ཇོ་ནང་པའི་གྲྭབ་མཐའ་བྱུང་ཚུལ།

༄༅། །ཇོ་ནང་པའི་གྲུབ་མཐའ་བྱུང་ཚུལ་བརྗོད་པ།

རྩོམ་པ་པོ། མཁས་དབང་བདེ་ལེགས་རབ་རྒྱས། 

ཆོས་རྗེ་ཀུན་སྤངས་ཆེན་པོ་ཞང་ཐུགས་རྗེ་བརྩོན་འགྲུས་ནི། མདོག་གི་དབ་ཕྱར་དུ་སྐུ་འཁྲུངས།ས་སྐྱ་དང་མདར་སོགས་དབུས་གཙང་གི་གྲྭ་ས་ཕལ་ཆེར་དུ་ཕེབས།  མདོ་སྔགས་ཐམས་ཅད་ལ་མཁྱེན་པ་ཤིན་ཏུ་རྒྱས། ཆུ་མིག་པ་སེང་གེ་དཔལ་སོགས་མཁས་མཆོག་ཐམས་ཅད་ཟིལ་གྱིས་མནན། དེ་ནས་འཇམ་གསར་གྱི་གདན་ས་རྐྱང་འདུར་གྱི་ཆོས་དཔོན་མཛད་ཅིང་། ཀུན་མཁྱེན་ཆོས་སྐུ་ལ་མངའ་བའི་གཞུང་གདམས་ངག་ཐམས་ཅད་གསན། ཁྱད་པར་དུས་འཁོར་ར་ལུགས་སྔར་ནས་མཁྱེན་ཅིང་། ཀུན་མཁྱེན་ཆོས་སྐུ་བ་ལ་འབྲོ་ལུགས་ཀྱི་དབང་རྒྱུད་བཤད་དང་། སྦྱོར་དྲུག་ཉམས་ཁྲིད་དུ་གསན་པས། ཉམས་རྟོགས་ཀློང་བརྡོལ། སྤྱིར་སྦྱོར་བ་ཡན་ལག་དྲུག་པའི་གདམས་པ་མི་འདྲ་བ་བཅུ་བདུན་ཙམ་གསན་ཅིང་ཉམས་སུ་མྱོང་བར་མཛད། སྲོག་རྩོལ་བསྒོམས་པས་འབྱུང་བ་ལྔའི་རླུང་སྟོབས་སུ་གྱུར་ཏེ། ཐུགས་ཉམས་འུར། ཕྱག་ཡ་རེ་མི་བཅུས་མི་ཐུབ་པ་དང་། གཟིམ་ཁང་ན་ཡོད་པ་རྣམས་རེས་འཁྱགས་ཏེ་མི་ཚུགས་པ་དང་།རེས་འགའ་ཚད་པས་གདུངས་ཏེ་མི་ཚུགས་པ་དང་། གཟིམ་ཁང་ཡོམ་ཡོམ་དུ་གཡོ་བ་དང་། བུག་སྒོ་དང་རྩིག་པ་ལ་ཐོགས་མེད་དུ་གཤེགས་པ་རྣམས་བྱུང་། ལན་ཅིག་སྲོག་གེགས་ཅུང་ཟད་བྱུང་བ་ན། ཀུན་མཁྱེན་ཆོས་སྐུ་བས་མངོན་ཤེས་ཀྱིས་མཁྱེན་ནས་ཕེབས་ཏེ་བསལ། དེར་ཉམས་རྟོགས་མཐར་ཕྱིན་ནས། སྤྱན་རས་གཟིགས་ཞལ་བཅུ་གཅིག་པ་སོགས་ཡི་དམ་དཔག་ཏུ་མེད་པའི་ཞལ་གཟིགས། དེ་ནས་འཆད་ཉན་བོར་ཏེ་ཀུན་སྤངས་མཛད། རི་ཁྲོད་ངེས་མེད་ལ་ཐེགས། ལྷ་སའི་ཇོ་བོ་བཅུ་གཅིག་ཞལ་ལ་གསོལ་བ་ཡུན་རིང་དུ་བཏབ་པས། སྤྱན་རས་གཟིགས་ཀྱི་དམར་ཁྲིད་ཀྱི་བཀའ་རྒྱ་གྲོལ་བའི་ལུང་བསྟན་བྱུང་། སེ་མཁར་ཆུང་དུ་བཞུགས་པའི་ཚེ།དུས་ཀྱི་འཁོར་ལོའི་རྒྱུད་ཀྱི་སྙིང་པོ་བསྡུ་བར་དགོངས་ནས་གསོལ་བ་བཏབ་པས། ཆོས་རྒྱལ་རིགས་ལྡན་རྣམས་དུས་གཅིག་ཏུ་ཞལ་གཟིགས་ནས་བཀས་གནང་། འདི་ལ་དགེ་མཚན་ལན་གསུམ་བྱུང་། དེ་ནས་ནག་སྨན་རྒྱལ་མོས་སྤྱན་འདྲེན་བྱུང་ཡང་། ཅུང་ཟད་དུས་ལ་མ་བབ་པར་མཁྱེན་ཏེ།ལོ་གསུམ་ནས་འབྱོན་པར་ཞལ་གྱིས་བཞེས། ཕྱིས་ཕེབས་ནས་མཁའ་སྤྱོད་བདེ་ལྡན་དུ་རྣལ་འབྱོར་ཡན་ལག་དྲུག་པའི་མན་ངག་སྙན་རྒྱུད་དུ་བཞུགས་པ་རྣམས་ཡི་གེར་འགོད་པར་མཛད་པ་ན། དུས་ཀྱི་འཁོར་ལོའི་ཞལ་གཟིགས་ནས་ལུང་བསྟན་ཐོབ། འདི་སྦྱོར་དྲུག་གི་ཁྲིད་ཡིག་རྒྱས་པ་བོད་དུ་བྱུང་བའི་སྔ་ཤོས་ཡིན། གྲུབ་ཐོབ་སེ་མོ་ཆེ་བ་ཡན་ཆད་དུས་འཁོར་ལ་ཤིན་ཏུ་བཀའ་དོགགཉན་ཆ་ཆེ་བ་ཡིན། ཆོས་རྗེ་འཇམ་གསར་ནས་བཟུང་ཅུང་ཟད་བཀའ་ཡངས་སུ་སོང་། ཀུན་སྤངས་པ་ནས་བཀའ་རྒྱ་གྲོལ་བ་ལས། སྔར་སྙན་རྒྱུད་ཡིན་ཚུལ་ཤེས་དགོས་སོ།། འཕྲོས་དོན་ཅུང་ཟད་དོ།། 

ཕྱིས་ཀུན་སྤངས་པ་སྐྱིད་ཕུག་བདེ་ལྡན་དུ་བཞུགས། རྣལ་འབྱོར་དབང་ཕྱུག་པིརླུ་བས་ཞལ་གཟིགས། ལམ་འབྲས་ལ་འཁྲུགས་སྡེབས་ཀྱི་ཡིག་ཆ་མཛད། གསང་སྔགས་གསར་རྙིང་སྒོ་མཐའ་དག་ནས་སྤེལ། ཕྱོགས་རིས་སུ་མེད་པ་ནས་འདུས་པའི་སྒོམ་ཆེན་དྲུག་བརྒྱ་རེ་རྟག་ཏུ་འཚོགས། ཉམས་རྟོགས་བཟང་པོ་མ་སྐྱེས་པ་གཅིག་ཀྱང་མེད། སྦྱོར་དྲུག་ལ་ཉམས་ལེན་གྱི་མཐིལ་དུ་མཛད། རྒྱུད་འགྲེལ་ཆེན་མོ་ཡང་མང་དུ་གསུངས རྒྱུད་ཀྱི་སྙིང་པོ་ལོ་རེ་བཞིན་ལན་གཉིས་གཉིས་གསུངས། བྱང་སེམས་ཆེན་པོ་གདན་སར་བསྐོས་ནས། ཞིང་འདི་ན་གདུལ་བྱ་མེད་པས་གཞན་དུ་འགྲོ་ཞེས་སྐུ་འདའ་བར་དགོངས་པ་ན། བྱང་སེམས་ཆེན་པོ་བསྙུང་བས་ཟླ་ཤས་ཤིག་སྐུ་ཚེ་བསྲིངས། ཡང་གཤེགས་པར་བཞེད་པ་ལ་སློབ་མ་རྣམས་ཀྱིས་གསོལ་བ་བཏབ་པས་ཟླ་བ་ཕྱེད་བཞུགས། དེ་ནས་བསྙུང་བ་མེད་པར་སྐུ་འདས་སོ།།

