Tibetan Web Featured

༄༅། །རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་བདག་ཉིད་ཀྱི་རྣམ་ཐར་ངེས་པར་བརྗོད་པའི་དེབ་གཏེར་ཤིན་ཏུ་ཞིབ་མོ{སྒྲོ་སྐུར་ཀུན་སྤངས། གནས་ཚུལ་ཀུན་གསལ།}མ་བཅོས་ལྷུག་པའི་རྟོགས་བརྗོད་ཅེས་བྱ་བ་བཞུགས་སོ། །

སུམ་ཅུ་པ།

མཛད་པ་པོ། རྗེ་བཙུན་ཏཱ་ར་ནཱ་ཐ།

ཟླ་བ་བརྒྱད་པའི་ཚེས་བཅུ་སྐོར་ལ། ལྷ་རྒྱལ་གླིང་དུ་སླེབ(སླེབས)ཙམ་དང༌། སྡེ་པ་ལྷ་འོད་པས་ཤོག་གསུང་བ་ལྟར་གཡུལ་རྒྱལ་རྫོང་དུ་ཕྱིན། ཚེ་དབང་དང༌། རྣམ་སྲས་མདུང་དམར་ཅན་གྱི་རྗེས་གནང་སོགས་དགོངས་བཞེད་ལྟར་ཕུལ།

ལྷ་མདོངས་ཀྱི་ཀླུ་སྡིངས་དེར། སྡེ་པ་ཀུན་བཟང་པ་སྐུ་མཆེད་སོགས། ལྷ་མདོངས་པའི་ཞལ་ངོ་རྣམས་དང་ཕྲད་ཅིང༌། འོ་བརྒྱལ་བར་འདུག་བསམ་སྟེ། བརྡབ་ལན་གང་བཟབ(གཟབ)རང་ཕུལ།

ཡོལ་རིན་ཆེན་གླིང་དུ་ཕྱིན། མཁན་ཆེན་བློ་གྲོས་རྒྱལ་མཚན་པས་གཞི་ལེན་ཚོགས་འཁོར་སོགས་བཟབ(གཟབ)རྒྱས་རང་བྱུང་ཞིང༌། ཤངས་ཆོས་ཀྱི་རིགས་བྱིན་རླབས་མགོན་བཀའ་སྔར་ཁོང་གིས་མ་གསན་པ་མང་དག་ཅིག་བགྱིས། དེར་ཞག་གསུམ་བསྡད་པའི་ཉིན་གཅིག་རི་གོང་མཇལ་བ་ལ་ཉིན་འཁོར་བྱས། རི་གོང་དུ་མཆོད་པ། སྙན་དར། ཚོགས་འཁོར་སོགས་སྔར་གྱི་རྒྱུན་བཞིན་མཐའ་རྒྱས་སུ་བསྒྲུབས། སྡེ་པ་དཔལ་རྒྱས་དྲུང་ཡང་འཕྲད་དུ་བྱུང༌།

ཆུ་ཤུལ་རྩེར་གྲོ་མོ་ཆེ་པས་ཡོང་དགོས་ཚུལ་ནན་བཅགས་དཔེ་མེད་ཡིན་ཚུལ་བྱེད་ཀྱིན་འདུག་ནའང༌། ཁོ་བས(པས)གྲུབ་མཐའི་ཕྱོགས་འཛིན་ཡིན་གྱུའི་ཁུངས་ཀྱིས་སྔ་སོར་ནས་རིན་པོ་གཅིག་ཀྱང་མ་བྱུང༌། རྫོང་ལ་ནི་མ་ཕྱིན། གཞོམ་དུ་གཞི་ལེན་ཅིག(ཞིག)ནི་བྱུང༌།

མཚར་པ་སྣང་བདག་མོ་རྗེ་བཙུན་དྲུང་གིས་ཤོག་གསུང(གསུངས)ཕྱིན། དཔོན་གཡོག་ཁ་ཅིག་གི་སྟེང་དུ། ཤེལ་གྲོང་དགེ་སློང་སོགས་རི་བདེ་བ་ཁ་ཅིག་བསྣན་པའི་འགའ་ཤས་ལ། གཤེད་དམར་ལྷ་ལྔའི་དབང་དང༌། དགོན་པ་བ་རྣམས་ལ་ཆོས་འབྲེལ་ཅིག(ཞིག)དང༌། ལྷ་ཁང་གི་ལོགས་བྲིས་པ་རབ་གནས་རྣམས་བྱས། གཞི་ལེན་སོགས་བཟབ(གཟབ)རྒྱས་རང་མཛད་ནའང༌། རྟེན་འབྲེལ་གྱི་སྒོ་རྣམས་ཐ་མར་རང་ཞིག་བྱུང༌། རི་བདེ་སྔར་འཛུགས་དུས་ཤངས་པ་བཀའ་རྒྱུད(བརྒྱུད)ཀྱི་ལུགས་འཛུགས་པའི་ཁུངས་མཛད་ཀྱང༌། བར་སྐབས་དེར་ཐུགས་འགྱུར་གྲུབ་ནས་ལོ་གཅིག་ཙམ་སོང་བའི་སྐབས་དེ་ཡིན།

དེ་ནས་རིམ་གྱིས་ཤུན་དུ་སླེབ(སླེབས)། ཞབས་དྲུང་རིན་པོ་ཆེ་དང་མཇལ། ཞག་ཤས་ཅིག(ཤིག)བསྡད། ཆོས་རྗེ་ཡེ་ཤེས་རྒྱ་མཚོ་བ་ཡང་སྐབས་འདིར་ངེད་ཀྱི་ཟླ་ལ་ཕེབས་བྱུང༌། ལྷ་སར་འཛུགས་རྒྱུའི་དར་པོ་ཆེ་རྣམས་བརྩེམས(བཙེམས)། རྐྱེན་སེལ་གྱི་དབང་རྗེས་གནང་འདྲ་ཕུལ།

དེ་ནས་ལྷ་སར་ཕྱིན། འདི་སྐབས་ཞག་བདུན་བསྡད། དར་པོ་ཆེ་བཙུགས་པའི་སྐབས། ནམ་མཁའ་དྭངས་ཤིང་མེ་ཏོག་གི་ཆར་བབས། གཞན་དར་པོ་ཆེ་འཛུགས་པ་ལ་མི་མང་ལག་མང་དགོས་པའི་དཀའ་ལས་ཆེ་ཙམ་འདུག་ཀྱང༌། དཀའ་བ་ཡེ་མ་དགོས་པར་ཉི་མ་སྔ་ཐོག་གཅིག་ལ་ཀ་ཕལ་ཆེར་ཚུགས། དར་པོ་ཆེ་ཐོག་མ་དེ་སློང་བཞིན་པའི་ངང་ལ། མི་མང་པོའི་ཅོ་དིར་གྱི་དབུས་དར་ཤིང་ཡང་འཕྲེད་གསེགས་ལ་འགུལ་བཞིན་པ་ཡིན་ཡང༌། དར་ཤིང་གི་རྩེ་མོར་བྱ་རོག་སྣུམ་ཞིང་བཀྲག་དང་ལྡན་པ་ཅིག(ཞིག)ཆགས། དར་དེ་རྩ་བ་ནས་ལྷོངས་ལྷོངས་ཀྱི་བར་དུ་ཆགས་ཆགས་པ་དེ་ལ་བསྡད། དེ་ནས་སྐད་སྙན་པོ་ཞིག་འདོན་གྱིན་ལྡིང་འཁོར་བྱེད་པ་སོགས་ཡ་མཚན་པའི་ལྟས་དང༌། ཡང་ལྷོ་ཕྱོགས་ཀྱི་དར་པོ་ཆེ་གཞན་གཅིག་ལའང་དེ་མཚུངས་བྱུང༌།

ལྷ་ས་གོ་གཉིས་ཐམས་ཅད་དུ་ཕྱག་མཆོད་སྨོན་ལམ་མར་མེ་སོགས་ཀྱང་དཀྱུས་མཐུན་འབུལ་རྒྱུ་བྱུང་ཞིང༌། ཉིན་རེ་བཞིན་ལྷ་ཁང་རྣམས་ལན་གཉིས་གསུམ་མཇལ་བ་སོགས་བྱས། སེམས་ཅན་ཐམས་ཅད་ལ་ཕན་པའི་སྨོན་ལམ་མང་པོ་བཏབ། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོའི་སྐུ་བརྙན་གསུང་འབྱོན་མ། སྐུའི་གཡས་གཡོན་དུ་སྤྱན་རས་གཟིགས་དང་ཚེ་དཔག་མེད་ཀྱི་སྐུ་བརྙན་ཏེ་བྱིན་རླབས་ཅན་གྱི་རྟེན་གསུམ་པོ་དེ་ལ། སྒོས་མཆོད་འབུལ་བ་སོགས་ཀྱི་གནད་འདུག་པས་སྒོ་འབྱེད་གཅོད་ཅན་གྱི་གཞུགས{བཞུགས}ཁང་བྱས་ཤིང༌། མཆོད་རྫས་ཆ་ཚང་བ་བཤམས། སྨོན་ལམ་རྒྱལ་བ་རྒྱ་མཚོ་མ་འདི་ཡང་དེ་དུས་བརྩམས་པ་ཡིན།

ནུབ་ཅིག་ཇོ་བོའི་དྲུང་དུ་ཡུན་རིང་སྨོན་ལམ་འདེབས་ཤིང་བསྡད། ར་མོ་ཆེར་སྔོན་ཆད་དར་པོ་ཆེ་འཛུགས་མཁན་ཆེར་མི་འདུག་པ་ལ། དར་པོ་ཆེ་འཛུགས་པའི་སྲོལ་བཏོད། ཇོ་ཤཱཀ་རྣམ་པ་གཉིས་དང་། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོའི་སྐུ་བརྙན་ལ་མཆོད་པ་ཕུལ་ནས་སྨོན་ལམ་བཏབ་པའི་སྐབས། ཉམས་སྣང་གི་ཚུལ་དུ་ངོ་མཚར་གྱི་གཏམ་ཅུང་ཟད་ཡོད་དེ་གླེང་མི་དགོས་པར་གདའ།

སྔ་སོར་འབྲང་ན་ཡོད་པའི་དུས་ནས་འདིའི་བར་དུ། ཨོ་རྒྱན་གཞི(གཞིས)ཀ་ནས་བདག་མོའི་དྲུང་གི་རྩེ་ཞབས་དྲུང་གདུང་བརྒྱུད(རྒྱུད)དེའི་དགོངས་རྫོགས་ལ་ཡོང་དགོས་ཚུལ་གྱི་བསྐྱར་ཆགས་ཡང་ཡང་བྱུང་ཞིང༌། ཞབས་དྲུང་གདུང་བརྒྱུད(རྒྱུད)དེ་ཉིད་ལ། སྐྲ་བཅད་ཙམ་མ་གཏོགས་ཆོས་བཀའ་ཐམས་ཅད་ངེད་ཁོ་ནས་ཕུལ་བ་ཡིན་པས་གལ་ཆེ་ས་རང་ཡིན་ཡང༌། དེ་ཕྱོགས་འགྲོ་བའི་འདུན་པ་གཏད་རེས་ཀྱིས་རང་གཞན་གཉིས་ཀར་གྱི་ཐད་དུ་ལྟས་ལོད་ཅིང་འཚུབ་པ་ཁོ་ན་ཤར་བས་འགྲོ་ཐེས་ནི་མ་བྱུང༌། ཞབས་དྲུང་བདག་མོའང་ཐུགས་ལོག་ཅིང༌། ཤུན་ཞབས་དྲུང་སོགས་རང་རེ་ལ་ཐུགས་ཉེ་བའི་ཁུངས་རྣམས་ཀྱང་ད་རེས་འགྲོ་དགོས་རྒྱུ་རང་ཡིན་པ་ལ། ཞེས་གྱོད་རྡལ་མང་པོ་གནང་གིན་འདུག་སྟེ་ཐབས་མ་བྱུང༌།

དེ་ནས་ཤུན་དུ་འོངས་ཏེ། དཔོན་གཡོག་སྐྱ་སེར་ཕྱོགས་ཀྱི་ཆོས་ཞུ་བ་དང་བཅས་པ། ཀར་དགེ་འབྲུ་གསུམ་སོགས་གྲུབ་མཐའ་སྣ་ཚོགས་འདུས་པ་ཞིག་ལ། སྔ་དྲོ་བཞིན་སྐྱེས་བུ་གསུམ་གྱི་ལམ་རིམ་དང༌། ཉིན་གུང་ཞབས་དྲུང་དཔོན་གཡོག་ཉུང་བསྡུས་ལ། ཤངས་ཆོས་ཀྱི་སྐོར་དང༌། དབང་རྗེས་གནང་ཅི་རིགས་པའི་ཆོས་ཐུན་གཉིས་གསུམ་རེ་དོན་གཉེར་སོ་སོ་དང་བཅས་པ་ལ་བྱས་ཤིང༌། ལན་ཅིག་ཕུག་ཁང་སློབ་དཔོན་པ་བསོད་ནམས་གྲགས་པ་སྔར་འདྲིས་ཡོད་པ་ལྟར། རྒྱུད་སྡེ་ལྔའི་དབང་སོགས་འདོད་ཆོས་འགའ་ཞིག་ཞུ་བ་ལ་བྱོན་བྱུང་བ། ཐུགས་བཞེད་ཀྱི་ཆོས་རྣམས་བཤད། ཁོང་དབང་པོ་དྭངས་ཤིང༌། ཡོན་ཏན་སྤུས་གཙང་བ་ཞིག་འདུག་པ་ལ་མངོན་སྤྱོད་དྲག་ལས་ལ་བློ་གཞོལ་བ་འདི་ཕུགས་རང་ཉིད་ལ་གྱོང་ཆེན་པོར་འགྲོ་ཉེན་ཡོད་སྙམ་པ་ཡང་བྱུང༌། གཞན་མང་པོ་ལའང་སྨྲས། ཁོང་པ་རང་ལའང་ཟུར་ཙམ་གྲོས་འདེབས་བྱས་པས། འཕྲལ་བླ་མའི་སྐུ་རིམ་ཙམ་བསྒྲུབ་པ་ལ་མི་གཞན་གྱིས་ཕྲག་དོག་གི་སྒོ་ནས་བརྗོད་གླེང་བྱས་པ་མ་གཏོགས། དེ་འདྲ་ཡེ་བྱས་པ་མེད་གསུང་གིན་འདུག་ནའང༌། ཕྱིས་དེ་བཞིན་ཐོག་ཏུ་བབས་པ་ཀུན་ལ་གསལ།

