WhatsApp Image 2025-10-29 at 10.59.49 AM

བུ་ཕྲུག་གི་ཡིད་ཆེས་ཀྱི་རྩ་བ་ནི་ཕ་མའི་བསྩལ་པ་ཡིན།

རྩོམ་པ་པོ། དགེ་འདུན་རྒྱ་མཚོ།

མདང་དགོང་ངལ་གསོའི་ཆར་ཨ་མ་ལགས་དང་སྐད་འཕྲིན་བརྒྱུད་ནས་ཁ་བརྡ་བྱུང་བའི་ཞོར་ལ་ངས་མ་ལགས་ལ་ནུ་བོའི་མདུན་ལམ་གྱི་ཕྱོགས་ནས་འདི་ལྟར་ཞུས་ཏེ། ནུ་བོ་ལགས་ལ་མཚོན་ན་སྦྱང་བྱ་ཆེ་གོ་མོར་སྦྱངས་ཏེ་མི་ལོ་ཁ་ཤས་སོང་ཡང་། ད་དུང་ཤེས་ཚད་དམན་པ་ལ། ལྷག་པར་ནུ་བོའི་སྦྱང་བྱ་དེ་ནི་ཤེས་ཀྱང་དོན་ལ་ཕན་ཐོགས་མི་ཆེ་བ་དང་། མ་འོངས་པར་ཚོང་ལས་དང་འཚོ་བ་སོགས་ཀྱི་ཐད་ལ་ཡང་གྲུབ་འབྲས་མི་འཐོན་པས། ད་ནི་བསླབ་བྱ་དེ་བསྐྱུར་ཀྱང་དགོས་པ་ཆེ་རབས་བཤད་པར། མ་ལགས་ཀྱིས་འདི་ལྟར་ལན་གནངས་བྱུང་། མ་ལོ། ད་དུང་གནས་སྐབས་ནུ་བོ་ལ་དེ་ལྟར་བཤད་མི་རུང་སྟེ། དེས་ནུ་བོའི་སེམས་ཤུགས་རླག་འགྲོ་བ་ཡིན་ཞིང་། ད་ནི་གང་ལྟར་སྔར་ལས་ཀྱང་ཡར་རྒྱས་འགྲོ་བཞིན་འདུག་པས། ནུ་བོའི་སེམས་ཤུགས་བརླག་མི་རུང་། ཁྱོད་ཀྱིས་ནུ་བོར་དེ་ལྟར་བཤད་ཚེ་ནུ་བོའི་ཡིད་ཆེས་རླག་འགྲོ་བས་སློབ་སྦྱོང་ལ་གནོད་སྐྱོན་ཐེབ་ངེས་ཞེས་ཨ་མ་རྣར་མ་ཞིག་གི་རྣམ་པ་བསྟན་བྱུང་། དེར་བརྟེན་ཕྲན་གྱིས་ཕ་མའི་སློབ་གསོ་ལ་འདང་ཞིག་འཁོར་བྱུང་སྟེ། ཤེས་རབ་ཀྱི་བློ་མིག་ཡངས་པའི་མཁས་པའི་ཞལ་རྒྱུན་དུ། ཨ་མའི་སློབ་གསོ་ནི་ཐོག་མའི་སློབ་གསོ་ཡིན་ལ། མི་ཞིག་གི་ལམ་ག་ཡག་བཙོག་གང་ཞིག་ཏུ་འགྲོ་བའི་རྩ་བ་གཙོ་བོའང་ཡིན་ཞེས་བཤད་ཅིང་། སྤྱིར་ཕ་མའི་སློབ་གསོ་སྩོལ་སྟངས་ལ་རྣམ་གྲངས་མཐའ་ཡས་ཀྱང་། ཕ་མས་རང་གི་བུ་ཕྲུག་ཚོར་ནམ་ཡང་གདོང་མཆོངས་ཀྱི་སྤོབས་པ་དང་ཡིད་ཆེས་ཆེན་པོ་ཞིག་བསྩལ་རྒྱུ་ནི་ཤིན་ཏུ་གལ་ཆེ་སྟེ། བུ་ཕྲུག་གང་ཞིག་ནར་སོན་ཚེ་རང་ཉིད་ལ་སྤོབས་པ་དང་ཡིད་ཆེས་མེད་ཚེ་བྱ་བ་ཅི་ཡང་མི་འཁྱོངས་ཤིང་། བྱ་བཞག་རླབས་ཆེན་གང་ཡང་ཡིད་ཆེས་དང་སྤོབས་པ་ཆེ་ལས་བྱུང་བ་སྨྲོས་མི་དགོས། རང་ཅག་བྱ་བ་ཆེ་ཕྲ་གང་ལ་འཕྲད་ཀྱང་ཡིད་ཆེས་ཀྱིས་ཁེང་བའི་སྒྲུབ་འདོད་ཅིག་དང་། སྒྲུབ་ཚེ་འཁྱོངས་པར་རློམ་པའི་སྤོབས་པ་ཞིག་ནི་ངེས་པར་དགོས་སོ།།
