སྡོམ་བརྒྱུད། སྟོང་གསལ་ནས།

སྡོམ་བརྒྱུད་གྲགས་ཆེ་བ་གསུམ་ཡོད་པ་ལས་ད་ལྟར་མདོ་ཁམས་སྨད་ཀྱི་ཤར་ཛམ་ཐང་གདན་ས་ཆེན་མོ་དཔལ་བཀྲ་ཤིས་ཆོས་ཐང་དགོན་ཐུབ་བསྟན་བཤད་སྒྲུབ་ནོར་བུའི་གླིང་གི་སོ་ཐར་བསྙེན་རྫོགས་ཀྱི་སྡོམ་བརྒྱུད་གང་ཡིན།

——རླངས་ཀྱི་པོ་ཏི་བསེ་རུ་ལས། ལར་སྐྱེས་པའི་མིའི་རང་གི་སྐྱེ་རྒྱུད་མ་ཤེས་ན། ནགས་ཁུང་གི་སྤྲེའུ་དང་འདྲ། ཞེས་བོད་ཀྱི་སྲོལ་རྒྱུན་གྱི་སྐད་ཆའི་ནང་ལ་དེ་ལྟར་བཤད་ཡོད་པ་བཞིན། ལོ་རྒྱུས་ཅུང་ཙམ་མ་ཤེས་ན་ཕྱོགས་གང་ལ་སྐོར་ཀྱང་ས་ཆོད་དེ་ཙམ་མ་གཏོགས་མེད་པས། ལོ་རྒྱུས་ཤེས་རྒྱུ་གལ་ཆེ་སྙམ། ངས་དེ་རིང་འདི་ནས་སྡོམ་བརྒྱུད་ཀྱི་སྐོར་ཅུང་ཙམ་བཤད་ན་འདོད་བྱུང་། དེ་ནི་གྲོགས་རེ་འགས་དྲི་བ་ཞིག་གིས་རྟིང་བསྐུལ་བྱས་པའང་ཡིན་སྲིད། ཡོངས་གྲགས་ལ། སྡོམ་བརྒྱུད་ལ། སྟོད་འདུལ། སྨད་འདུལ། ཁ་ཆེ་པཎ་ཆེན་གྱི་སྡོམ་བརྒྱུད་གཅས་གསུམ་ཡོད།
དེ་དག་མདོར་བསྡུས་ཙམ་བཤད་ན། སྟོད་འདུལ་ནི་སྟོད་མངའ་རིས་ནས་པཱ་ལ་རྣམ་གསུམ་བརྒྱུད་པའི་འདུལ་བའི་སྡོམ་རྒྱུན་ལ་སྟོད་འདུལ་ཟེར་ཞིང་། སྨད་འདུལ་ནི་མདོ་ཁམས་སྨད་ཀྱི་ཡུལ་ནས་སྨར་གཡོ་གཙང་གསུམ་བརྒྱུད་པའི་འདུལ་བའི་སྡོམ་རྒྱུན་ལ་སྨད་འདུལ་ཟེར། ཁ་ཆེ་པཎ་ཆེན་གྱི་སྡོམ་བརྒྱུད་ནི་ཁྲོ་ཕུ་ལོ་ཙཱ་བས་ཁ་ཆེ་པཎ་ཆེན་བོད་དུ་གདན་དྲངས་ཏེ་བརྒྱུད་པའི་སྡོམ་རྒྱུན་ལ་ཟེར་བ་ཡིན། དེས་ན། མཁས་གྲུབ་བྱེ་བའི་འབྱུང་གནས་མདོ་ཁམས་སྨད་ཀྱི་ཤར་ཛམ་ཐང་གདན་ས་ཆེན་མོ་དཔལ་བཀྲ་ཤིས་ཆོས་ཐང་དགོན་ཐུབ་བསྟན་བཤད་སྒྲུབ་ནོར་བུའི་གླིང་གི་ད་ལྟའི་སྡོམ་བརྒྱུད་ནི། ཁ་ཆེ་པཎ་ཆེན་བརྒྱུད་པ་ནས་བྱུང་བ་མ་གཏོགས་སྟོད་འདུལ་སྨད་འདུལ་གང་ཡང་མིན། དགོན་འདིར་བཞུགས་པའི་དགེ་སློང་རྣམས་ཀྱི་སྡོམ་བརྒྱུད་ཡར་དེད་ན་ཟླ་བྲལ་སྨྲ་བའི་དབང་བོ་ཡང་དར་བསྟན་པའི་ཉིན་བྱེད་ཤར་འཛམ་ཐང་བ་ཀུན་དགའ་ངག་དབང་བློ་བཟང་འཕྲིན་ལས་གང་ཉིད་ལ་ཐུག་ཡོད་ཅིང་།
ཁོང་གིས་སྔགས་ཀྱི་རྡོ་རྗེ་སློབ་དཔོན་ཆེན་པོ་ངག་དབང་བརྟན་པ་རབ་རྒྱས་ཀྱི་དྲུང་དུ་དགེ་སློང་གྲངས་ཚང་གི་དབུས་ནས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས་པ་ཡིན། རྡོ་རྗེ་སློབ་དཔོན་ཆེན་པོ་ངག་དབང་བརྟན་པ་རབ་རྒྱས་ཀྱིས་ཀུན་མཁྱེན་དོལ་པོ་བའི་རྣམ་སྤྲུལ་སྦྱངས་བ་སྐྱབས་མགོན་ཀུན་དགའ་ངེས་དོན་དཔལ་བཟང་བོ་སོགས་མཁན་སློབ་ཁ་སྐོང་བཅས་ཀྱི་དགེ་འདུན་གྲངས་ཚང་གི་དྲུང་ནས་བསྙེན་རྫོགས་ཀྱི་དངོས་པོ་ལེགས་པར་གུས་འདུད་ཀྱིས་བདག་གིར་བཞེས་ཏེ་ནང་རྡོ་རྗེ་ཐེག་པའི་རིག་འཛིན་གྱི་ངོ་བོ་ལ། ཕྱི་སོ་སོར་ཐར་བའི་ཚུལ་ཁྲིམས་ཀྱིས་ཀུན་ནས་མཛེས་པར་གྱུར་ཏོ།། ཀུན་མཁྱེན་དོལ་པོ་བའི་རྣམ་སྤྲུལ་སྦྱངས་བ་སྐྱབས་མགོན་ཀུན་དགའ་ངེས་དོན་དཔལ་བཟང་བོ་མཆོག་རྔ་ཡུལ་དུ་ཕེབས་ནས་འབྲོག་དགེ་ཀུན་དགའ་ཡོན་ཏན་རྒྱན་མཚོ་ཚུལ་བཞིན་དུ་བསྟེན་ཏེ་ཀུན་དགའ་ཡོན་ཏན་རྒྱ་མཚོས་མཁན་སློབ་སྦྲགས་མ་མཛད་ཅིང་རྨེའུ་གྲོང་མང་བླ་མ་ཆོས་བཟང་བས་གསང་སྟོན་པར་བྱས་དགེ་འདུན་གྲངས་ཚང་གི་མདུན་ནས་བསྙེན་རྫོགས་ཀྱི་སྡོམ་པ་མནོས། ཀུན་དགའ་ཡོན་ཏན་རྒྱན་མཚོས་མཁར་བླ་བསྟན་པ་ཆོས་འཕེལ་གྱི་མདུན་དུ་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། མཁར་བླ་བསྟན་པ་ཆོས་འཕེལ་གྱིས་གླིང་སྒོམ་ཆེན་པ་སྙིང་བོ་བསྟན་པའི་མདུན་ནས་བསྙེན་རྫོགས་ཀྱི་སྡོམ་པ་ལེན། སྒོམ་ཆེན་པ་སྙིང་བོ་བསྟན་པས་ཀུན་དགའ་ཡོན་ཏན་རྒྱ་མཚོས་མདུན་ནས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། ཀུན་དགའ་ཡོན་ཏན་རྒྱ་མཚོས་འདྲ་ནང་མཁས་བཙུན་དར་རྒྱས་ཀྱི་མདུན་ནས་བསྙེན་རྫོགས་ཀྱི་སྡོམ་པ་ལེན། འདྲ་ནང་མཁས་བཙུན་དར་རྒྱས་ཀྱིས་གཙང་བ་ངག་དབང་བསྟན་འཛིན་རྣམ་རྒྱལ་གྱི་མདུན་ནས་བསྙེན་རྫོགས་ཀྱི་སྡོམ་པ་ལེན། གཙང་བ་ངག་དབང་བསྟན་འཛིན་རྣམ་རྒྱལ་གྱིས་སློབ་དཔོན་ངག་དབང་བློ་གྲོས་ཀྱི་མདུན་ནས་བསྙེན་རྫོགས་ཀྱི་སྡོམ་པ་ལེན། སློབ་དཔོན་ངག་དབང་བློ་གྲོས་ཀྱིས་ཆ་ལུང་བ་ངག་དབང་འཕྲིན་ལས་ཀྱི་མདུན་ནས་བསྙེན་རྫོགས་ཀྱི་སྡོམ་པ་ལེན། ཆ་ལུང་བ་ངག་དབང་འཕྲིན་ལས་ཀྱིས་འདུལ་འཛིན་པ་བློ་གྲོས་རྒྱ་མཚོའི་མདུན་ནས་བསྙེན་རྫོགས་ཀྱི་སྡོམ་པ་ལེན། འདུལ་འཛིན་པ་བློ་གྲོས་རྒྱ་མཚོས་བློ་གྲོས་རྣམ་རྒྱལ་གྱི་མདུན་ནས་བསྙེན་རྫོགས་ཀྱི་སྡོམ་པ་ལེན། བློ་གྲོས་རྣམ་རྒྱལ་གྱིས་ཀུན་དགའ་རིན་ཆེན་རྒྱ་མཚོའི་མདུན་ནས་བསྙེན་རྫོགས་ཀྱི་སྡོམ་པ་ལེན། ཀུན་དགའ་རིན་ཆེན་རྒྱ་མཚོས་རྗེ་བཙུན་ཀུན་དགའ་སྙིང་བོའམ་ཀུན་མཁྱེན་ཏཱ་ར་ནཱ་ཐའི་མདུན་ནས་བསྙེན་རྫོགས་ཀྱི་སྡོམ་པ་ལེན། རྗེ་བཙུན་ཀུན་དགའ་སྙིང་བོའམ་ཀུན་མཁྱེན་ཏཱ་ར་ནཱ་ཐས་རྡོ་རིང་རྡོ་རྗེ་འཆང་ཀུན་དགའ་རྒྱལ་མཚན་གྱི་མདུན་ནས་བསྙེན་རྫོགས་ཀྱི་སྡོམ་པ་ལེན། རྡོ་རིང་རྡོ་རྗེ་འཆང་ཀུན་དགའ་རྒྱལ་མཚན་གྱིས་རྗེ་ལྕང་ར་བ་བློ་གྲོས་བཟང་བོའི་མདུན་ནས་བསྙེན་རྫོགས་ཀྱི་སྡོམ་པ་ལེན། རྗེ་ལྕང་ར་བ་བློ་གྲོས་བཟང་བོས་མཁན་ཆེན་ཤཱཀྱ་མཆོག་ལྡན་གྱི་མདུན་ནས་བསྙེན་རྫོགས་ཀྱི་སྡོམ་པ་ལེན། མཁན་ཆེན་ཤཱཀྱ་མཆོག་ལྡན་གྱིས་ངོར་ཆེན་ཀུན་དགའ་བཟང་བོའི་མདུན་ནས་བསྙེན་རྫོགས་ཀྱི་སྡོམ་པ་ལེན། ངོར་ཆེན་ཀུན་དགའ་བཟང་བོས་ཤར་ཆེན་ཡེ་ཤེེས་རྒྱལ་མཚན་གྱི་མདུན་ནས་བསྙེན་རྫོགས་ཀྱི་སྡོམ་པ་ལེན། ཤར་ཆེན་ཡེ་ཤེེས་རྒྱལ་མཚན་གྱིས་འདུལ་འཛིན་པ་བཀྲ་ཤིས་ཚུལ་ཁྲིམས་ཀྱི་མདུན་ནས་བསྙེན་རྫོགས་ཀྱི་སྡོམ་པ་ལེན། འདུལ་འཛིན་པ་བཀྲ་ཤིས་ཚུལ་ཁྲིམས་ཀྱིས་རྗེ་བསོད་ནམས་དཔལ་གྱི་མདུན་ནས་བསྙེན་རྫོགས་ཀྱི་སྡོམ་པ་ལེན། རྗེ་བསོད་ནམས་དཔལ་གྱིས་ཆོས་འོད་ཟེར་དཔལ་གྱི་མདུན་ནས་བསྙེན་རྫོགས་ཀྱི་སྡོམ་པ་ལེན། ཆོས་འོད་ཟེར་དཔལ་གྱིས་གཙང་བ་རྡོ་རྗེ་དཔལ་གྱི་མདུན་ནས་བསྙེན་རྫོགས་ཀྱི་སྡོམ་པ་ལེན། གཙང་བ་རྡོ་རྗེ་དཔལ་གྱིས་ཁ་ཆེ་པཎ་ཆེན་ཤཱ་ཀྱ་ཤྲཱིའི་མདུན་ནས་བསྙེན་རྫོགས་ཀྱི་སྡོམ་པ་ལེན།
ཁ་ཆེ་པཎ་ཆེན་ཤཱ་ཀྱ་ཤྲཱིས་ཤནྟཱ་ཀ་ར་གུཔྟ་ཡི་བདུན་ནས་བསྙེན་རྫོགས་ཀྱི་སྡོམ་པ་ལེན། ཤནྟཱ་ཀ་ར་གུཔྟ་ཡིས་དྷརྨ་མཱ་ལེའི་མདུན་ནས་བསྙེན་རྫོགས་ཀྱི་སྡོམ་པ་ལེན། དྷརྨ་མཱ་ལེས་གུ་ཎ་པཱ་ཏིའམ་ཡོན་ཏན་རྒྱ་མཚོའི་མདུན་ནས་བསྙརན་རྫོགས་ཀྱི་སྡོམ་པ་ལེན། གུ་ཎ་པཱ་ཏིའམ་ཡོན་ཏན་རྒྱ་མཚོས་དྷརྨ་པཱ་ལའམ་དཔལ་ལྡན་ཆོས་སྐྱོང་གི་མདུན་ནས་བསྙེན་རྫོགས་ཀྱི་སྡོམ་པ་ལེན། དྷརྨ་པཱ་ལའམ་དཔལ་ལྡན་ཆོས་སྐྱོང་གིས་རཏྣ་མི་ཏྲའམ་རིན་ཆེན་བཤེས་གཉེན་གྱི་མདུན་ནས་བསྙེན་རྫོགས་ཀྱི་སྡོམ་པ་ལེན། རཏྣ་མི་ཏྲའམ་རིན་ཆེན་བཤེས་གཉེན་གྱིས་གུ་ཎ་མ་ཏི་སྟེ་ཡོན་ཏན་བློ་གྲོས་ཀྱི་མདུན་ནས་བསྙེན་རྫོགས་ཀྱི་སྡོམ་པ་ལེན། གུ་ཎ་མ་ཏི་སྟེ་ཡོན་ཏན་བློ་གྲོས་ཀྱིས་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་མདུན་ནས་བསྙེན་རྫོགས་ཀྱི་སྡོམ་པ་ལེན། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་བྲམ་ཟེ་སྒྲ་གཅན་འཛིན་གྱི་མདུན་ནས་བསྙེན་རྫོགས་ཀྱི་སྡོམ་པ་ལེན། བྲམ་ཟེ་སྒྲ་གཅན་འཛིན་གྱིས་སྲས་སྒྲ་གཅན་འཛིན་གྱི་མདུན་ནས་བསྙེན་རྫོགས་ཀྱི་སྡིམ་པ་ལེན། སྲས་སྒྲ་གཅན་འཛིན་གྱིས་འཕགས་པ་ཤཱ་རིའི་བུའི་མདུན་ནས་བསྙེན་རྫོགས་ཀྱི་སྡོམ་པ་ལེན། འཕགས་པ་ཤཱ་རིའི་བུས་ཚུར་ཤོག་གི་སྒོ་ནས་བསྙེན་པར་རྫོགས། བདག་ཅག་གི་སྟོན་པས་རང་བྱུང་གི་སྒོ་ནས་བསྙེན་པར་རྫོགས་པ་བཅས་བརྒྱུད་པ་བར་མ་ཆད་པར་ཆུ་འགོ་གངས་དང་ཆོས་འགོ་རྒྱ་གར་ཟེར་བ་ལྟར་རིམ་བཞིན་ཡོང་ཡོད་དེ་ཀུན་གྱིས་ཐུགས་འཇགས་གནང་རོགས་ཞུ།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།