དཔལ་འཁོར་ལོ་སྡོམ་པའི་རྡུལ་ཚོན་གྱི་དཀྱིལ་འཁོར་བཞེངས་ནས་དོན་གཉེར་མང་དག་ལ་དབང་བསྐུར་ཞིག་ཀྱང་བྱས། ཞབས་དྲུང་ནས་ཀྱང་གསན། ཡང་དོན་གཉེར་མང་དག་ལ་ཕྱག་རྒྱ་ཆེན་པོ་གའུ་མའི་འཁྲིད་རྒྱས་པ་ཅིག(ཞིག)ཀྱང་བཤད། ཡུང་ཐང་ནག་གུར་པའི་ཆོས་མཛད་ལ་ཡང་ངོ་སྤྲོད་བསྐྱར་མ་དགོས་ཟེར་བ་ལྟར་བྱས་ཤིང༌། ལྷ་སར་དར་པོ་ཆེ་སློང་རྒྱུའི་འཕྲོས་འགའ་རེ་ཡོད་པ་སོགས། སླར་ཡང་ལྷ་སར་ཕྱིན་ཏེ་དེ་རེས་ཞག་བཞི་བསྡད། སྔ་ཕྱི་བསྡོམས་པར་དར་པོ་ཆེ་བཅུ་བདུན་ཙམ་བསླངས།

འདི་སྐབས་སྟག་ལུང་ནས་སྡེ་པའི་ཞབས་དྲུང་ཡབ་སྲས་དང༌། བན་དཔོན་ཀུན་དགའ་རྒྱལ་བཟང་སོགས། སྟག་ལུང་ཕྱོགས་ནས་གྲྭ་རིགས་མང་པོ་དང༌། འཕན་ཡུལ་གྱི་ཕྱོགས་ནས་བུ་སློབ་ཡོན་བདག་མང་པོ་ཞིག་ངེས(ངོས)འཕྲད་པར་བྱུང༌། སོ་སོ་ལ་འདོད་ཆོས་ཀྱི་འབྲེལ་བ་རེ་ཡང་བྱས།

སྔ་ཕྱི་གཉིས་ཀར་སྡོད་ས་དགའ་ལྡན་ཁང་སར་དུ་བྱེད་དགོས་བྱུང་སྟེ། རྒྱལ་འགོང་གི་ཆོ་འཕྲུལ་ཆེ་བ་རང་ཅིག(ཞིག)གདའ། སེ་ར་བྱེས་པའི་སློབ་དཔོན་ས་སྐྱ་པའི་གདུང་བརྒྱུད(རྒྱུད)དུ་གཏོགས་པ་ཡིན་གསུང་བའི་ཞལ་སྔ་ནས་འཁོན་བཙུན་ཡང༌། ངེད་ལ་འཕྲད་པར་ཕེབས་ཤིང་། དགོངས་བཞེད་ཀྱི་ཆོས་མང་དག་འདུག་པ་ཡང་བྱས། འདི་སྐབས་སྡེ་པ་དགའ་ལྡན་པས་ནི་ཡིག་འབྲེལ་ཙམ་ཡང་མ་བྱུང༌། སྔ་སོར་སྡེ་པ་ཡིད་བཞིན་གཙང་ན་བུ་གཏེ་ལ་ཡོད་པའི་སྐབས། ངེད་ལ་ལྟོས་པ་ཡོད་པ་མིན་ཡང༌། སྡེ་དཔོན་དྲག་ཁ་ཞིག་འདི་ལྟར་བཞུགས་དགོས་པ་འཕངས(ཕངས)བསམས་ཏེ། ཟས་ནོར་གཉིས་ཀ་ནས་འབྲེལ་བ་གང་དྲག་ཞུས་པ་ཡིན་རུང༌། འདི་སྐབས་ནི་ཁོངས(ཁོང)པས་ཀྱང་ཅང་མེད།

