Tibetan Web Featured

ཆོས་རྩོད་ཇི་ལྟར་མཛད་དགོས་ཚུལ་སྐོར།

རྗེ་བཙུན་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །
ཐལ་དང་སུན་འབྱིན་རིགས་པའི་གློག་ཕྲེང་གིས། །
ཕས་རྒོལ་ལོག་སྨྲའི་རི་དྭགས་འགུམ་བྱེད་ཅིང་། །
ཕྲ་ཞིབ་དཀའ་བའི་མདུད་རྒྱ་བཀྲོལ་མཛད་པ། །
ཆོས་བཟང་རིགས་སྨྲའི་ཚོགས་ཀུན་རྒྱལ་གྱུར་ཅིག།

རྩོད་པའི་སྐབས་ཀྱི་སྔགས་དང་རྣམ་འགྱུར་ཕྱག་རྒྱ་དང་ཏིང་ངེ་འཛིན་གྱི་དོན་སྐྱེས་བུ་དམ་པ་གོང་མའི་གསུང་ལས་བཏུས་ནས་མདོར་བསྡུས་ཙམ་བརྗོད་པར་བྱའོ། །དེ་ལ་འདིར་ཐོག་མར་དྷཱི༔སྐད་གནང་བའི་ལུས་ཀྱི་རྣམ་འགྱུར་དང་དེའི་མཚོན་དོན་ནི། ཕྱི་རྒོལ་བའི་རྒྱུད་ཀྱི་མ་རིག་པའམ་ལོག་རྟོག་གཞོམ་ཕྱིར་དུ་རྣོ་གསལ་ཟབ་པའི་ཤེས་རབ་ཀྱི་སྤོབས་པ་བསྐྱེད་དེ་ཡར་བཞེངས་ནས་རྩོད་པ་ཡིན་པས། སྒོ་མང་གྲྭ་ཚང་གི་ཕྱག་སྲོལ་ལྟར་ན་དམ་བཅའ་བ་ལ་གཟན་སྐྱུར་ཕབ་པ་དང་མགོ་སྒུར་བ་སོགས་མི་བྱེད་པར་ལུས་དྲང་བོར་རྐང་བ་གཉིས་ས་ལ་བརྟན་པོར་བཙུགས། དམ་བཅའ་བ་ལ་ལུས་གཡོན་ཟུར་བསྟན་ནས། སྙིང་གའི་ཐད་ཀར་ལག་གཡོན་པའི་ནང་གི་ཕྲེང་བའི་མདོ་འཛིན་དེ་ལག་གཡས་པའི་མཐེ་བོང་དང་གུང་མོ་གཉིས་ཀྱི་བཟུང་ནས་མདུན་ཕྱོགས་སུ་གྱེན་དུ་འཐེན་ཏེ་ལག་གཡོན་པའི་སོར་རྩེར་བསྐོན་པ་གཡོན་པའི་མཐེ་བོང་གིས་མཁྲིག་མའི་ཕྱོགས་སུ་འཕངས་ཏེ་ཕྲེང་བ་ཉིས་དཀྲིས་བྱས་ནས་ཐལ་མོ་སྙིང་གར་བརྡབས་པ་དང་ལྷན་དུ་ངག་ནས། ༀ་ཨཱ༔ར་པ་ཙ་ན་ཞེས་པའི་ཚིག་སྒྲ་མི་གསལ་བར་ཀློག་ཤུབ་ཏུ་བཏོན་ཏེ། དྷཱི༔ཞེས་སྒྲ་སྐད་གསལ་ལ་ཤུགས་ཆེན་པོ་ཞིག་བརྗོད་པ་དང་ལྷན་དུ་ཐལ་མོ་རྡེབ་པར་བྱེད། ཡང་ན་དྷཱི་རྐྱང་བ་བརྗོད། དེ་ནས་ལག་པའི་ཐལ་མོ་གཉིས་གཡས་གཡོན་དུ་བསྐོར་ནས་གཡོན་པ་མར་ཕབ། གཡས་པ་ཡར་བཀྱགས་ཏེ་རྣ་བའི་ཐད་ཀར་འཕྱར་བའི་ཕྱག་རྒྱའམ་སྟངས་སྟབས་བྱེད་པའོ། །

