དེ་ཡང་ཚད་མ་ཉ་ལ་ཐུག་ཅེས་བོད་རིག་སྨྲ་ཡོངས་ཀྱི་སེམས་ཁོངས་ན་གཏན་ཆགས་སུ་བཏིང་པའི་དཔལ་ཆོས་ཀྱི་གྲགས་པ་གཉིས་པ་ཀུན་མཁྱེན་ཉ་དབོན་པས་ཚད་མ་རྣམ་འགྲེལ་གྱི་རྒྱས་འགྲེལ་གསུམ་མཛད་ནས། ཇོ་ནང་དགོན་དང་ཉ་དབོན་ཆོས་རྗེ་ཉིད་ཀྱིས་ཕྱག་བཏབ་མཛད་པའི་བརྩེ་ཆེན་ཆོས་སྡེ་སོགས་སུ་འཆད་ཉན་ཀྱི་སྒོ་ནས་གཏན་ལ་ཕབ་ཏེ་སློབ་མ་མང་དུ་བསྐྱངས་པ་ནས་ཇོ་ནང་པ་ལ་ཚད་མའི་འཆད་ཉན་ཧ་ཅང་དར་བར་གསལ་ཏེ། ཕར་ཕྱིན་ཉ་ཊཱིཀ་ལས། “འདི་དཀའ་ནའང་དིང་སང་རིགས་ཚུལ་དར་ཞིང་ཁྱད་པར་དུ་ཁོ་བོས་རྒྱས་པའི་བསྟན་བཅོས་རྣམ་འགྲེལ་རྒྱས་འགྲེལ་གསུམ་དུ་རྒྱས་པར་བསྟན་ཟིན་པས་དེར་ཤེས་པར་བྱ་ཞིང་ཁོ་བོ་ལྟ་བུའི་དཔྱིས་ཕྱིན་པའི་ངག་ལས་ཤེས་པ་ལ་ལྟོས་པར་བྱའོ། །”ཞེས་ཁོང་ལ་རྣམ་འགྲེལ་གྱི་རྒྱས་འགྲེལ་གསུམ་ཡོད་པར་ཕར་ཕྱིན་ཉ་ཊཱིཀ་སྐབས་ལྔ་བའི་ཐད་དུ་གསུངས་ཡོད་པར་མ་ཟད། བསྟན་བཅོས་དེ་དག་གི་འཕྲིན་ལས་རྒྱ་ཆེར་དར་བ་ལ་བརྟེན་ཕྱིས་སུ་མཁས་པ་རྣམས་ཀྱིས་ཀྱང་ཁོང་ལ་དཔལ་ལྡན་ཆོས་གྲགས་གཉིས་པ་ཞེས་པའི་མཚན་གྱི་སྙན་པ་སྩལ་བ་འདི་ལྟར།
རྗེ་མཚལ་མིན་བསོད་ནམས་བཟང་པོས།
“འཇམ་མགོན་སྨྲ་བའི་ཟླ་བ་རྒྱལ། །
དྷརྨཱ་ཀིརྟི་གཉིས་པ་ཀུན་དགའ་དཔལ། །”
ཞེས་རྗེ་མཚལ་མིན་བསོད་ནམས་བཟང་པོས་མཛད་པའི་རྒྱས་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ་གྱི་འགྲེལ་བཤད་རིན་པོ་ཆེའི་ཕྲེང་བ་ཞེས་བྱ་བ་ལས་དྲངས་པའོ།
མཁན་ཆེན་ཕྱུག་མོ་སྟོན་པའི་རྣམ་ཐར་ལས།
“མཁས་པ་ཆེན་པོ་ཉ་དབོན་ཀུན་དགའ་ཞེས་ཆོས་གྲགས་གཉིས་པ་ལྟར་གྲགས་པ་དེའི་དྲུང་དུ་ཚད་མ་རྣམ་འགྲེལ་གྱི་ཊིཀྐ་དྲུང་པ་རང་ཉིད་ཀྱིས་མཛད་པའི་ཊིཀ་མོ་ཆེ་ཉ་ཊིཀ་རྒྱས་པའི་སྟེང་དུ་གསན་ནས་རྒྱས་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ་དཔལ་ལྡན་ཆོས་ཀྱི་གྲགས་པའི་དགོངས་པ་ཇི་ལྟ་བར་ཐུགས་སུ་ཆུད་ནས། ཉ་ཊིཀ་རྒྱས་པ་མཐར་ཆགས་སུ་ཐུགས་ལ་བླངས་ནས་གྲྭ་སྐོར་ལ་བྱོན་པའི་དུས་སུ་སྒྲུབ་སུན་གཉིས་ཀྱི་སྒོ་ནས་དབུས་གཙང་གཉིས་སུ་སྙན་པའི་གྲགས་པས་ཁྱབ་པར་གྱུར་ཏོ། །དྲུང་པ་དེ་ཉིད་ཀྱིས་ངའི་སློབ་མ་བཀའ་པོད་འཛིན་པ་བརྒྱ་ཕྲག་གི་ནང་ནས་ཚད་མ་རྣམ་འགྲེལ་གྱི་ཚིག་དོན་ཤེས་པ་ལ། ལ་སྟོད་ཀྱི་སློབ་མ་གཅིག་དང་། མི་ཉག་གཞོན་ནུ་དཔལ་གཉིས་པོ་ཙམ་ཡིན་ཞེས་ཡང་ཡང་གསུང་ཟེར། གཞན་ཡང་སྐྱེས་བུ་དམ་པ་དེའི་མདུན་དུ་རིགས་ཆོས་དང་ལུང་ཆོས་མང་དུ་གསན་ཞིང་ལྟ་བ་ངེས་དོན་གྱི་ཕྱོགས་ལ་ཡང་ངེས་ཤེས་བསྐྱེད་པར་མཛད་ནས་ཐུགས་རྗེས་བཟུང་བ་ལགས་སོ”། །
__ཞེས་མི་ཉག་མཁས་དབང་རྣམ་ལྔའི་ནང་ཚན་མཁན་ཆེན་ཕྱུག་མོ་སྟོན་པ་གཞོན་ནུ་དཔལ་གྱི་རྣམ་ཐར། རྗེ་ཉིད་ཀྱི་དངོས་སློབ་དཀོན་མཆོག་དཔལ་གྱིས་མཛད་པ་ལས་དྲངས་པའོ། །དེའི་ཕྱིར་ཁོང་གི་ཚད་མ་ཉ་ཊཱིཀ་ལྟ་བུ་ནི་དེའི་དུས་སུ་རིས་སུ་མ་ཆད་པའི་མཁས་པས་སློབ་གཉེར་བྱེད་ཡུལ་གྱི་བསྟན་བཅོས་བླ་ན་མེད་པ་ཞིག་ཏུ་གྱུར་ཡོད་པ་རྗེ་མཚལ་མིན་པ་བསོད་ནམས་བཟང་པོ་དང་། རེད་མདའ་བ། རྗེ་ཙོང་ཁ་བ་ཡབ་སྲས། མཁན་ཆེན་ཕྱུག་མོ་སྟོན་པ་དང་རྒྱལ་བ་དགེ་འདུན་གྲུབ་སོགས་ཀྱི་རྣམ་ཐར་སོགས་མཇལ་ན་ཤེས་ཐུབ།
དུས་ཕྱིས་སུ་ཉ་དབོན་པའི་ཚད་མའི་བཤད་རྒྱུན་དེ་གསང་ཕུ་ཆོས་གྲྭ་ཆེན་མོ་སོགས་ལ་ཡང་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་པ་འདྲ་སྟེ། པཎ་ཆེན་ཤཱཀྱ་མཆོག་ལྡན་གྱིས་མཛད་པའི་རྔོག་ལོ་ཙྪ་བ་ཆེན་པོས་བསྟན་པ་ཇི་ལྟར་བསྐྱངས་པའི་ཚུལ་མདོ་ཙམ་དུ་བྱ་བ་ངོ་མཚར་གཏམ་གྱི་རོལ་མོ་ལས། “དུས་ཕྱིས། གསང་ཕུ་སོགས་སུ་རྣམ་འགྲེལ་གྱི་བཤད་སྲོལ་བྱུང་བ་དེ་དག་ནི། ལོ་ཆེན་གྱི་བཤད་པའི་སྲོལ་མ་ཡིན་གྱི། ས་སྐྱར་ནོར་བཟང་དང་། ཉ་དབོན་གྱི་བཤད་པ་ལས་འཕེལ་ལོ། །” ཞེས་གསུངས་ཡོད་པས་དཔོག་ནུས་སོ། །