ཚུར་ལམ་ཡང་ཤུན་དུ་ཞག་ཤས་ཅིག(ཤིག)བསྡད་ནས། ཕྱིར་ཡོངས(ཡོང)དུས་ཞབས་དྲུང་ཉིད་སྐྱེལ་མར་ཡང་ཕེབས། སྙེ་ཐང་གསེར་ཁང་དུ་ཞག་སྔ་ཕྱི་གཉིས། མཁར་རྔར་ཞག་གཅིག་རྣམས་བསྡད།

ཆོས་རྫོང་གི་གནས་སྔར་མ་མཇལ་བས་མཇལ་དུ་ཕྱིན། མང་ཇ་འགྱེད་བཅས་གཅིག་བཏང༌། གསེར་ཁང་ནས་ནང་སོ་གཞོན་པ་རྡོ་རྗེ་པད་མའི་དྲུང་གིས། སྙིང་ཐག་པའི་དད་པས་ཀུན་ནས་བླངས(བསླངས)ཏེ། བདེ་མཆོག་ཆོས་གླིང་གི་སྒྲུབ་སྡེ་འདིར་གསར་འཛུགས་དང༌། ཁོར་རང་གི་སྐུ་སྐལ་དང་གསར་འཕར་སྟེང་ནས་ཕོགས་སོགས་མཆོད་ཐེས་ཐམས་ཅད་སྦྱོར་བའི་བཀའ་གྲོས་རྣམས་བྱུང་ཞིང༌། དེ་འཕྲལ་ཕྱག་ཐོག་ཏུ་འཁྱོན་པ་འདི་ཡིན། བླ་མ་དམ་པ་ཡེ་ཤེས་དབང་པོ་ལ་འཕྲང་ཕུབས་བཤོར་ཁ་འབུལ་གྱིན་ཡོད་འདུག །དེ་སྐབས་འཕྲང་ཕུ་བ་སྟོངས{འཕྲང་བུ་བསྟོངས}པས་སྙེམས་མདའ་ནས་སྔར་འཁྱུད་ཨེ་ཡོང་བདེ་སྐྱིད་པར་ནན་བཅགས་ལབས(ལབ)ཀྱང་ཡེ་མ་བྱུང༌།

དེ་ནས་སྐྱིད་རུ་བ་སྡེ་པ་ཀུན་རྒྱལ་གྱིས་འབོད་མི་ནན་བཅགས་སྟབས། འཕྲང་གོང་དུ་ཞག་གཉིས་བསྡད། ཁྲོམ་དབང་ཞིག་ཀྱང་བྱས། ནུབ་གཉིས་ཀར་ལ་ཤིན་ཏུ་འཚུབ་ཆ་ཆེ་བ་དང༌། ཁྱད་པར་འབྲས་སྤུང་གི(སྤུངས་ཀྱི)ཆོས་སྐྱོང་མངོན་སུམ་དུ་འོངས་ནས། ཁང་པ་བསྒྱེལ་བའི་ཚུལ་བྱེད་ཀྱིན་འདུག །དེ་རྗེས་ཀམ་པ་ལའི་ལ་རྩེ་ཐུབ། སྐྱེལ་མ་ལ་ཆོས་མཛད་གསལ་ཡང་མིག་གཅིག་པ་བྱུང་བ། ཕྱི་ལོན་གྱི་ཚུལ་དུ་ཡོང་ལུགས་འདི་བཞིན་འདུག་པས། རིམ་གྲོ་བཟློག་པ་རྒྱ་ཆེ་བར་རང་དགོས་ཚུལ་བྱས་ཤིང༌། དེ་མཐུན་རིམ་གྲོ་ཐན་ཐུན་འདྲ་བཏང་བའི་རིགས་ཡིན་པ་འདུག་ནའང༌། དབྱིངས་ཆེན་མ་བྱུང་བས་མི་རིང་བར་སྐྱིད་རུ་བ་རང་ལ་དེ་བཞིན་ཤར་སོང༌།

དེ་ནུབ་སྲིན་པོ་རིར་བསྡད། སྔར་འཁྱུད་ལྟར་ལྷ་ཁང་དེར་ཉལ། འཇུན་པ་དཔོན་གཡོག་རྣམས་བྱོན་ནས། ཆོས་སྐྱོང་སེང་གེ་ནག་པོའི་བསྐངས་གསོ(བསྐང་གསོལ)དང༌། རྔ་བརྡུང་གི་འར་འུར་མང་པོ་བྱེད་ཀྱིན་འདུག །ནམ་ཐོ་རངས་ཙ་ན་ཧཱི་ཧི་ཟེར་བའི་སྒྲ་ཆེན་པོ་གཅིག་དང་པོ་ཐོག་མ་ཕ་ཚད་ན་ཡོད་སྙམ་པ་ལ། རྟིང་ལ་རི་ཀླུང་མེད་ཁྱབ་ཅིང༌། ནམ་མཁའ་མཐའ་མེད་ཀྱི་བར་དུ་ཡང་ཁྱབ་པ་འདྲ་བ་ཅིག(ཞིག)ཡུན་རིང་རབ་བྱུང༌།