དེ་དག་གི་མཚོན་དོན་ནི། རྐང་བ་གཉིས་ས་ལ་བརྟན་པོར་བཙུག་པས་སྡུག་བསྔལ་ལས་ཐར་བའི་གཞི་ཚུགས་པ་མཚོན། ལུས་གཡོན་ཟུར་སྟོན་པ་ལོག་རྟོག་གིས་དྲངས་པའི་དམ་བཅའ་ལ་མི་འདོད་པའི་རྣམ་འགྱུར་ཡིན། ཕྲེང་བ་འཛིན་ལུགས་དེས་འགྲོ་བ་རྣམས་ངན་སོང་དང་འཁོར་བ་ལས་དྲངས་ཏེ་སངས་རྒྱས་ཀྱི་སར་འགོད་འདོད་ཀྱི་ཐབས་དང་སྟོང་ཉིད་རྟོགས་པའི་ཤེས་རབ་སྟེ་ཐབས་ཤེས་ཟུང་འབྲེལ་མཚོན། ཐལ་མོ་སྙིང་གར་བརྡབས་སྟེ་འཇམ་དབྱངས་ཀྱི་ས་བོན་བརྗོད་པས་རང་གི་སྙིང་པདྨ་འདབ་བརྒྱད་ཀྱི་དབུས་སུ་རྗེ་བཙུན་འཇམ་དཔལ་དབྱངས་བཞུགས་ཤིང་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ཀྱིས་ཇི་ལྟ་ཇི་སྙེད་པའི་ཤེས་བྱ་མ་ལུས་པ་ལ་སྒྲོ་འདོགས་ལྷག་མེད་དུ་གཅོད་པ་མཚོན། ལག་པའི་ཐལ་མོ་གཡས་གཡོན་དུ་བསྐོར་བས་འགྲོ་བ་རྣམས་སྲིད་རྩེ་ནས་མནར་མེད་ཀྱི་བར་དུ་འཁོར་ཚུལ་མཚོན། ལག་གཡོན་མར་ཕབ་པས་ངན་སོང་གི་སྐྱེ་སྒོ་གཅོད་པ་དང་། ལག་གཡས་ཡར་བཀྱགས་པས་སངས་རྒྱས་ཀྱི་སར་འདྲེན་པ་མཚོན། ལག་གཡས་རྣ་བའི་ཐད་ཀར་འཕྱར་བས་འཇམ་པའི་དབྱངས་ཀྱི་ཕྱག་མཚན་རལ་གྲི་མཚོན།

དེ་ནས་ཐལ་ངག་སོགས་བཀོད་དེ་དཔྱོད་པའི་སྐབས་ཀྱི་ལུས་ཀྱི་སྟངས་སྟབས་སམ་རྣམ་འགྱུར་དང་མཚོན་དོན་ནི། ཕྱག་གཉིས་སྙིང་གའི་ཐད་ནས་རང་རང་གི་ཕྱོགས་སོ་སོར་བརྐྱངས་པས་བཤད་སྒྲུབ་ཀྱི་བསྟན་པ་ཕྱོགས་བཅུར་རྒྱས་པར་མཚོན། ལག་གཡོན་པའི་སོར་མོ་ཅུང་ཟད་སྐུམ་པའི་ཚུལ་གྱིས་གཡོན་པའི་ཕྲག་གོང་དུ་བཀྱགས་པ་དེས་འཇམ་པའི་དབྱངས་ཀྱི་ཕྱག་མཚན་གླེགས་བམ་མཚོན། ལག་གཡས་པའི་སོར་མོ་དྲང་མོར་བསྲིངས་ཏེ་རྣ་བའི་ཐད་ཀར་འཕྱར་བས་ཤེས་རབ་ཀྱི་རལ་གྲི་མཚོན། ཐལ་མོ་སྙིང་གར་བརྡབས་པས་གསུང་རབ་ཀྱི་དོན་ལ་སྒྲོ་འདོགས་གཅོད་པ་མཚོན། ཐལ་མོའི་སྒྲས། སྐར་མ་རབ་རིབ་མར་མེ་དང་། །སྒྱུ་མ་ཟིལ་པ་ཆུ་བུར་དང་། །རྨི་ལམ་གློག་དང་སྤྲིན་ལྟ་བུར། །འདུས་བྱས་དེ་ལྟར་བལྟ་བར་བྱ། །ཞེས་པའི་དོན་ལྟར་མི་རྟག་པ་དང་། ཡུད་ཙམ་གྱིས་སྒྲ་དེ་ཉིད་རྒྱུ་རྐྱེན་རྟེན་འབྲེལ་ཚོགས་ཙམ་ཞིག་ལས་བྱུང་བ་མ་གཏོགས་རང་ངོས་ནས་སྒྲ་བདེན་པ་ཞིག་མ་གྲུབ་པའི་དེ་ཁོ་ན་ཉིད་མཚོན། ལག་གཡོན་ཁ་སྦུབས་པས་ཕས་རྒོལ་ཟིལ་གྱིས་གནོན་པ་དང་། ངན་སོང་དང་འཁོར་བ་ཟིལ་གྱིས་མནན་པ། ལག་གཡས་ཕྲེང་བ་དང་བཅས་པ་གྱེན་དུ་བསླངས་པ་ནི་འགྲོ་བ་རྣམས་ཐར་བར་འགོད་པ། རྐང་བ་གཡོན་པ་ཤེས་རབ་ཀྱི་རང་བཞིན་བརྡབས་པ་ངན་སོང་གི་སྒོ་བཙན་ཐབས་སུ་འགེབས་པ། ལུས་ཀྱི་སྐོར་བ་བྱས་པས། ཁམས་གསུམ་དབང་དུ་བསྡུ་བ་མཚོན། རྣམ་འགྱུར་ཕྱི་ལྷོད་ལ་ནང་གྲིམ་པ་ལྕགས་བལ་གྱིས་དཀྲིས་པ་ལྟ་བུ་དགོས་པར་གསུངས་ལ།

གཞན་ཡང་གསུང་རྒྱུན་གཅིག་ལ། ཐོག་མར་རང་ཉིད་རྗེ་བཙུན་སྨྲ་བའི་སེང་གེར་གསལ་བཏབ། ལག་པ་གཡོན་པའི་མཐིལ་དུ་མར་གྱུར་འགྲོ་བ་རིགས་དྲུག་གི་སེམས་ཅན་ཐམས་ཅད་ཡོད་པའི་མོས་པ་དང་། མཐེ་བོང་གིས་མནན། ཐབས་ཤེས་ཟུང་འབྲེལ་མཚོན་བྱེད་དུ་ཕྲེང་བ་གཉིས་སྐོར་གྱིས་བཅིངས། ལག་པ་གཡས་པའི་འཛུམ་མོ་རྣམས་དྲང་པོར་བསྲིངས་པ་རྣ་བའི་ཐད་དུ་འཕྱར་བ་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་ཕྱག་མཚན་ཤེས་རབ་ཀྱི་རལ་གྲིར་གསལ་བཏབ་ནས། ༀ་ཨཱ༔ར་པ་ཙ་ན་ཞེས་པའི་ཚིག་སྒྲ་མི་གསལ་བར་ཀློག་ཤུབ་ཏུ་བཏོན་ཏེ། དྷཱི༔ཞེས་སྒྲ་སྐད་ཤུགས་ཆེན་པོ་ཞིག་བརྗོད་པ་དང་ལྷན་དུ་ཐལ་མོ་བརྡབས་པ་ན། འཇམ་དཔལ་དབྱངས་ཀྱི་ཤེས་རབ་ཀྱི་རལ་གྲིས་འགྲོ་བ་རྣམས་ཀྱི་རྒྱུད་ཀྱི་མི་ཤེས་པའི་མུན་པ་རྩ་བ་ནས་བཅད་ཅིང་། དེ་ནས་ལག་གཡས་གཡོན་སྟེང་འོག་བརྗེ་བའམ་བསྒྱུར་བས་གཡོན་མཐིལ་གྱི་འགྲོ་བ་རྣམས་གཡས་ཀྱི་མཐིལ་དུ་བླངས་ནས་སངས་རྒྱས་ཀྱི་སར་བཀོད་པའི་མཚོན་བྱེད་དུ་ལག་གཡས་གྱེན་དུ་བཏེགས་པའོ། །དྷཱི༔སྐད་ཀྱང་སྒྲ་གདངས་རིང་བོ་ཞིག་བཏང་ནས། ཇི་ལྟར་ཆོས་འཇལ་ཞེས་བརྗོད། དེ་ཡང་ཡ་ཞེས་པའི་སྒྲ་རིང་བོ་ཞིག་ཀྱང་བརྗོད་སྲོལ་དེ་ནི་ཡ་ཡིག་རླུང་གི་རྩ་བ་ཡིན་པས་རྩའི་ནང་དུ་རླུང་གི་རྒྱུ་ལམ་བསང་ཆེད་ཡིན་པར་གསུངས། དེ་ནས་རྟགས་གསལ་འགོ་འཛུགས། ལན་ཞིག་ཐོག་མར་བཏབ་པ་ན་སྒྲུབ་བྱེད་འཁོར་གསུམ་ཞེས་འཁོར་གསུམ་ནང་སྐོར་ནས། འཁོར་གསུམ་ནི། སྔ་རྒོལ་དང་ཕྱི་རྒོལ་དང་རྟགས་གསལ་གསུམ་སྟེ། དེ་གསུམ་རང་བཞིན་གྱིས་མ་གྲུབ་ཀྱང་ཐ་སྙད་སྒྱུ་མ་ལྟ་བུའི་ངང་ནས་རྩོད་པའོ། །དབུ་མ་འཇུག་པ་ལས། སྦྱིན་པ་སྦྱིན་བྱ་ལེན་པོ་གཏོང་བོས་སྟོང་། །ཞེས་གསུངས་པ་ལྟར་རོ། །

གཟན་སྐེད་པར་དཀྲི་དགོས། དཀྲི་ཚུལ་ཡང་གཟན་དཀྲིས་ཕྱི་ནང་མཐའ་སྣེ་གཉིས་གཡས་གཡོན་གྱི་ཟུར་དུ་འབུར་མགོ་དོད་པ་ཞིག་དཀྲི་དགོས། དེ་ལྟ་བུ་འབུར་མགོ་གཉིས་དང་། པུས་མོ་གཡས་གཡོན་གཉིས་གདོང་བ་བཅས་ལྔ་ནི་གདོང་ལྔའི་མཚོན་བྱེད་དང་། དེ་ཡང་འཁོར་གྱི་དབུས་སུ་ཆོས་ཀྱི་གཏམ་སྒྲོག་པ་ལ་འཁོར་གྱི་ནང་དུ་སེང་གེའི་སྒྲ་སྒྲོགས་པའི་དཔེ་བཞིན་མི་འཇིགས་པའི་སྤོབས་པ་ཐོབ་པའི་བག་ཆགས་ཁྱད་པར་ཅན་འཇོག་བྱེད་ཀྱི་རྒྱུར་འགྲོ་བའི་རྟེན་འབྲེལ་ཡོད། ཕྱི་རྒོལ་རྐང་བ་གཡས་པ་སར་བཙུགས་པ་ནི་ངན་སོང་གི་སྐྱེ་སྒོ་འགོག་པ་དང་། རྐང་བ་གཡོན་གྱེན་དུ་འདེགས་པ་ནི་སྔ་རྒོལ་སོགས་སེམས་ཅན་ཐམས་ཅད་ཐར་ལམ་དུ་འདྲེན་པའི་མོས་པ་དང་། ལག་པའི་ཕྱག་རྒྱ་ཕྱོགས་སུ་གཡོ་བ་ནི་བཤད་སྒྲུབ་ཕྱོགས་མཐར་རྒྱས་ཤིང་མཁོ་དགུ་དབང་དུ་འདུ་ཆེད་དོ། །

ཡན་ལག་གཡོ་འགུལ་ལུས་ཐད་ཀར་དྲང་བོར་སྲོང་རྒྱུ་ཤིན་ཏུ་གལ་ཆེ་བ་ནི། རྩ་དབུ་མར་རླུང་གི་རྒྱུ་བ་འགག་ན་རླུང་ལ་བརྟེན་པའི་རིག་པའང་མི་གསལ་བར་མི་འགྱུར་བའི་ཆེད་དམ་གནད་ཡོད་པར་གསུངས་སོ། ། མདོར་ན་རྩོད་པའི་ཚེ་ཐོག་མར་རང་ཉིད་རྗེ་བཙུན་འཇམ་དཔལ་དབྱངས་སུ་གསལ་བཏབ་པ་དང་འདི་ཉིད་ཀྱི་སྙིང་བོ་བརྗོད། ཡན་ལག་གི་ཕྱག་རྒྱ་བཅས་པ་ནི། ཏིང་ངེ་འཛིན་དང་སྔགས་དང་ཕྱག་རྒྱ་གསུམ་ག་ཚང་བ་ཐབས་མཁས་བླ་ན་མེད་པ་མདོ་སྔགས་གཉིས་ཀའི་ཉམས་ལེན་གྱི་གནད་ཀུན་གྱི་དོན་བསྡུས་ལྟ་བུ་ཡིན་པ་མཁས་དབང་གོང་མ་ཚོས་གསུངས་པ་ལྟར་བཤུས་པའོ། ། ཡང་དེ་ལྟར་རིགས་པས་རྣམ་པར་དཔྱོད་པའི་སྐབས་སུ་ཁས་བླངས་ནང་འགལ་མཐོང་ཚེ་འཁོར་གསུམ་དང་། ཕྱི་རྒོལ་གྱིས་སྔ་ཕྱིའི་ཁས་བླངས་མི་མཐུན་པར་རང་ཚིག་སྔ་ཕྱི་འགལ་འདུ་བ་སྨྲ་བའི་ཚེ། ཚར། ཞེས་དཔྱོད་པའི་བབས་དང་བསྟུན་པའི་བརྗོད་ཚུལ་གྱི་ཚ་རྒྱག་ལ། འོན་ཀྱང་སྒྲ་ཟུར་ཉམས་ནས་ཚ་ཞེས་བརྗོད། དེ་ཡང་ཕྱག་བཞེས་ཞིག་ལ་ལག་པ་གཉིས་ཀྱི་ཐལ་མོ་རྒྱབ་སྤྲོད་དུ་རྡེབ་པ་དང་། ཕྱག་སྲོལ་འགའ་ཞིག་ལ་ལག་པ་གཡས་པའི་རྒྱབ་གཡོན་པའི་མཐིལ་དུ་བརྡབ་པས་བྱེད་པ་ཡོད་དོ། །

དེ་ནས་གཟན་སྐེད་པར་དཀྲི་ཚུལ་ནི། སྒོ་མང་གྲྭ་ཚང་གི་ཕྱག་སྲོལ་ལ་གཟན་རིང་གྱོན་ཡོད་ཚེ་འཁོར་གསུམ་སྐོར་བ་དང་ལྷན་དུ་ལག་གཡོན་པའི་གྲུ་ཁུག་ནས་གཟན་སྣེ་བཏང་སྟེ་ལག་གཡོན་པས་གཡོན་པའི་ཕྲག་མགོའི་གཟན་གྱི་ཁུག་པ་ཇི་ལྟར་འཚམས་པ་ཞིག་ནས་བཟུང་སྟེ་ཡར་བཀྱག