བྱང་སེམས་ཆེན་པོ་རྒྱལ་བ་ཡེ་ཤེས་ནི། འཁྲུངས་ཡུལ་མདོ་ཁམས། ཆུང་ངུའི་དུས་སུ་ཀརྨ་པཀྵིའི་གྲྭ་བ་ཡིན། རྗེ་པཀྵི་དེ་སྐུ་འཁོར་ཐམས་ཅད་ལ་བཀའ་དྲག་ཏུ་བཀྱོན་པ་ཞིག་ཡོད་པས། ཤིན་ཏུ་འཇིགས་པ་ཞིག་ཡོད་པ་ལ། ཤིང་ཁུར་ཞིག་བསྣམས་ནས་བྱོན་པས། ནགས་གསེབ་ཅིག་ཏུ་བླ་མ་སྐུ་རྐྱང་བྱོན་པ་དང་ཐུག་ནས་མཇལ། སྐྲག་སྟེ་བྲོས་པས། བླ་མ་ན་རེ། ད་ལྟ་བླ་མ་ལ་བྲོས་ན་བར་དོར་ཡང་འབྲོས། ཚུར་ཤོག་གསུངས། དེ་ནས་འཇིགས་པ་སངས།ལོ་མང་དུ་བསྟེན། ཁོང་ལ་མངའ་བའི་གདམས་ངག་ཐམས་ཅད་གསན་ཅིང་བསྒོམས། འོན་ཀྱང་དེ་སྐབས་ཉམས་མྱོང་རྩལ་ཆེ་བ་ཙམ་མ་བྱུང་། དེ་ནས་བླ་མ་དམ་པའི་ཞལ་ནས། རི་ཁྲོད་ངེས་མེད་འགྲིམས། ཆོས་ལ་ཕྱོགས་རིས་མ་བྱེད། བླ་མ་བཟང་པོ་གཅིག་དང་མཇལ་བར་འདུག་གི་གསུང་པས་དེ་བཞིན་དུ་མཛད།ཤར་བ་འཇམ་དབྱངས་ཆེན་པོའི་སྐུ་གཤོགས་སུ་ཡུན་རིང་བཞུགས། མདོ་སྔགས་ཀྱི་ཆོས་མང་དུ་གསན། ཆོས་རྗེ་ཀུན་སྤངས་ཆེན་པོ་དང་མཇལ་ནས་ཤིན་ཏུ་དད་པ་ཐོབ།རྣལ་འབྱོར་ཡན་ལག་དྲུག་པ་གསན་པས་ཉམས་རྟོགས་མཐར་ཕྱིན། གཞུང་གདམས་ངག་ཐམས་ཅད་བུམ་པ་གང་བྱོས་གནང་། གནས་ངེས་མེད་དུ་གཤེགས་པར་བཞེད་པ་ལ།འཇམ་དབྱངས་ཆེན་པོའི་བཀའ་མ་ཆོག་སྟེ། བདེ་ཆེན་གྱི་དགོན་པ་བཏབ། སྒྲུབ་པའི་ངང་ནས་ཆོས་ཀྱང་མང་དུ་གསུངས། ཐུགས་རྗེ་ཆེན་པོའི་རང་བཞིན་དུ་བཞུགས་པས།བྱང་སེམས་ཆེན་པོའི་མཚན་ཐོགས། ཀུན་སྤངས་ཆེན་པོའི་བཀའ་གནང་བ་ལ་བརྟེན་ཇོ་ནང་གི་གདན་སར་ཕེབས། དགོན་གཉིས་ཀ་རུ་སྒྲུབ་གྲྭ་རྒྱ་ཆེར་བསྐྱངས། ཞབས་ལ་གཏུགས་ཚད་གནས་ལུགས་ཀྱི་རང་ཞལ་ཤེས་པ་ཁོ་ན་བྱུང་། མཐར་ཕུག་མོ་ཆོས་རྫོང་གི་རི་ཁྲོད་དུ་སྐུ་གཤེགས་སོ།།

མཁས་བཙུན་ཆེན་པོ་ཡོན་ཏན་རྒྱ་མཚོ་ནི། བྱང་སེམས་ཆེན་པོ་དེ་ཉིད་ཀྱི་མཆེད་གྲོགས་དང་། སློབ་མ་དང་། རྒྱལ་ཚབ་གསུམ་ཀ་ཡིན། མདོག་གི་མཁར་རྙིང་དུ་སྔགས་རྙིང་མའི་རྒྱུད་དུ་འཁྲུངས། གྲྭ་ས་མང་དུ་བསྟེན་པ་ལས། གཙོ་བོ་མདར་དུ་སྦྱངས་པ་མཛད། གསང་སྔགས་ཕྱོགས་ཀྱི་བླ་མ་མང་དུ་བསྟེན། ཁྱད་པར་ཤར་བ་འཇམ་དབྱངས་ཆེན་པོའི་བུ་ཆེན་དང་ཟུར་ཆོས་པའི་གཙོ་བོ་ཡིན། ཁོང་བའི་བཀུའ་ནན་གྱིས་ཐུགས་བློས་མི་ལོངས་བཞིན་དུ་རྒྱ་ནག་ཏུ་ཡང་ཕེབས་དགོས་བྱུང་། ཆོས་རྗེ་ཡབ་སྲས་གཉིས་དང་སྔར་ནས་དཔོན་སློབ་ཏུ་གྱུར་པ་ཡིན་ཅིང་། དེ་སྐབས་ཇོ་ནང་དུ་ཕེབས།ཀུན་སྤངས་ཆེན་པོ་ལ་ཟབ་ལམ་གྱི་ཁྲིད་གསན། མཚན་མོའི་རྣལ་འབྱོར་ཞག་ཉི་ཤུ་རྩ་གཅིག་ལ་རྫོགས་པར་མཐར་ཕྱིན། ཉིན་མོའི་རྣལ་འབྱོར་གྱི་སྐབས་འཕར་གཡོའི་ཉམས་ཆེར་བྱུང་སྟེ། མདའ་རྒྱང་ཙམ་དང་རྡོ་རྒྱང་ཙམ་དུ་འཕར་བའི་འཕར་གཡོས་ཇོ་ནང་གི་རི་ཀླུང་མེད་པར་བྱོན་པ་ཞག་བདུན་གྱི་བར་དུ་བྱུང་། དེ་སངས་ནས་མཉམ་ཉིད་ཆེན་པོ་གཅིག་གི་ངང་དུ་གྱུར།མངོན་མཁྱེན་ཐོགས་པ་མེད་པར་མངའ།ཆོས་ལམ་གསན་དང་འདི་མི་མཁྱེན་མེད་པ་ཙམ་ཡིན། སྐུ་བཙུན་པ་རབ་ཀྱི་མཐུཐུག་པས་ཚུལ་ཁྲིམས་ཀྱི་དྲི་བསུང་རྒྱ་ཆེར་འཕྲོ་བ་ཞིག་སྟེ། དང་པོ་ཀུན་སྤངསཆོས་རྗེ་བླ་མར་བསྟེན་ཚུལ་རྒྱུད་ནས་བཤད་པ་ལྟར་བསྟེན། དེ་རྗེས་བྱང་སེནཆེན་པོ་གདན་སར་ཕེབས་པ་ལ་ཡང་། ཀུན་སྤངས་ཆེན་པོ་དང་ཁྱད་མེད་བསྟེན། བྱང་སེམས་ཆེན་པོ་སྐུ་འདས་ནས་ཇོ་ནང་གི་གདན་སར་ཕེབས།རྒྱུད་ཀྱི་བསྟན་པ་རྒྱ་ཆེར་བསྐྱངས་ཏེ། ལོ་བདུན་ལྷག་ཙམ་ནས་ཀུན་མཁྱེན་ཆེན་པོ་གདན་སར་བསྐོས། དེ་རྗེས་ལོ་གཉིས་ཙམ་ནས་སྐུ་འདས་སོ།། ཀུན་སྤངས་ཆེན་པོ་ཞང་ཐུགས་རྗེ་བརྩོན་འགྲུས་མ་ཅིག་ནག་སྨན་རྒྱལ་མོའི་གནས་རིའི་ནང་ལོགས་རི་ཁྲོད་མཁའ་སྤྱོད་བདེ་ལྡན་དུ་བཞུགས་པ་ནས་ཇོ་ནང་ཀུན་སྤངས་པ་ཞེས་པའི་མཚན་ཆགས།བྱང་སེམས་རྒྱལ་བ་ཡེ་ཤེས་དང་། མཁས་བཙུན་ཡོན་ཏན་རྒྱ་མཚོ་རྣམ་གཉིས་ཀྱིས་རིམ་བཞིན་ཀུན་སྤངས་ཆེན་པོའི་གདན་ས་བསྐྱངས་པས་ཇོ་ནང་བའི་མཚན་ཙམ་ཐོགས་ནའང་། ཇོ་ནང་པ་ཞེས་པའི་གྲུབ་མཐའ་འདིའི་གཞི་ལམ་འབྲས་གསུམ་གྱི་རྣམ་བཞག་སྤྱི་དང་། 

