་མ་ཡིན་ན། འོ་ན་གཞན་གང་ལ་གྲུབ་པ་དང་བདེ་བ་གཅིག་པ་ཡིན་སྙམ་པ་ལ། འབྲས་བུ་ཐུན་མོང་བ་ལ་ནི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཚེ་སྐད་ཅིག་མ་ཐམས་ཅད་ཀྱི་འབྲས་བུ་ཐུན་མོང་ཡིན་པར་བརྗོད་པར་འདོད་པ་དེའི་ཚེ། དེ་དག་གི་མཐུ་ཐ་དད་པར་མེད་དེ། དེའི་ཚེ་ཚད་མ་ཉིད་ཀྱང་ཐ་དད་པར་མི་འདོད་དོ། །”[19]ཞེས་པའི་འགྲོས་ལ་བརྟགས་པས་འདིས་ཀྱང་ཆོས་མཆོག་དང་བྲམ་ཟེས་ཇི་ལྟར་འགྲེལ་པ་ལྟར་འདོད་པར་སྣང་། དེ་ཡང«རྣམ་འགྲེལ»ལས། “བྱ་བ་བསྒྲུབས་ཅན་ལས་ལ་ནི། །ཁྱད་པར་ཅུང་ཟད་མི་བྱེད་ལ། །དབང་པོ་ཅན་ནམ་གཞན་དག་ནི། །སྒྲུབ་པར་བྱེད་པ་ཇི་ལྟར་འདོད། །”[20]ཅེས་གསུངས་པ་ལྟར་སྟ་རེ་སྔ་མས་ཤིང་ཕྱོགས་གཉིས་སུ་དུམ་བུར་བཅད་ཟིན་པ་ལ། སྟ་རེ་ཕྱི་མས་དུམ་བུ་གཅིག་དེ་ཡང་དུམ་བུར་གཉིས་སུ་བཅད་པ་ཡིན་ན་བྱ་བ་བསྒྲུབས་ཟིན་པ་ལ་ཡང་ཁྱད་པར་ཅུང་ཞིག་བྱེད་པ་ཡིན། འོན་ཀྱང་སྔ་མས་ཤིང་བཅད་པའི་བྱ་བ་བསྒྲུབས་ཟིན་པ་ལས་ཕྱི་མས་ཁྱད་པར་ཅུང་ཟད་ཀྱང་མི་བྱེད་བཞིན་དུ་ཕྱི་མ་ཤིང་གཅོད་པའི་བྱ་བ་སྒྲུབ་པར་བྱེད་པར་ཁས་ལེན་ན་གང་གི་སྒོ་ནས་བྱ་བ་དེའི་སྒྲུབ་པར་བྱེད་པའི་ཚུལ་ལུགས་ལས་འདས། དཔེ་དེ་བཞིན་དུ། ཚད་མའི་བྱ་བ་ནི་ཡུལ་གསར་དུ་ངེས་པའམ་ངེས་ཤེས་འདྲེན་པ་ཡིན་ལ། ཚད་མ་སྔ་མས་ངེས་ཟིན་པའམ། ངེས་ཤེས་འདྲེན་ནུས་ཀྱི་བྱེད་པ་མ་ཉམས་པ་ལ་ཕྱི་མས་འཛིན་པ་ནི་ཚད་མ་སྔ་མས་བསྒྲུབས་ཟིན་པ་ལས་ཁྱད་པར་ཅུང་ཞིག་ཀྱང་མི་བྱེད་པའི་ཕྱིར། ཚད་མའི་བྱ་བ་སྒྲུབ་པར་བྱེད་པའི་ཚུལ་ལས་འདས་པས་ན་ཚད་མ་མ་ཡིན་ནོ་ཞེས་བཞེད། སྒྲུབ་པར་བྱེད་པ་ཞེས་པ་ནི་འཇུག་པའི་ཡུལ་སྟོན་པར་བྱེད་པ་ཞེས་པའི