ལྷག་ཏུ་ཉ་དབོན་པས་ཕྱག་བཏབ་མཛད་པའི་བརྩེ་ཆེན་ཆོས་སྡེ་རུ་ལོ་ཉིས་བརྒྱའི་རྗེས་སུ་ཡང་ད་དུང་ཚད་མའི་འཆད་ཉན་མ་ཉམས་པར་གནས་པར་རྗེ་བཙུན་ཏཱ་ར་ནཱ་ཐའི་རང་རྣམ་དུ་གསལ་པོར་གསུངས་ཡོད།
ཉ་དབོན་པའི་གོང་རོལ་དུ་ཀུན་མཁྱེན་ཇོ་ནང་པས་ཀྱང་ཚད་མའི་བསྟན་བཅོས་ཤིག་མཛད་ཡོད་པར། ངག་དབང་ཀུན་དགའ་བསོད་ནམས་ཀྱི་དཔལ་དུས་ཀྱི་འཁོར་ལོའི་ཟབ་པ་དང་རྒྱ་ཆེ་བའི་དམ་པའི་ཆོས་བྱུང་བའི་ཚུལ་ལེགས་པར་བཤད་པ་ངོ་མཚར་དད་པའི་ཤིང་རྟ་ལས། “བླ་མ་སེངྒེ་དཔལ་བས་བསྐུལ་བས་རྣམ་འགྲེལ་གྱི་ཊིཀྐ་མཛད། “ཅེས་ཀུན་མཁྱེན་དོལ་པོ་བས་སྐུ་ཚེའི་སྟོད་ཡས་མས་ཤིག་ལ་རྣམ་འགྲེལ་གྱི་ཊཱིཀྐ་མཛད་ནའང་བསྟན་བཅོས་དེའི་འཕྲིན་ལས་རྒྱ་ཆེར་དར་ཡོད་མེད་གསལ་པོར་མ་ངེས།
ཕྱིས་སུ་ཉ་དབོན་ཆོས་རྗེ་བའི་དངོས་སློབ་་རྣམས་ཀྱི་ནང་ནས་ཚད་མ་ལ་མཆོག་ཏུ་གྱུར་བ་གཉིས་ལས་ཀུན་མཁྱེན་ཇོ་ནང་ཡབ་སྲས་བཅོ་ལྔའི་ནང་ཚན་མཚལ་མིན་པ་བསོད་ནམས་བཟང་པོ་སྟེ། ཁོང་ནི་ཀརྨ་པ་སྐུ་ཕྲེང་བཞི་བ་དང་ལྔ་བ་གཉིས་དང་རོང་སྟོན་སྨྲ་བའི་སེང་གེ གུང་རུ་རྒྱལ་མཚན་དང་རྒྱལ་བ་ཇོ་བཟང་སོགས་ཀྱི་བླ་མ་ཞིག་ཡིན་པས་ཡོངས་ཀྱི་དགེ་བའི་བཤེས་གཉེན་དུ་གྱུར་ཡོད། ཁོང་གིས་ཉ་དབོན་པ་ལ་བསྟེན་ནས་ཚད་མའི་སྐོར་ལ་གཏན་ཚིགས་རིགས་པའི་དོན་བསྡུས་དང་རྣམ་འགྲེལ་གྱི་འགྲེལ་བཤད་རིན་པོ་ཆེའི་ཕྲེང་བ་ཞེས་གཞུང་གཉིས་མཛད་དེ་ཚད་མའི་འཆད་ཉན་དར་རྒྱས་སུ་མཛད། གཏན་ཚིགས་རིགས་པའི་དོན་བསྡུས་ནི་གཙོ་བོ་ཚད་མ་རིགས་གཏེར་གྱི་རྗེས་སུ་འབྲངས་ནས་གསུངས་ཡོད་ཅིང་། རྣམ་འགྲེལ་གྱི་འགྲེལ་བཤད་རིན་ཆེན་ཕྲེང་བ་ནི་ཚད་མ་ཉ་ཊཱིཀ་གཞུང་གི་བསྡུས་དོན་ཡིན་པར་བསྟན་བཅོས་རང་ན་གསལ་པོར་སྣང་སྟེ། འགྲེལ་བཤད་རིན་ཆེན་ཕྲེང་བ་ལས།
“དྷརྨཱ་ཀིརྟི་གཉིས་པ་ཀུན་དགའ་དཔལ། །
དེས་མཛད་ཡིད་ཀྱི་མུན་སེལ་སྙིང་པོ་བླངས། །
ཚིག་བསྡུས་དོན་རྫོགས་རིན་ཆེན་ཕྲེང་བ་འདི། །