ཁྱད་པར་དུ་གཞན་སྟོང་གི་གྲུབ་མཐའ་ཁྱབ་པར་སྤེལ་བ་པོ་ཆོས་རྗེ་ཀུན་མཁྱེན་ཆེན་པོ་དུས་གསུམ་སངས་རྒྱས་ནི། འཁྲུངས་ཡུལ་དོལ་པོ་པན་ཚང་བ། རུས་སྔགས་རྙིང་མ་ཡིན། ཡུལ་དུ་བླ་མ་སྐྱི་སྟེངས་པ་སོགས་བླ་མ་མང་དུ་བསྟེན། ཆོས་ཀྱང་རྙིང་མ་དང་། དབུ་མ་རིགས་ཚོགས་སོགས་དང་། རིག་གནས་བཟོ་གནས་ཕྲ་མོ་མང་པོ་ཆུང་ངུའི་དུས་ནས་ཚེགས་མེད་དུ་མཁྱེན། དགུང་ལོ་བཅུ་བདུན་པ་ལ་སྐྱི་སྟོན་འཇམ་དབྱངས་གྲགས་པ་རྒྱལ་མཚན་གློ་བོ་སྟོད་དུ་ཕེབས་པ་དང་མཇལ། ཕྲེང་བ་སྐོར་གསུམ་སོགས་ཀྱི་ལག་ལེན་དང་ཆོས་ཀྱང་མང་དུ་གསན། དེ་རྗེས་མར་ཕེབས་པ་དང་ཡང་མཇལ་ནས་གསང་སྔགས་ཀྱི་ཆོས་སྣ་མང་པོ་དང་། ཚད་མ་བསྡུས་པ་མཁྱེན་པར་མཛད། དེ་རྗེས་སྐྱི་སྟོན་འཇམ་དབྱངས་ཀྱི་དྲུང་དུ་བྲོས་ནས་ཕེབས། ལམ་སྐབས་སུ་འོ་བརྒྱལ་མང་པོ་བྱུང་ཡང་ཐུགས་ཀྱི་བརྟན་པ་མ་ཞུམ། དེ་ནས་ས་སྐྱར་སྐྱི་སྟོན་འཇམ་དབྱངས་ཀྱི་དྲུང་དུ་ཕར་ཚད་མངོན་པ་གསུམ་དུས་གཅིག་ཏུ་བསླབས་པས།གྲོགས་རྣམས་ཀྱིས་གཅིག་ལ་དྲིལ་བ་འཐད་ཟེར་ཡང་མ་ཉན་པར་གསུམ་པོའི་སྟེང་དུ་སྔགས་ཆོས་འགའ་ཡང་བསྣན།ལོ་ཕྱེད་དང་གཉིས་ནས་གཞུང་བཞི་ཆར་འགྲེལ་བ་དང་བཅས་པའི་ཚིག་དོན་མཐའ་དག་ཐུགས་སུ་ཆུད་ནས་རྟ་ནག་ཏུ་ཕེབས། སློབ་དཔོན་རིན་ཡེའི་དྲུང་དུ་ཟླ་བ་གསུམ་ཙམ་བཞུགས། རྡེའུའི་བཅུད་ལེན་སོགས་ཁ་ཟས་རྒྱུན་གཅོད་ཀྱི་གདམས་ངག་སྤྱོད་བཞིན་དུ་བྱམས་ཆོས་ལྔའི་བཤད་པ་ཚར་གཅིག་གསན། དེ་རྗེས་བཤད་གསར་མཛད།བཀའ་རྒྱས་འབྲིང་བསྡུས་གསུམ་སོགས་ཤེར་ཕྱིན་གྱི་མདོ་རྣམས་ཡུད་ཙམ་གསན་པས་ཐམས་ཅད་ཐུགས་སུ་ཆུད། དབུས་གཙང་གི་སྡེ་ཕྱལ་ཆེར་དུ་གྲྭ་སྐོར་ལ་ཕེབས། མཁྱེན་རབ་ཀྱི་རྩལ་དང་། རིགས་པའི་རྣམ་འགྱུར་བཟང་ཞིང་། ཤེར་ཕྱིན་འབུམ་པ་སོགས་མདོ་སྡེ་དུ་མའི་ཚོགས་མཐའ་དག་ཐུགས་ལ་བྱང་བར་བཞུགས་པ་དང་། གཞུང་ཆེ་ཆུང་གང་ལ་ཡང་ཐོགས་པ་མེད་པར་མཁྱེན་པ་རྒྱས་པས། ཐམས་ཅད་ཀྱིས་ཀུན་མཁྱེན་རང་དུ་འདུག་ཅེས་བསྔགས་པས། ཀུན་མཁྱེན་གྱི་མཚན་དེ་དུས་ནས་ཀྱང་ཐོགས། སྤྱིར་མདོ་སྔགས་ཀྱི་ཆོས་གསན་པའི་བླ་མ་སུམ་ཅུ་ལྷག་ཅིག་མངའ། མཆོག་ཏུ་གྱུར་བ་སྐྱི་སྟོན་འཇམ་པའི་དབྱངས་ལ་མདོ་སྔགས་ཀྱི་གཞུང་ཆེ་ཆུང་དཔག་ཏུ་མེད་པ་དང་། དབང་བསྐུར་རང་ཡང་ཟུར་བཀའ་བདུན་ཅུ་ཙམ་གསན། དཔལ་དུས་ཀྱི་འཁོར་ལོའི་ཕྱོགས་ལ་ཡང་།དང་པོར་བླ་མ་འདིའི་དྲུང་དུ་དབང་རྒྱུད་མན་ངག་ཐམས་ཅད་ལ་ཤིན་ཏུ་མཁས་པར་མཛད་པ་ཡིན།འཆད་ཉན་ཟུར་ཆོས་པ་ཡང་ལོ་ཤས་མཛད། ཆོས་ལུང་ཚོགས་པའི་མཁན་ཆེན་བྱང་སེམས་བསོད་ནམས་གྲགས་པ་ལ་བསྙེན་རྫོགས་ཞུས་ཤིང་། འདུལ་བ་མདོ་རྩ་གཞུང་འགྲེལ་དང་བཅས་པ་མ་ལུས་པ་གསན་ཅིང་མཁྱེན་ནས་སྐུ་བཙུན་པའི་མཐར་ཐུག་པར་བཞུགས།

བར་སྐབས་དེར་ཡུལ་དུ་ཕེབས་ཏེ་ལོ་གཅིག་བཞུགས། སླར་ས་སྐྱར་ཕེབས།དགུང་ལོ་སུམ་ཅུ་བ་ལ་ཇོ་ནང་དུ་དོན་གཅོད་གཅིག་ལ་ཕེབས་པས་སྒྲུབ་ཚུགས་ལ་ཐུགས་དད་སོང་། དེ་ནས་ལྷ་ས་དང་མཚུར་ཕུ་སོགས་སུ་ཕེབས། ཆོས་རྗེ་རང་བྱུང་བ་དང་ཆོས་ཀྱི་གསུང་གླེང་མང་དུ་མཛད། རང་བྱུང་བས་ཁྱེད་ལ་ལྟ་གྲུབ་དང་ཆོས་སྐད་ད་ལྟའི་འདི་བས་ཀྱང་ཆེས་བཟང་བ་ཞིག་མྱུར་དུ་འོང་། ཞེས་ལུང་བསྟན། དགུང་ལོ་སོ་གཅིག་པ་ལ་ཇོ་ནང་དུ་ཕེབས། མཁས་བཙུན་ཆེན་པོ་ལ་སྤྱིར་དབང་དང་གདམས་པ་མང་དུ་གསན།སྦྱོར་དྲུག་ལ་ཉམས་ཁྲིད་མཛད། དམིགས་པ་ཞུ་བའི་སྐབས་མ་གཏོགས་སུ་དང་ཡང་མི་འཕྲད་པར་མཁའ་སྤྱོད་བདེ་ལྡན་དུ་བཞུགས། སོར་བསམ་གྱི་ཉམས་རྟོགས་མཐར་ཕྱིན་པས། བླ་མས་མགྱོགས་ཁྲིད་བྱ་གསུང་བ་ལ། གོལ་ལེ་སྐྱོང་བར་ཞུས་ཏེ་སྒོམ་པར་མཛད་པས་སྲོག་རྩོལ་མཐར་ཕྱིན་པའི་རྟགས་རྒྱུད་ནས་བཤད་པ་བཞིན་མངའ། དེ་ནས་ལྷ་སར་སྨོན་ལམ་མཛད་ཅིང་ཡེར་བར་ཐོག་གཅིག་ཐུགས་དམ་ལ་བཞུགས། ཡང་ཡར་ཕེབས་ཏེ་སྐྱིད་ཕུག་ཏུ་བླ་མ་ཀུན་སྤངས་ཆོས་གྲགས་པ་ལ་འགྲེལ་ཆེན་ཚར་གཅིག་གསང་ནས་གསུངས། མཁས་བཙུན་ཆེན་པོའི་གསུང་གནང་བས། དགེ་བཤེས་ལྔ་བཅུ་ཙམ་ལ་རྒྱུད་འགྲེལ་གྱི་བཤད་པ་རྒྱས་པ་ཚར་གཅིག་གསུངས། དེ་ནས་བླ་མའི་བཀའ་ནན་ཆེན་པོས་གདན་སར་ཕེབས། མཁས་བཙུན་ཆེན་པོ་ཤིན་ཏུ་དགྱེས་ནས་ལོ་གཉིས་སུ་ཉེ་བ་ཞིག་ཉིན་མཚན་མེད་པར་དབང་ལུང་ཁྲིད་བཤད་པ་སོགས་བླ་མ་ཉིད་ལ་མངའ་བའི་ཆོས་ཐམས་ཅད་བསྩལ། སྤྱིར་སྐྱི་སྟོན་འཇམ་དབྱངས་དང་། མཁས་བཙུན་ཆེན་པོ་ལ་ཆོས་གསན་པ་ནི་མཐའ་ཡས་ཏེ་མིང་ཙམ་འཛིན་པ་ཡང་དཀའ་འོ།། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོས་མདོ་སྔགས་ཀྱི་གཞུང་མང་པོར་ཐོས་བསམ་སྒོམ་གསུམ་དང་། འཆད་སྤེལ་གྱི་སྒོ་ནས་བསྟན་པ་བསྐྱངས་ཚུ་ལ་ལ་སོམས་དང་། ཇོ་ནང་པར་ཁས་འཆེ་བ་འགའ་ཞིག་གིས་གཞུང་ལུགས་སྦྱངས་ན་སེམས་ངོ་སྐྱོངས་ཚུལ་མེད་ཅེས་པ་དང་། སྦྱོར་དྲུག་ཉམས་ལེན་ལ་དཔེ་ཆ་བལྟ་མི་རུང་ཟེར་བ་ནི། བསྟན་པ་ལ་གནོད་པའི་ཐན་སྐད་ཡིན་པས་རྣ་བ་དགབ་པར་གྱིས་ཤིག གཞན་སྟོང་གི་ལྟ་སྒོམ་ཁྱད་པར་ཅན་ནི་མཁའ་སྤྱོད་བདེ་ལྡན་དུ་བཞུགས་པའི་ཚེ་ཐུགས་ལ་འཁྲུངས་པ་ཡིན་ཀྱང་། ལོ་ཤྭས་ཤིག་གཞན་ལ་མ་གསུངས།གདན་སར་ཕེབས་ནས་ལོ་ཤས་ནས་སྐུ་འབུམ་ཆེན་པོའི་རྨང་འདིངས་པ་དང་བཟང་ལྡན་གོང་གི་ཆོས་ཁྲིར་བཞུགས། བཤེས་གཉེན་དམ་པ་བཅུ་ལྷག་ལ་སྙིང་པོའི་མདོ་བཅུའི་བཤད་པ་རང་བཞེད་རྩལ་དུ་བཏོན་ནས་རྒྱས་པར་གསུངས། གཞན་སྟོང་སྟོན་པའི་གསུང་རབ་ཐན་ཐུན་ཀྱང་མང་དུ་མཛད། དཔེ་རྣམས་དང་ཆོས་སྐད་ཕྱོགས་ཐམས་ཅད་དུ་ཁྱབ་པས་མཁས་པ་ཕལ་གྱི་བློར་མ་ཤོང་། དངོས་སུ་འབེལ་གཏམ་རྩོད་པ་ཞུས་པ་རྣམས་རྒྱ་མཚོ་ལ་ཁ་བ་བབས་པ་བཞིན་དུ་སོང་བས། དངོས་སུ་མཇལ་བ་རྣམས་གྲུབ་མཐའ་ལ་ངེས་ཤེས་དང་བླ་མ་ལ་དད་པ་ཐོབ་པ་ཤ་སྟག་བྱུང་། རིང་ནས་ངག་ལན་དང་རྩོད་ཡིག་བསྐུར་བ་རྣམས་ལ་ཆོས་དང་མཐུན་པའི་ལན་མཛད་པས་ངེས་པ་རྙེད། ཕྱིས་གྲུབ་མཐའ་དེ་རྩོད་བྲལ་དུ་སོང་ནས་ཕྱོགས་བཞིའི་དགེ་བཤེས་དུ་མས་བསྐུལ་ནས་ངེས་དོན་རྒྱ་མཚོ་སོགས་ཡིག་ཆ་ཆེ་བ་རྣམས་མཛད། མཆོད་རྟེན་བཞེངས་པའི་ཚུལ་ཡི་