ཕ་མ་ནི་བུ་ཕྲུག་གིས་ཆེས་ཁས་ལེན་པའི་མི་དེ་ཡིན་པས་ཕ་མའི་མཐོང་ཆེན་དང་ཡིད་ཆེས་ནི་བུ་ཕྲུག་གི་ཡིད་ཆེས་ཀྱི་རྩ་བ་ཡིན་ཏེ།ཆུང་དུས་ཕ་མས་བུ་ཕྲུག་གི་སློབ་སྦྱོང་ལ་མཐོང་ཆེན་དང་བུ་ཕྲུག་ལ་ཁྱོད་ཀྱང་གཞན་ལས་དམན་དགོས་པའི་རྒྱུ་མཚན་མེད་ཅེས་བུ་ཕྲུག་ལ་མཐོང་ཆུང་དང་ཡིད་མི་ཆེས་པའི་རྣམ་འགྱུར་གཏན་ནས་མེད་པར་ཕ་མ་རང་ལ་ཡིད་ཆེས་ཟབ་མོ་ཡོད་པའི་ངེས་ཤེས་སྤྲད་དགོས་ཀྱི། བྱིས་པ་ཚོས་ཕ་མ་རང་ལ་ཡིད་མི་ཆེས་པའི་རྣམ་འགྱུར་མཐོང་ཚེ་བྱིས་པ་དག་རང་ལ་ཡིད་ཆེས་པ་ལས་ལྡོག་སྟེ། བག་འཁུམས་དང་འཇོན་ནུས་མེད་མཁན་དུ་འགྱུར་འགྲོ་བ་ཡིན། དཔེར་ན། བྱིས་པ་ཞིག་གིས་གཏམ་བཤད་ཅིག་བྱེད་དགོས་ན། བྱིས་པ་གང་དེའི་ཕ་མས་ཡིད་ཆེས་པའི་ཚུལ་གྱིས་སྙིང་སྟོབས་དང་སྤོབས་པ་བསྩལ་ཚེ། བྱིས་པས་ཀྱང་ཡིད་ཆེས་དང་སྙིང་སྟོབས་ཀྱི་ཀློང་ནས་གཏམ་བཤད་སྙིང་རྗེ་བ་ཞིག་བྱེད་ངེས་ཤིང་གཞན་དུ་ཕ་མས་བྱིས་པ་ལ་ཡིད་མི་ཆེས་པའི་ཟོལ་གྱིས་སྤོབས་པ་བསྩལ་པའི་སྐད་ཆ་ཚིག་གཅིག་ཀྱང་མེད་པར་ཡིད་ཆད་དང་འཁང་ར་ལྟ་བུ་བྱས་ཚེ་བྱིས་པར་གཅིག་ཏུ་ཕ་མའི་རྒྱབ་སྐྱོར་གྱི་སྒུལ་ཤུགས་མེད་པ་དང་། གཉིས་སུ་རང་ཉིད་རང་ལ་ཡིད་ཆེས་ཐབས་མེད་པས་གཏམ་བཤད་ཀྱང་། ཤིན་ཏུ་གསོན་ཤུགས་མེད་པ་ཞིག་ཡིན་ངེས་སོ།།
དེ་བས་བྱིས་པར་ནམ་ཡང་ལྷད་མེད་པའི་ཡིད་ཆེས་དང་སྤོབས་པ་བསྩལ་རྒྱུ་ནི་ཕ་མའི་སློབ་གསོ་ལས་ཆེས་ཤིན་ཏུ་གལ་ཆེ་བ་ཞིག་ཏུ་སེམས་སོ།།
༢༠༢༣༡༠༢༨་ལ་ཨ་མ་ལགས་དང་ཁ་བརྡ་བྱས་པ་ལས་རྩོམ་འདི་འབྲི་འདོད་ཀྱི་འདུན་པ་ལས་ཉེ་བར་དྲངས་ཏེ། ཕྲན་དགེ་འདུན་རྒྱ་མཚོ་རུ་འབོད་པས་ངལ་གསོའི་ཆར་ཡུལ་མདོ་སྨད་ཀྱི་སའི་ཆ་ཨ་མདོ་རྔ་བར་བྲིས་སོ།།

ནང་དོན་ཡོངས་ཁུངས། དགེ་འདུན་རྒྱ་མཚོ་འཕྲིན་སྟེགས།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།