ལག་གཡས་པས་གཡོན་པའི་ཕྲག་མགོའི་གཟན་སྣེ་མར་ཕབ་སྟེ་གཡས་ཕྱོགས་སུ་ཇི་ལྟར་རན་པ་ཞིག་འཐེན་ནས་གཟན་སྣེ་གཡོན་གྱི་གྲུ་འོག་ནས་འཕངས་ཏེ་རྒྱབ་ཕྱོགས་ནས་གཡས་ཕྱོགས་སུ་བླངས་ནས་གཡས་ཀྱི་གློ་ཟུར་དུ་ཁུག་འགོ་བྱས་ནས་བཟུང་སྟེ་གཡོན་གྱི་ཕྲག་གོང་གི་གཟན་མར་ཕབ་སྟེ་དཀྲིས་པ་ན་གཡས་གཡོན་གློ་ཟུར་དུ་གཟན་སྣེ་གཉིས་དང་གཡོན་ཕྱོགས་ཀྱི་གཟན་གྱི་ཁུག་འགོ་བཅས་དཔྱངས་ནས་ཡོད་པ་གཉིས་ཀྱིས་རྗེ་བཙུན་གྱི་དར་དཔྱངས་གཉིས་མཚོན་པར་གསུངས་སོ། །གྲྭ་ཚང་གཞན་གྱི་ཕྱག་སྲོལ་ལ་གཟན་ཐད་ཀར་མར་ཕབ་ནས་མདུན་ནས་མདུད་པ་རྒྱག་པ་དང་། གཡོན་ཕྱོགས་ནས་གཡས་ཕྱོགས་སུ་དཀྲི་བ་སོགས་བྱེད་པ་ཡོད་དོ། །འདི་དག་གཞན་གཞུང་དུ་བཤད་པ་དང་ཕྱག་སྲོལ་མཐོང་བ་བརྒྱུད་པའི་ལག་ལེན་ལྟར་བཤད་པའོ། །རྒྱས་པར་དགེ་ལྡན་པའི་མཁས་དབང་དག་གིས་བཤད་ཡོད་པ་དག་ལས་ཤེས་པར་བྱའོ། །

ཇི་ལྟར་རྩོད་ཚུལ་ནི། སྐྱེས་སྟོབས་ཀྱི་རྣོ་གསལ་གྱི་ཤེས་རབ། སྒྲ་ཚད་ལ་བློ་སྦྱངས་པ། རང་གཞན་གྱི་གྲུབ་མཐའ་ལ་ལེགས་པར་སྦྱངས་བ། གཞུང་ལུགས་ཀྱི་གནད་གོ་བ་ནི་རྩོད་པ་ལ་མཁས་པའི་རྒྱུ་ཡིན་ལ། རྒྱུད་ན་བྱམས་བརྩེ་དང་ལྡན་པ། བཞིན་གྱི་དཀྱིལ་འཁོར་འཛུམ་པ། དོན་དང་ལྡན་ཞིང་གསལ་ལ་འཇམ་པའི་ངག་དང་ལྡན་པ། སྒྱིད་ལུག་པ་དང་ང་རྒྱལ་མེད་པ་ནི། རྩོད་པ་མཛེས་པའི་རྒྱན་ཡིན་ནོ། །རྩོད་པའི་བསམ་པ་ནི། ཕ་རོལ་བོ་དམའ་བར་འདོད་པའི་ཞེ་སྡང་། རང་ཉིད་མཐོ་བར་འདོད་པའི་འདོད་རྔམས། གཞུང་ལུགས་དང་མ་འབྲེལ་བའི་གོ་བ་ཕྱིན་ཅི་ལོགལུང་རིགས་འདོར་བར་འདོད་པའི་གཡོ་སྒྱུ་རྣམས་ནི་རྩོད་པའི་བསམ་པ་ཐ་ཤལ་ཡིན་ལ། རང་གིས་ཤེས་པར་འདོད་པའི་གུས་འདུན། གཞན་གྱི་ལོག་རྟོག་བསལ་བར་འདོད་པའི་སྙིང་རྗེ། ཕ་རོལ་པོ་