་དོན་ཡིན་ཞིང་། དེ་ནི་ཚད་མའི་འཇོག་བྱེད་གཙོ་བོ་ཡིན་ལ། དེ་སྟོན་ཚུལ་ཡང་འཇུག་པའི་ཡུལ་ངེས་པའམ་དེ་ལ་ངེས་ཤེས་འདྲེན་ནུས་ཀྱི་ཚུལ་དུ་ཡོད་པ་ལ་བྱའོ། །དེ་ཚད་མ་སྔ་མས་བྱས་ཟིན་པ་ལ་ཕྱི་མས་དེ་ལས་ལྷག་པ་ཅུང་ཞིག་ཀྱང་མི་བྱེད་ན་འཇོག་བྱེད་དེ་མ་ཚང་བའི་ཕྱིར་ཚད་མ་མིན། སྔོན་པོ་ལ་ངེས་ཤེས་འདྲེན་ནུས་ཀྱི་སྔོ་འཛིན་མིག་ཤེས་ལྟ་བུ་རང་ཉིད་རྟོག་མེད་ཡིན་པས་ཡུལ་མ་ངེས་ནའང་། དེས་ངེས་ཤེས་འདྲེན་པ་ནུས་པས། ངེས་ཤེས་མ་དྲངས་པའི་སྔར་ནས་ཚད་མའི་ངོ་བོར་གནས་ནས་ཡོད། དེས་ན་བཅད་ཤེས་ལ་ཚད་མ་སྔ་མའི་སྟོབས་ཀྱིས་ཡུལ་དེ་རྟོགས་པ་སོགས་ཀྱི་ཞིབ་ཆ་མི་དགོས་ཀྱི། ཚད་མ་སྔ་མས་ཡུལ་དེ་ངེས་ཟིན་མ་བརྗེད་པའམ་ངེས་ཤེས་འདྲེན་ནུས་མ་ཉམས་པའི་ཚུལ་དུ་ཡོད་ན་ཡུལ་དེ་ལ་འཇུག་པའི་ཤེས་པ་ཕྱི་མ་དེ་བཅད་ཤེས་ཡིན། བཅད་ཤེས་ཀྱི་སྐོར་ཐོག་མར«ཚད་མ་མདོ»ལས། “ཡང་ཡང་ཤེས་པའང་མ་ཡིན་ཏེ། །ཐུག་པར་མེད་འགྱུར་དྲན་སོགས་བཞིན། །”[21]ཞེས་གསུངས་ཤིང་དེས་གསར་རྟོགས་མི་དགོས་པར་ཤེས་པ་གང་ཅུང་ཟད་མི་སླུ་བ་དེ་ཐམས་ཅད་ཚད་མ་ཡིན་ན་ཚད་མའི་མཚམས་ཐུག་པ་མེད་པར་འགྱུར་རོ་ཞེས་དགོངས་ནས་དང་པོར་རྟོགས་པ་དེ་ཉིད་ལ་ཚད་མར་འཇོག་པར་མཛད་ཅིང་། དོན་དེ་ཉིད་ཕྱིས་ཀྱི་ཚད་མ་བ་རྣམས་ཀྱིས་ཀྱང་རྗེས་ཟློས་ཀྱིས་ཚད་མ་ལ་སྔར་མ་རྟོགས་པའི་དོན་ཅན་ཞིག་དགོས་པར་གསུངས། འོན་ཀྱང་རྣམ་མཁྱེན་ལ་ཚད་མས་ཁྱབ་མིན་གྱི་སྐོར་གཞུང་འདི་དག་ཏུ་ཅི་ཡང་གླེང་མེད་པས་དེ་ལ་ཚད་མས་ཁྱབ་མ་ཁྱབ་གང་ཞིག་སློབ་དཔོན་སོགས་ཀྱི་དགོངས་པ་ཡིན་པ་ནི་བཤད་དཀའ། «རྣམ་འགྲེལ་རྒྱན»ལས་ཀྱང་། “འོན་ཏེ་རྣམ་པར་རྟོག་པའི་དུས་ན་ཡང་མངོན་སུམ་རྒྱུན་ཆགས་པར་ཡོད་པ་ཡིན་པའི་ཕྱིར་ཁྱད་པར་ཡོད་དོ་ཞེ་ན། མ་ཡིན་ཏེ། ཕྱི་མའི་མངོན་སུམ་གྱི་སྐད་ཅིག་མ་རྣམས་མ་ཡིན་པའི་ཕྱིར་རོ། །འོན་ཏེ་ཕྱི་མ་རྣམས་ཀྱང་ཚད་མ་ཉིད་དེ། དེ་ལྟ་མ་ཡིན་ན་རྒྱུན་ཆགས་པར་འབྱུང་བ་མི་ངེས་པའི་ཕྱིར་ཞེ་ན། འོ་ན་ཐམས་ཅད་ཚད་མ་མ་ཡིན་པར་འགྱུར་ཏེ། ཐོབ་པར་བྱ་བའི་ཡུལ་མེད་པའི་ཕྱིར་རོ། །སྔ་མ་དག་ཉིད་ཀྱིས་ངེས་པ་སྐྱེད་ན་ནི་ཕྱི་མ་རྣམས་ཚད་མ་མ་ཡིན་པའི་ཕྱིར་རོ། །”[22]ཞེས་མངོན་སུམ་སྔ་མ་རྣམས་ཀྱིས་འཇུག་པའི་ཡུལ་ལ་ངེས་པ་བསྐྱེད་ནས་བྱེད་པ་མ་ཉམས་ན་ཡུལ་དེ་ག་ལ་འཇུག་པའི་ཕྱི་མ་རྣམས་ཚད་མ་མིན་པར་གསུངས། པཎ་ཆེན་ཤཱཀ་མཆོག་གི«རིགས་གཏེར་འགྲེལ་བ་སྡེ་བདུན་ངག་གི་རོལ་མཚོ»རུ[23]«གཏན་ཚིགས་ཐིགས་པའི»ལུང་སྔ་ཕྱི་གཉིས་ལས་ཕྱི་མ་དེ་རྗེས་དཔག་ཁོ་ན་ལ་སྦྱོར་བ་དང་། ཆོས་མཆོག་གིས་ཀྱང་མངོན་སུམ་བཅད་ཤེས་མི་བཞེད་པར་གསུངས་པ་ནི་འཐད་པར་མ་མཐོང་སྟེ། མངོན་སུམ་གང་ཡིན་ལ་ཚད་མས་ཁྱབ་ན་སྐད་ཅིག་མའི་བྱེ་བྲག་གིས་བསྒྲུབ་པར་བྱ་བའི་དོན་དུ་འདོད་པ་ལ་ཞེས་དམིགས་ཀྱིས་བསལ་བ་དགོས་མེད་དུ་འགྱུར་བའི་ཕྱིར་དང་། ཕྱི་མ་རྗེས་དཔག་ཁོ་ན་ལ་སྦྱོར་བའི་ཁུངས་མེད་པའི་ཕྱིར་རོ། །“བྱ་བ་བསྒྲུབས་ཅན་ལས་ལ་ནི། །”ཞེས་སོགས་ཀྱིས་དབང་པོའི་ཤེས་པའང་ཚད་མའི་བྱ་བ་ལྷག་པོ་མེད་ན་ཚད་མ་མིན་པར་གསུངས་ཤིང་། སོ་སྐྱེའི་དབང་ཤེས་རྒྱུན་ཆགས་སུ་སྐྱེ་བའི་ཚེ་རྒྱུན་གྱི་དངོས་པོ་ལ་སྔ་མ་དག་གིས་ངེས་པ་འདྲེན་ནུས་མ་ཉམས་པའི་ཚེ་ཕྱི་མ་དག་ལ་བྱ་བ་ལྷག་པོ་མེད་པའི་ཕྱིར་དང་། སྐད་ཅིག་མ་ལ་ནི་ངེས་པ་འདྲེན་མི་ནུས་པའི་ཕྱིར་དང་། ངེས་པ་འདྲེན་ནུས་མིན་པ་ལའང་ཚད་མ་མིན་པར་གསུངས་པའི་ཕྱིར་རོ། །ཆོས་མཆོག་གིས་སོ་སྐྱེའི་ཡིད་ཀྱི་མངོན་སུམ་གྱིས་མ་བཟུང་བ་འཛིན་ཡང་རྒྱུན་གྱིས་བསྒྲུབ་པར་བྱ་བའི་དོན་ལ་དབང་ཤེས་སྐད་ཅིག་ཕྱི་མ་བཞིན་དུ་ཚད་མ་མ་ཡིན་པར་གསུངས་པའི་ཕྱིར་དང་། «འཐད་ལྡན»ལས། “དེ་ལྟ་ཡིན་ན་ཡང་གང་ལ་ངེས་པར་བྱེད་ནུས་པའི་དངོས་པོ་འཛིན་པར་བྱེད་པའི་མངོན་སུམ་སྐྱེས་པ་ལ་ནི་དོན་དེའི་ཡུལ་ཅན་ཉིད་ཀྱི་དབང་པོའི་ཤེས་པའམ་ཡིད་ཀྱི་ཤེས་པ་ཡང་རུང་སྟེ། དྲན་པ་ལས་ཁྱད་པར་ཡོད་པ་མ་ཡིན་ནོ། །”[24]ཞེས་དང་པོས་དོན་དེ་ལ་ངེས་པ་འདྲེན་ནུས་པ་ལ་དོན་དེ་ཉིད་འཇུག་ཡུལ་ཅན་གྱི་དབང་ཤེས་སམ་ཡིད་ཤེས་ཕྱི་མ་དག་དྲན་པ་ལས་ཁྱད་པར་མེད་པར་གསུངས་པའི་ཕྱིར་དང་། གོང་དུ་ཇི་སྐད་བཤད་པ་དག་ལས་ཀྱང་དེས་མངོན་སུམ་བཅད་ཤེས་བཞེད་པར་ཤེས་ནུས་པའི་ཕྱིར་རོ། །
གསུམ། གྲུབ་དོན།
བསྡུ་ན། «འཐད་ལྡན»དུ་དྲངས་པའི་མངོན་སུམ་བཅད་ཤེས་སྟོན་པའི«གཏན་ཚིགས་ཐིགས་པའི»ལུང་དེ་ཚིག་ཇི་བཞིན་བོད་འགྱུར«གཏན་ཚིགས་ཐིགས་པ»དང་དེའི་རྒྱ་འགྲེལ་དག་ཏུ་མི་གསལ་ཡང་གཞུང་གོང་འོག་བསྒྲིགས་པ་ལས་དོན་འཐོབ་ཀྱིས་ཚིག་དེ་ལྟ་བུ་བྱུང་ཞིང་རྒྱ་དཔེ་ལ་ནི་ཇི་བཞིན་དུ་ཡོད་སྲིད། «གཏན་ཚིགས་ཐིགས་པའི»གཞུང་གོང་འོག་བསྒྲིག་ན་དེའི་ནང་དུ་མངོན་སུམ་བཅད་ཤེས་མ་བཀག་པར་མ་ཟད་དེ་ཡོད་པ་གཞུང་དེ་རང་གི་དགོངས་པ་ཡིན་པ་དེ་འཕགས་པའི་མངོན་སུམ་རྣམས་རང་རང་གི་ཡུལ་གྱི་སྐད་ཅིག་མ་རེ་རེ་ལ་ཚད་མ་ཡིན་པས་ཕྱི་མ་རྣམས་ཚད་མ་ཡིན་པ་དང་། སོ་སྐྱེའི་མངོན་སུམ་སྐད་ཅིག་རྣམས་ཐུན་མོང་དུ་རྒྱུན་གྱི་དངོས་པོ་ལ་ངེས་པ་འདྲེན་པ་ལས་སྐད་ཅིག་མ་རེ་རེ་ལ་ངེས་པ་འདྲེན་མི་ནུས་པས་ངེས་པ་འདྲེན་ནུས་ཀྱི་སྔ་མ་དག་ལས་ཕྱི་མ་རྣམས་ལ་ཚད་མའི་བྱ་བ་ལྷག་པོ་མེད་པའི་ཕྱིར་ཕྱི་མ་རྣམས་ཚད་མ་མིན་པར་གསུངས་པ་ལས་ཤེས། གཞན་ཡང«ཚད་མ་མདོ»ལས་ཡང་ཡང་ཤེས་པ་ཡང་ཚད་མ་ཡིན་ན་ཚད་མའི་མཚམས་ཐུག་པ་མེད་པར་འགྱུར་བར་གསུངས་པ་ལས་ཀྱང་སྔ་མ་ལས་ཕྱི་མ་ལ་ཚད་མའི་འཇུག་ཡུལ་ལྷག་པོ་མེད་ན་ཕྱི་མ་ཚད་མ་མིན་པར་ཤེས་ཐུབ། མངོན་སུམ་བཅད་ཤེས་ཡོད་པ་ཆོས་གྲགས་ཙམ་མ་ཟད་དེའི་རྗེས་འབྲངས་རྒྱ་གར་བ་དག་གི་དགོངས་པ་ཡང་ཡིན་པ་དེ«གཏན་ཚིགས་ཐིགས་པའི»འགྲེལ་པ་ཁག་དང་ཤེས་རབ་འབྱུང་གནས་སྦས་པས་མཛད་པའི«ཚད་མ་རྒྱན»སོགས་སུ་ཇི་སྐད་གསུངས་པ་ལས་ཀྱང་ཤེས་ནུས་པས་རྒྱ་གར་དུ་མངོན་སུམ་བཅད་ཤེས་ཡོད་པ་ལ་རྩོད་པ་ཅི་ཡང་མེད་པར་སྣང་། གནད་དོན་འདི་སྔ་མོའི་རྔོག་བློ་ལྡན་ཤེས་རབ་དང་། བཅོམ་ལྡན་རིག་པའི་རལ་གྲི་དང་རྒྱལ་ཚབ་དར་མ་རིན་ཆེན་སོགས་ཀྱིས་ཀྱང་རྟོགས་ཡོད། འོན་ཀྱང་ཕྱིས་སུ་གྲྭ་གྲོང་ཅི་རིགས་ཀྱིས་བྲིས་པའི་དཔྱད་རྩོམ་དག་ནི་དམུས་ལོང་གིས་གཟུགས་ལ་ལྟ་བ་བཞིན་གྱུར་སྣང་། བོད་ཀྱི་མཁས་པ་ཁག་གཅིག་གིས་མདོ་སྡེ་པའི་ལུགས་ལ་མངོན་སུམ་དེ་གང་སྣང་ལ་ཚད་མར་འདོད་མོད་འོན་ཀྱང་དེ་ནི་ལྷ་དབང་བློ་དང་ཆོས་མཆོག་སོགས་ཀྱི་གཞུང་དུ་རྟོག་པས་ཡུལ་དེ་ངེས་པའམ་ངེས་པ་མི་འདྲེན་ན་ཚད་མ་མིན་པ་དང་མངོན་སུམ་ཡུལ་དེ་སྣང་བ་ལ་ངེས་པ་མི་འདྲེན་ན་ཚད་མ་མིན་པར་གསུངས་པ་དང་འགལ་ཞིང་ཚད་མའི་གོ་དོན་བཤད་པའི་རྒྱ་གཞུང་དག་ལས་ཚད་མ་ལ་འཇུག་པའི་ཡུལ་སྟོན་པ་ཞིག་དགོས་པར་གསུངས་པ་དང་འཇུག་པའི་ཡུལ་ཇི་ལྟར་སྟོན་པའི་ཚུལ་བཤད་པ་དག་གི་སྤྱིའི་འགྲོས་དང་ཡང་མི་མཐུན་ནོ། །
ནང་དོན་ཡོངས་ཁུངས། འོད་འཛིན་སྤྱི་སྟེགས།