དོན་གཉེར་སློབ་མས་བསྐུལ་ཕྱིར་འདིར་དགོད་བྱ། །”ཞེས་གསུངས་པས་སོ། །འོན་ཀྱང་གཞུང་དེ་ནི་རིགས་གཏེར་ཁོ་ནའི་རྗེས་སུ་མ་འབྲངས་པར་ས་རྔོག་གཉིས་ཀའི་རྗེས་སུ་འབྲངས་ཏེ་ས་རྔོག་གཉིས་ཀྱི་ལེགས་ཆ་དག་བླང་ནས་བརྩམས་པར་བསྟན་བཅོས་དེ་ཉིད་ཞིབ་མོར་གཟིགས་ན་ཤེས་ཐུབ་བོ། །དེའི་ཕྱིར་ཀུན་མཁྱེན་ཇོ་ནང་པ་དང་ཉ་དབོན་པ་སོགས་གསང་ཕུ་དང་ས་སྐྱའི་ཆོས་གྲྭར་བྱོན་ཏེ་ཚད་མའི་འཆད་ཉན་མཛད་པས་ས་རྔོག་གང་རུང་གི་ཕྱོགས་སུ་མ་ལྷུང་བར་ས་རྔོག་གཉིས་ཀ་ལ་བླང་དོར་མཛད་པས། ཚད་མའི་སྐོར་ལ་ཇོ་ནང་པ་ནི་ས་རྔོག་གཉིས་ཀ་ལ་བརྟེན་པར་བཞེད་དོ། །
སྤྱིར་རྣམ་འགྲེལ་གྱི་སྐོར་ལ་ཀུན་མཁྱེན་ཇོ་ནང་ཡབ་སྲས་རྣམས་ཀྱི་གསུང་རྩོམ་མང་པོ་ཡོད་ནའང་དུས་འགྱུར་དབང་གིས་ད་ལྟ་རྗེ་མཚལ་མིན་པ་བསོད་ནམས་བཟང་པོས་མཛད་པའི་བསྟན་བཅོས་འདི་གཉིས་མ་གཏོགས་བཞུགས་མེད་པས་ཇོ་ནང་པའི་སློབ་གཉེར་བ་རྣམས་ཀྱིས་རྣམ་འགྲེལ་གྱི་འགྲེལ་བ་འདི་ལ་སློབ་གཉེར་བྱས་དང་བྱེད་མུས་ཡོད།
འོན་ཀྱང་འཇུ་མི་ཕམ་པ་དང་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ་སོགས་དང་དུས་ཐོག་གཅིག་པའི་འབའ་མདའ་བ་ཐུབ་བསྟན་དགེ་ལེགས་རྒྱ་མཚོ་ཡབ་སྲས་རྣམས་ཀྱིས་ཚད་མ་སྐོར་ལ་ལེགས་བཤད་བླ་ན་མེད་པ་མང་དག་ཅིག་མཛད་པ་ལས་བསྡུས་གྲྭའི་སྤྱི་དོན་རིན་ཆེན་སྒྲོན་མེ་ལྟ་བུ་ནི་བོད་ནང་གི་སློབ་གྲྭ་ཆེན་མོ་དང་དགོན་སྡེ་དག་གི་སློབ་དེབ་དུ་གྱུར་ཡོད།
སྤྱིར་བོད་ཀྱི་མཁས་པ་འགའ་ཞིག་གིས་རྣམ་འགྲེལ་འདི་ནི་རྟོག་གེའི་རིགས་པ་ཙམ་ལས་ཐར་ལམ་ལ་མི་མཁོ་བར་གསུངས་ཀྱང་། ཇོ་ནང་རང་ལུགས་ལ་ནི་རྣམ་འགྲེལ་སོགས་ཚད་མའི་བསྟན་བཅོས་དེ་དག་ནི་ཧ་ཅང་གལ་འགངས་ཆེ་བ་ཡིན་པར་ཇོ་ནང་རྗེ་བཙུན་པས་འདི་ལྟར་གསུངས་ཏེ། རང་རྣམ་མ་བཅོས་ལྷུག་པའི་རྟོགས་བརྗོད་ལས། “སྤྱིར་ནས་བྱང་ཆུབ་སེམས་དཔའ་མཆོག་ཤིང་རྟ་ཆེན་པོའི་རིང་ལུགས་ལ་འགངས་ཆུང་ཟེར་བ་ལྟ་ག་ལ་ཡིན། མཁས་མཆོག་ཐམས་ཅད་ཀྱི་འཇུག་ངོགས་ཡིན་པ་གཞིར་བཅས། ” ཞེས་གསུངས་པ་ལྟར་ཀུན་མཁྱེན་ཇོ་ནང་པས་ཀྱང་ཆོས་ཀྱི་ཤན་འབྱེད་དུ་རྣམ་འགྲེལ་ལེའུ་གཉིས་པ་སོགས་ལ་རྗེས་འཇུག་པ་རྣམས་ཀྱིས་ལྟ་བར་སྐུལ་གནང་མཛད་ཡོད་པར་མ་ཟད། གཞུང་དེ་ཉིད་མཁས་པ་སོ་སོས་མདོ་སྡེ་པ་དང་སེམས་ཙམ་པ་དང་དབུ་མར་བཀྲལ་ཚུལ་ཡོད་ནའང་རྒྱལ་བ་ཇོ་ནང་པས་ནི་གཞུང་དེ་ཉིད་མཐར་ཐུག་གཞན་སྟོང་དབུ་མའི་རང་གཞུང་དུ་འགྲེལ་བཞིན་ཡོད། དེ་ལྟར་ཡིན་པར་རྣམ་འགྲེལ་དུ་སེམས་ཀྱི་རང་བཞིན་འོད་གསལ་ཏེ། །དྲི་མ་རྣམས་ནི་གློ་བུར་བ། །ཞེས་པའི་ལུང་ཚིག་ལྟ་བུ་ནི་ཀུན་མཁྱེན་དོལ་པོ་བའི་རི་ཆོས་སོགས་ལས་ཇོ་ནང་གི་ལྟ་བ་མཐར་ཐུག་པ་དེ་ཉིད་བསྟན་ལ་འབེབས་བྱེད་དུ་དྲངས་ཡོད། གཞན་ཡང་རྗེ་བཙུན་ཏཱ་ར་ནཱ་ཐས་ཀྱང་། གཞན་སྟོང་དབུ་མའི་རྒྱན་གྱི་ལུང་སྦྱོར་ལས། “འོ་ན་སེམས་ཙམ་གྱི་མདོ་དང་བསྟན་བཅོས་ལོགས་ན་མེད་པར་འགྱུར་སྙམ་ན། མདོ་སྡེ་ནི་ལོགས་སུ་ཡོད་པ་མ་ཡིན་ཏེ། དཔེར་ན་བྱེ་མདོ་གཉིས་ལ་ཡང་མདོ་སྡེ་ཐ་དད་མེད་པ་བཞིན་ནོ། །སེམས་ཙམ་པའི་བསྟན་བཅོས་ཐོར་བུ་འགའ་ཞིག་ནི་ཡོད་པར་གསལ་ན་ཡང་། བྱམས་ཆོས་དང་། ཐོགས་མེད་སྐུ་མཆེད་ཀྱི་གཞུང་གི་རྗེས་སུ་འབྲང་བ་ནི་མ་ཡིན་ཏེ། བྱང་ཆུབ་སེམས་འགྲེལ་སོགས་ཐོགས་མེད་ཀྱི་སྔོན་དུ་བྱུང་བའི་བསྟན་བཅོས་ནས་བཀག་པ་སོགས་ཀྱིས་འཕགས་པ་ནཱ་གརྫུ་ནའི་སྔ་རོལ་ཏུ་བྱུང་བའི་ཕྱིར་རོ། །དེས་ན་བཙུན་པ་ཆེན་པོ་ཨ་བི་ཏརྐ་དང་། ཛྙཱ་ན་ཏ་ལ་སོགས་པ་རྣལ་འབྱོར་སྤྱོད་པ་བའི་སློབ་དཔོན་ལྔ་བརྒྱ་བྱུང་བར་གྲགས་པ་ལྟར་ཡིན་པར་མངོན་ནོ། །དེ་དག་གི་བསྟན་བཅོས་ནི་བོད་དུ་མ་འགྱུར་བ་ཡིན་ཏེ། སྡེ་བ་བཅོ་བརྒྱད་ཀྱི་བསྟན་བཅོས་རྣམས་བཞིན་ནོ། །”ཞེས་དང་། ཚུལ་གཉིས་རྣམ་འབྱེད་ལས། “དབུ་སེམས་གཉིས་ལ་མདོ་སྡེ་ཐ་དད་དུ་མེད་པར་ནི་འདོད་དེ། མདོ་སྡེ་གཅིག་ལ་དགོངས་པ་འགྲེལ་ལུགས་ཀྱི་ཁྱད་