དེ་ནས་གོང་དཀར་དུ་འབྱོར། གོང་མ་ཁུ་དབོན་དང་མཇལ། སྔར་གྱི་རྒྱུན་ལྟར་ལས་ཐོག་མར་རྐྱེན་སེལ་རྣམས་ཕུལ་རྗེས། སྤྱིར་དབང་ཆོས་རྣམས་གྲངས་མང་རབ་བྱས། ཁྱད་པར་དུ་དཔལ་འཁོར་ལོ་སྡོམ་པ་སློབ་དཔོན་སྤྱོད་པའི་རྡོ་རྗེའི་ལུགས་ཀྱི་དབང་ཁྲིད་ལུང་བཤད་པ་རྣམས་མཐའ་རྒྱས་དང་། བདེ་མཆོག་རྩ་རྒྱུད་དང༌། ལྭ་བ་པ་དང༌། ལང་ཀ་རྒྱལ་བཟང་གི་འགྲེལ་པའི་ལུང་སོགས་ཕུལ། གཞན་ཟུར་ཆོས་ཞུ་མཁན་རྣམ་གྲངས་མང་བ་ལ། གང་ལ་གང་འཚམས་ཀྱི་རྗེས་གནང་འཁྲིད་དམིགས་ཐན་ཐུན་མང་དུ་བྱས། བཞི་སྡེ་དབུ་མཛད་སོགས་མང་རབ་ཅིག་ལ་ངེས་དོན་རྒྱ་མཚོའི་ལུང་དང༌། ཨོ་རྒྱན་བསྙེན་སྒྲུབ་ཀྱི་འཁྲིད་སོགས་བཤད།

ཆོས་སྡེར་ཁོར་ཙམ་ཕྱིན་ཞིང(ཅིང)། སྔར་ཁྱུད་ཀྱི་མཆོད་པ་སྙན་དར་སོགས་ཀྱང་ཕུལ། བླ་མ་དམ་པ་ཡེ་ཤེས་དབང་པོའི་དྲུང་དུ་དབང་ཆོས་འགའ་ཡང་ཞུས།

དེ་ནས་རྩེར་སྒྲོལ་མ་ཉེར་གཅིག་གི་ཞལ་ཐང་གསར་བཞེངས་རྣམས་འགྲེམས(འགྲེམ)པར་མཛད་ནས། རྣམ་དག་གཙུག་ནོར་ལུགས་ཀྱི་རྗེས་གནང་རྣམས་ཕུལ། སྡེ་པ་སྒེར་པ་རྣམས་ཀྱི་ཐུགས་འདོད་ཀྱི་གཙོ་བོ་བསྟན་འཛིན་རིན་པོ་ཆེའི་སྐུའི་སྐྱེ་བར་གྲགས་པ་ངམ་རིང་ནས་ཡོད་པ་འདི། སྐུ་སྐྱེ་ཡིན་ནམ་མིན། འགྲོ་དོན་ཡོང་ངམ་མི་ཡོང་བརྟག་པ་དགོས་ཞེས་སྔ་སོར་འབྲང་ཕུར་རྗེ་དྲུང་རྟོགས་ལྡན་པ་གསུང་གིན་འདུག་པས། དེ་སྐབས་ལྷ་སར་བརྟག་པ་བྱེད་པར་ཁས་བླངས། སྐབས་འདིར་ཚོགས་འཁོར་བཟབ(གཟབ)པ་ཅིག(ཞིག)དང་བཅས། རྗེས(རྗེ)དྲུང་སྐུ་བགྲེས་པས་འདྲི་བར་བྱོན་བྱུང་བ་ལ། བརྟག་པ་ཇི་ལྟར་ཤར་བ་བཞིན། རྗེ་བསྟན་འཛིན་རིན་པོ་ཆེའི་ཐུགས་རྒྱུད་དངོས་ཡིན་མིན་ཅི་ཤེས། བར་ཆད་མ་བྱུང་ན་འགྲོ་དོན་ནི་ཅི་རིགས་པ་ཡོང་བ་འདུག་སྨྲས་པས། སྔར་མཚན་གྲགས་དེ་བྱུང་ཕྱིན་འགྲོ་དོན་ཡོང་ན་དེ་ཆོག་པར་འདུག་གསུང(གསུངས)། དེ་འཕྲལ་སྤྱན་འདྲེན་གྱི་ཐུགས་བརྩེ་བརྟད(གཏད)སོང༌། དེ་ནས་བླ་མ་དམ་པ་ཡེ་ཤེས་དབང་པོ་རྩེར་ཡང་སྤྱན་འདྲེས(འདྲེན)ཞུས་ཏེ། སྤྱིར་ཡང་ཆོས་བཀའ་འགའ་རེ་ཞུས། སྔར་རྡོ་རིངས་པ་བ་ལ་ཐོབ་ཟིན་ཀྱང་བྱིན་རླབས་ཀྱི་སྒོ་ཞིག་ཡོད་པས། བདག་མེད་མའི་བྱིན་རླབས་རྒྱས་པ་དེ་ཞུས། འདི་ཤིན་ཏུ་བྱིན་རླབས་ཀྱི་རྟགས་མཚན་ཆེ་བར་བྱུང༌།