ལ་ཟབ་མོའི་ཆོས་བསྟན་པར་འདོད་པའི་བྱམས་པ། སངས་རྒྱས་ཀྱི་བསྟན་པ་ཡུན་རིང་དུ་གནས་པར་འདོད་པ་ནི། རྩོད་པའི་བསམ་པ་ཕུལ་དུ་བྱུང་བ་ཡིན་ནོ། །རྣམ་དག་རྩོད་པའི་དཔེ་ནི། རང་དང་གཞན་གྱི་གཏི་མུག་གཅོད་པ་འཁོར་ལོ་ལྟ་བུ་དང༌། སུན་འབྱིན་པའི་རླུང་གིས་མི་གཡོ་བ་ལྷུན་པོ་ལྟ་བུ་དང་། ཚིག་དང་དོན་ལ་མ་རྨོངས་པ་ཐུབ་པའི་དབང་པོའི་སྲས་ལྟ་བུའོ། །རྩོད་པའི་འབྲས་བུ་ཡང་དག་ནི། རྟོགས་པ་འཕེལ་བས་རང་རྒྱུད་ཚིམ་པ་དང༌། སྙན་པའི་གྲགས་པ་ཕྱོགས་ཀུན་ཏུ་ཁྱབ་པ་དང༌། བསྟན་པ་བསྲུངས་པའི་ཆོས་ཀྱི་རྒྱལ་པོ་ཐོབ་པར་འགྱུར་བའོ། །མདོར་ན་ཆོས་གང་སྒྲུབ་པའི་སྐབས་སྐྱབས་འགྲོ་དང་ངེས་འབྱུང་གི་བསམ་པ། བྱང་ཆུབ་སེམས་བསྐྱེད་ཀྱི་རྩིས་ཟིན་པ་གལ་ཆེ་བ་ལྟར་རྩོད་པའི་སྐབས་སུ་དེ་བཞིན་གལ་ཆེ། དེ་ཡང་དཔེར་ན་ཐེག་ཆེན་སེམས་བསྐྱེད་ཀྱི་རྩིས་ཟིན་ན་རི་བོང་རྭ་ཡོད་མེད་དམ་ཁ་དོག་དཀར་དམར་རྩོད་ན་ཡང་ཐེག་ཆེན་གྱི་ཆོས་སུ་འགྱུར་ལ། དེའི་རྩིས་མ་ཟིན་ན་ཕྱག་རྫོགས་དབུ་གསུམ་སོགས་ཟབ་རྒྱས་ཀྱི་ཆོས་སྒྲུབ་ན་ཡང་ཐེག་ཆེན་གྱི་ཆོས་སུ་མི་འགྱུར་བ་དེ་ལྟ་བས་ན་ཀུན་སློང་རྣམ་དག་གལ་ཆེ་ལ། ཀུན་སློང་རྣམ་དག་ཡོང་གི་ཡོད་མེད་དྲན་ཤེས་བཞིན་གྱིས་རང་སེམས་ལ་རྒྱུན་དུ་བརྟག་དགོས་སོ། །སྐབས་གང་ཡིན་ཡང་།

ཇི་སྐད་དུ། བསམ་པ་དགེ་དང་མི་དགེའི་བྱེ་བྲག་ལས། །དགེ་སྡིག་ཆེ་ཆུང་གཟུགས་བརྙན་རྗེས་མི་འབྲང་། །ཞེས་གསུངས་པ་དྲན་དགོས་སོ། །དེས་ན་རྩོད་པའི་སྐྱོན་རྣམས་སྤངས་ནས་རྣམ་པར་དག་པའི་རྩོད་པ་ལ་བདག་ལེགས་སུ་འདོད་པ་རྣམས་ཀྱི་འབད་པར་བྱའོ། །ཁ་ཅིག་གི་ཆོས་ར་ནས་རྩོད་པ་བྱེད་ཚེ་ཞེ་སྡང་ཤུགས་དྲགས་ཡོད་སྙམ་པ་ནི་ཕྱིན་ཅི་ལོག་ཡིན་ཏེ། ཇི་