པར་ཙམ་ཡིན་པས་འདི་ལ་མི་འཐད་པ་མེད་དེ། བྱེ་མདོ་གཉིས་ལ་ཡང་མདོ་སྡེ་ཐ་དད་མེད་ཀྱང་དགོངས་པ་ལེན་ལུགས་ཀྱི་ཁྱད་པར་ཙམ་ཡིན་པའི་ཕྱིར་རོ། །སྤྱིར་སེམས་ཙམ་རྣམ་བདེན་པའི་གྲུབ་མཐའ་འཛིན་པ་མང་དུ་བྱུང་ཕྱིན་ཆད་ན། བསྟན་བཅོས་ཀྱི་པོ་ཏི་ཡོད་མེད་ལ་མ་རེག་ཅིང་། གླེགས་བམ་ཡོད་ཀྱང་བོད་དུ་འགྱུར་ནི་མི་དགོས་ཏེ། དགོས་ན་ཉན་ཐོས་སྡེ་བ་བཅོ་བརྒྱད་ཀྱི་ནང་ནས་གོས་དམར་སྡེ་བ་མ་གཏོགས། གཞན་རྣམས་ཀྱི་སྡེ་སྣོད་གསུམ་དང་མདོ་སྡེ་བའི་གཞུང་ལུགས་ཀྱང་མེད་པར་འགྱུར་ཏེ་བོད་ན་མི་འདུག་པའི་ཕྱིར་ཞེས་པར་མི་འགྱུར་རམ། དེས་ན་ཚད་མ་རྣམ་འགྲེལ་སྤྱིར་མདོ་སྡེ་བའི་བསྟན་བཅོས་མ་ཡིན་ཞིང་། ཡིན་དུ་ཆུག་ཀྱང་ཆོས་སྐད་ཟར་ཟུར་ཙམ་ལས་གྲུབ་མཐའ་རྫོགས་པར་མེད་པ་དང་། མདོ་སྡེ་བའི་ལྟ་བའི་རྣམ་གཞག་ཙམ་བྱུང་བས་དེ་ཡོད་པར་འགྱུར་ན། རྣལ་འབྱོར་སྤྱོད་པའི་གཞུང་ཐམས་ཅད་དུ་རྣམ་བདེན་གྱི་ལྟ་བའི་རྣམ་གཞག་བྱུང་བས་སེམས་ཙམ་གྱི་གཞུང་ཡང་ཡོད་པར་ཅིའི་ཕྱིར་མི་འགྱུར། “
ཞེས་སོགས་ན་གཞུང་དེ་ཉིད་མདོ་སྡེ་བའི་གཞུང་ལུགས་མ་ཡིན་པ་དང་སེམས་ཙམ་པའི་གཞུང་ལུགས་བོད་ལ་མ་བསྒྱུར་བར་གསུངས་པ་ལ་བརྟེན་དབུ་མ་ནང་ནས་གཞན་སྟོང་དབུ་མ་ཆེན་པོར་གནས་པར་གསུངས་སོ། །ད་དུང་བཤད་པར་བྱ་བ་མང་ཡང་རེ་ཞིག་དེ་ཙམ་གྱིས་ཆོག་པར་བྱས་པའོ། །ཞེས་དེའི་སྐོར་ལ་ཆོས་གྲོགས་ཤིག་གིས་ངོ་སྤྲོད་ཅིག་དགོས་ཞེས་བཀའ་ཕེབས་པ་ལྟར་ཨ་འཛོམ་དགོན་དུ་སྤྱི་ལོ་ ༢༠༢༥ ཟླ་བ་ ༡༡ ཚེས ༡༠ ཉིན་གྱི་མཚན་མོའི་འཕྲལ་མར་ཤེས་རབ་གྲགས་པས་ཉུང་ཙམ་བྲིས་པའོ། །དེའི་སྐོར་ལ་ཅུང་རྒྱས་པ་ཞིག་སྟབས་སྒྲིག་ན་རྗེས་མ་སྤེལ་འཆར་ཡོད།
ནོར་འཁྲུལ་ཡོད་ན་བཟོད་གསོལ་ཞུ།
ཇོ་ནང་གི་རྣམ་འགྲེལ་གྱི་འགྲེལ་བ་དེ་ཉིད་གཟིགས་འདོད་ཚེ་ཀུན་གསལ་མེ་ལོང་(adarshah) དུ་མཚལ་མིན་པ་བསོད་ནམས་བཟང་པོའི་གསུང་འབུམ་དུ་གཟིགས་ཐུབ་ལགས།