དེ་ནས་ཡར་ལམ་ཡང་འབྲང་ཕུར་ཡོང་། ཟླ་ཕྱེད་སྐོར་ཞིག་བསྡད། ཆོས་རྗེ་ཡེ་ཤེས་རྒྱ་མཚོ་བ་ལ་ཐུབ་པ་དགོངས་རྒྱན་གྱི་འཛུག(མཛུབ)ཁྲིད་ཞིག(ཅིག)བྱས་པ་ལེའུ་དང་པོ་ཙམ་སོང༌།

ལྷ་རྒྱལ་གླིང་དང་འདེ་ཐུང་ལ་སོགས་པའི་མཆོད་གཞིས་ལ། བན་ཁྲལ་ལམ་པ་ཞིག་བྱས་པའི་གྲྭ་གསར་རྣམས་ཀྱི་སྐྲ་ཕུད་རེ་ཡང་བླངས། འདི་རེས་ཟླ་ཕྱེད་ཙམ་བསྡད། རང་རེའི་དབོན་པོས་ཀྱང་སྐྲ་བཅད་བྱས།

འབྲང་ནས་ཡོང་བའི་སྔ་དྲོ་རྟ་ཐོག་ཏུ་མ་མཁྱོན་ཙམ་ལ། གཞིས་ཀ་གོང་དཀར་ནས་པཎ་ཆེན་ཆོས་མཛད་སྟོན་པའི་སྐུ་བརྙན་འདྲ་བཤུས་ཅིག(ཤིག)དང༌། རང་རེས་བཀོད་པ་བྱས་ནས་བཞག་པའི་དཔལ་ལྷ་མོའི་ཐང་ཀ་དེ་ཡང་གྲུབ་འདུག་པ་ཁྱེར་ནས་བྱུང༌། རྟེན་འབྲེལ་ལེགས་པར་གོ །

རིམ་པའི་སྣ་དཀར་རྩེར་འབྱོར། ཞལ་ངོ་ཁུ་དབོན་ལ་ཚེ་དབང་སོགས་རྐྱེན་སེལ་གྱི་རིམ་པ་རྣམས་དང༌། གཤིན་རྗེ་གཤེད་ནག་པོའི་དབང༌། རྡོ་རྗེ་ཕག་མོ། གཞན་དོན་གཉེར་མང་དག་དང་བཅས་པ་ལ། ཀུན་རིག་གི་དབང་དང༌། གཞན་སྔགས་པ་འགའ་རེ་ལ་ཡང་ཆོས་ཅི་རིགས་དང༌། བླ་བྲང་འགག་པ་དཔོན་སློབ་རྣམས་ཀྱང་ཡོད་པ་ལ། འཁྲིད་ཅི་རིགས་བཤད།

ཡར་འབྲོག་ཏུ་སྡོད་པའི་བར་ལ། མཆོད་ཆའི་རིགས་སྟེར་མཁན་བྱུང་བ་ཀུན། བདེ་མཆོག་ཆོས་གླིང་གི་དགོས་ཆེའི་དབང་དུ་བྱས་ནས། ཁོང་དཔོན་སློབ་ལ་སྟེར་བར་བྱས་ཏེ། སྟེར་མཁན་མང་པོ་ནི་མ་བྱུང༌། གང་བྱུང་བ་རྣམས་སྤྲད། ཨ་མ་ལགས་ཀྱང་ཁོར་ཙམ་ཕེབས་བྱུང༌། འདི་སྐབས་སྣ་དཀར་རྩེར་དུས་རིམ་ཐོག་ཏུ་འབྱོར་བའི་སྔགས་པ་རྣམས་ཀྱིས་འཆམས(འཆམ)སོགས་ཟིང(ཟང)ཟིང་མང་པོ་འདུག །ཞག་བཅོ་བརྒྱད་ཙམ་བསྡད།

དེ་ནས་ཡར་ཡོང་དུས་ལམ་ཞོར་ལ། ཆོས་སྡེར་དཔོན་སའི་ནང་རྟེན་དུ་ཐུབ་དབང་གི་སྐུ་བརྙན་མི་ཚད་གཅིག་བཞེང(བཞེངས)པ་མཛད་འདུག་པའི་རབ་གནས་ལ་བྱིན། གློ་བུར་དུ་རླུང་འཚུབ་ཆེན་པོ་ལྡང་བ་དང༌། རབ་གནས་གྲུབ་མཚམས་ལ། གཤིན་པོའི་བསྔོ་རྟེན་འབུལ་མཁན་ཞིག་ཀྱང་བྱུང༌།

ཕྱིར་ཡོང་དུས་ལམ་ལ་ཡང་རླུང་ཆེན་པོས་མཚམས་བཅད་པས་འདྲ་བར་ཞིག་བྱུང་བ། སྡེ་པ་ཨ་ཁུ་དྲུང་པ་དེ་མི་རིང་བར་སྐུ་གཤེགས་པ་ལ་བལྟ་བ་འདུག །དེ་ནུབ་སྲིན་ལག་གནས་སུ་ཡང་སོ་སོའི་བསྔོ་ཞུས་དང༌། གཞི་ལེན་བྱེད་མཁན་སོགས་ཤིན་ཏུ་མང་བར་བྱུང༌།

དེ་ནས་ལམ་ལ་རིམ་པས་རྒྱུད(བརྒྱུད)དེ། རྒྱལ་རྩེར་སླེབ(སླེབས)པའི་ལྕགས་མལ་ངལ་གསོས། ཆོས་སྡེར་མང་ཇ་འགྱེད་བཅས་མཁན་ཆེན་འཕགས་པའི་དྲུང་དུ་བསྔོ་རྟེན་སོགས་སྒྲུབས(བསྒྲུབས)། རྩེ་ཆེན་གྱི་རྒྱབ་དེར་ཡང་སློབ་དཔོན་རྣམ་པ་སྤྱི་ཆོས་ཁྲིམས་ཐམས་ཅད་འཕྲད་པར་བྱོན། འདིར་ཡང་མང་ཇ་འགྱེད་བཅས་སོགས་ཕུལ།

དེ་ནས་འབྲོང་རྩེའི་མདུན་དུ་སྡེ་པ་བགྲེས་པ་རང་བྱོན་པའི་ཇ་འདྲེན་ཞིག་བྱུང་བ་ལ། གློ་བུར་དུ་རླུང་འཚུབ་མི་ཟད་པ། ཉི་མའི་འོད་ཀྱང་འགྲིབས(འགྲིབ)། མུན་སྲོས་པ་འདྲ་བ་ལས་ཕྱོགས་ཐམས་ཅད་སྔོ་སྐྱ་ཡལ་ཡལ་ཡོད་པ་ལྟ་བུའི་སྤྱི་དང་མི་འདྲ་བ་རང་ཞིག་བྱུང༌།

འདོལ་བྱུང་དུ་ཞག་ཤས་བསྡད་ཅིང༌། ཁོང་ཚོའི་དུས་རིམ་དང་ཐུག །ཞལ་ངོ་ཚོ་རང་གི་སྐུ་དོག་ཅུང་ཟད་སེལ་བའི་ལྟས་ཤར། འདིར་སྐྱིད་ཕུག་སྐུ་སྐྱེ་བ་ལ་གཏེར་མའི་ཆོས་ཅི་རིགས་པའི་ལུང་དང༌། བརྟག་གཉིས་ཀྱི་བཤད་པའི་འགོ་ཞིག་བཙུགས། ཆོས་རྗེ་ཡེ་ཤེས་རྒྱ་མཚོ་བས་ཀྱང་གསན།

དེ་ནས་བསམ་སྡིངས་སུ་ཞག་ལྔ་ཙམ་བསྡད། དགོན་པ་བ་རྣམས་ལ་ཆོས་འབྲེལ་དུ་འཆི་མེད་ཀྱི་འཁྲིད་ཞེས(ཅིག)བྱས།

ཚོང་འདུས་སུ་ཡོངས་སྐབས་ཉི་མ་དྭངས་པོ་རང་ཡོང་འཕྲོ་ལ། ཕེབས་བསུའི་ས་ནས་ཀླུ་སྡིངས་སུ་སླེབ་ཀྱི་བར་ལ། རླུང་ནག་མི་བཟད་པ་མུན་སྲོས་པ་འདྲ་བ་སྔ་སོར་འབྲོང་རྩེད(རྩེར)བྱུང་བ་དེ་འདྲ་བ་ཞིག་བྱུང༌། འབྲོང་རྩེ་དང་འདིའི་ལྟས་གཉིས་ཀར་དེ་འཕྲལ་དུ་ཡང་མཁར་བཤིག་སོགས་བྱུང་ཞིང༌། མི་རིང་བར་འདས་གྲོངས་ཀྱང་ཅི་རིགས་བྱུང་སོང་བ་ལ་བལྟ་ལས་ཆེ།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།