སྐད་དུ། དམ་ཆོས་འཁྲུལ་དང་མ་འཁྲུལ་བ། །སྐྱེ་བ་གཏན་གྱི་གྲོགས་ཡིན་པས། །ཞེས་པ་ལྟར་རང་གི་ཉམས་མྱོང་ལ་གཞིག་ན་རྒྱུན་དུ་ཆོས་ར་ནས་རྩོད་པ་བྱེད་རོགས་རྣམས་མཛའ་བརྩེ་གཏིང་ཇེ་ཟབ་དུ་གྱུར་བ་མངོན་སུམ་དུ་གྲུབ་པ་མ་ཟད། རང་གི་སེམས་ལ་འཛིན་གྲྭ་གཅིག་པ་དང་འཛིན་གྲྭ་གོང་འོག་གི་རྩོད་གྲོགས་རྣམས་བཀའ་དྲིན་ཆེན་པོ་ཡིན་སྙམ་དུ་ཡང་ཡང་དྲན་པ་བྱུང་བ་ལགས། ཁ་ཅིག་སྐད་གཟེངས་མཐོ་བ། ངག་སྒོ་ཅུང་ཟད་ཡངས་པ། མཁས་རློམ་ཆེ་བ་མང་པོས་ཚ་སྟོང་འཁོར་སྟོང་རེ་རྒྱབ་ནས་ཡིད་ཀྱི་གཏད་སོ་དང་། གཞུང་གི་དཀའ་གནད་དང་། གོ་བ་དང་དོགས་གནས་གང་ཡང་མེད་པར་ས་ལྡང་གནམ་ལྡང་བྱེད་པ་ལ་ཚ་ཙམ་རེ་རྒྱབ་ཐུབ་པ་ཡོད་ཀྱང་དོན་འབྲས་གང་ཡང་མེད་པར་མ་ཟད། མཁས་པ་རྣམས་ལ་རྩོད་པའི་གོ་བཀག་ནས་གནོད་པའི་ལས་སུ་འགྱུར་རོ། །རྩོད་པ་དང་གཞུང་མི་ཤེས་པ་དག་གིས་དེ་འདྲ་ལ་ངོ་མཚར་དུ་བཟུང་ཡང་དོན་འབྲས་མེད་པ་ཤེས་དགོས། དེང་སྐབས་དེ་འདྲ་ཧ་ཅང་མང་དུ་མཆིས་སོ། །རྩོད་པ་བྱེད་ཕྱོགས་ཀྱི་སྟེང་ནས་ཞུ་རྒྱུ་མང་ཡང་རེ་ཞིག་དེ་ཙམ་མོ། །

དགེ་འདི་ཐུབ་བསྟན་གསེར་གྱི་རི་བོ་ལ། །
ཀུན་རྨོངས་དྲི་མ་སེལ་བའི་རྒྱུར་གྱུར་ནས། །
རྒྱལ་བསྟན་ཀུན་གསལ་ལྷ་ལམ་ཡངས་པོའི་མཁར། །
བསྟན་འཛིན་མཁས་པ་རྒྱུ་སྐར་ལྟར་འཕེལ་ཤོག།

ཅེས་རྩོད་རྒྱན་ལམ་བཟང་གསལ་བྱེད་འདི་ནི་དངོས་གྲུབ་དཔལ་གྱིས་རབ་རྒྱན་ཆུ་སྟག་ལོའི་ནག་ཟླའི་མར་ངོ་དགའ་བ་དང་པོའི་མེ་གཉིས་ནང་འཕྲད་འཕེལ་འགྱུར་སྦྱོར་གྱི་ཕྱི་དྲོའི་ཐུན་གཅིག་ལ་བསྒྲིགས་པའོ། །དགེའོ། །སརྦ་མངྒ་ལཾ།

ནང་དོན་ཡོངས་ཁུངས། གཞུང་ལུགས་དཔྱད་རྩོམ་འཕྲིན་སྟེགས།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།