གེར་འཇིགས་ནས་མ་བྲིས། སྐབས་དེར་རི་བོ་བརྩེགས་པའི་རྒྱ་མཚོ་རྡོལ་ཞེས་པའི་གཏམ་འདི་བྱུང་ངོ་།། ག་པའི་ལྷས་ཞལ་གཟིགས་དང་ལུང་བསྟན་སོགས་མཐའ་མེད་དོ།།མཆོད་རྟེན་གྲུབ་རྗེས་སུ་ཧོར་གྱིས་སྤྱན་འདྲེན་འབྱུང་བ་ཡང་སྔ་མོ་ནས་དགོངས། སྤྱན་འདྲེན་བྱུང་བའི་ཚེ་ཉིང་རོ་དང་བར་ཕུག་དང་། ན་དུམ་སོགས་སུ་དབེན་པ་ཁོ་ན་བསྟེན་པ་ལོ་བཞི་ཙམ་མཛད། ཕྱིས་རྒྱལ་པོས་ལུང་བཟང་པོ་གནང་སྟེ་ཕེབས་མི་དགོས་པར་བྱུང་ནས་ཤིན་ཏུ་དགྱེས་ཏེ་དགོན་པར་ཕེབས། དེ་ལ་རྗེ་འདིའི་ཇོ་ནང་གི་གདན་ས་ལོ་བཅུ་བདུན་མཛད་རིང་གཙོ་བོརཇོ་ནང་དུ་བཞུགས་ཤིང་སྒྲུབ་བརྒྱུད་ཀྱི་བསྟན་པ་རྒྱ་ཆེར་སྤེལ། ཚོགས་པ་ཡང་སྒྲུབ་པ་སྙིང་པོར་བྱེད་པ་ཁོ་ན་རང་ཡང་ཉུང་དུས་སུ་སྟོང་ཙམ་རེ་འཚོགས་ཤིང་། སྤྱིར་ཚོགས་པ་ཉུང་དུས་སུ་ཡང་ཉིས་སྟོང་ཙམ་རེ་འདུ་བ་བྱུང་། ཆོས་རྗེ་འདི་ལ་ཟབ་ལམ་གྱི་ཁྲིད་ཞུས་པ་ལ་དགེ་སྦྱོར་གྱི་སྣེ་མ་ཟིན་པ་ནི་གཅིག་ཀྱང་མེད དམག་འཁྲུག་ཡོད་པའི་སྐབས་ཤིག་ཞག་ཤས་བློ་སྦྱོང་ཁོ་ནའི་ཆོས་གསུངས། བཟོད་པའི་བསྔགས་པ་འབའ་ཞིག་མཛད། ཆོས་རར་ཞུགས་ཐོག་དམག་བརྒྱ་ཙམ་སླེབས།སྐུ་ལ་མདའ་རྡོ་མཚོན་སྣ་ཚོགས་འཕངས་ཀྱང་ཅུང་ཟད་ཀྱང་མ་གནོད་པར་གཡོ་མེད་དུ་བཞུགས། དེ་ནས་དད་པ་སྐྱེས་ཏེ་བཤགས་པ་ཕུལ།སྐུ་ཚེའི་སྨད་ལ་ནུབ་ཆོས་ལུང་། འུ་ཡུག སྙེ་མོ། གནམ་སྟོད་ལུང་སོགས་བརྒྱུད་ནས་ཁྱད་པར་ལྷ་སར་ཕེབས་ཏེ་ཟླ་བ་བཅུ་གཅིག་བཞུགས། དབུས་ཕྱོགས་ཀྱི་བླ་མ་སློབ་དཔོན་དགེ་བཤེས་དཔོན་སྐྱ་སྐྱེ་བོ་ཐམས་ཅད་ཀྱིས་ཞབས་ལ་གཏུགས། གང་ཕེབས་ཐམས་ཅད་དུ་རྡོ་རྗེའི་རྣལ་འབྱོར་གྱི་ཁྲིད་དང་།སྐྱེ་བོའི་ཚོགས་ལ་སེམས་བསྐྱེད་དང་། ཡིག་དྲུག་གི་ཆོས་ཁོ་ན་གནང་། ལྷ་སར་བཞུགས་རིང་གདོན་གྱིས་གནོད་པ་ལ་བཀའ་ཤོག་བསྒྲགས་པ་ཙམ་གྱིས་ཕན་པས། བཀའ་ཤོག་ཞུ་བ་ཉིན་རེ་བཞིན་ཤིན་ཏུ་མང་སྟེ་མང་དུས་བརྒྱ་ཙམ་བྱུང་སྐད། ཟབ་ལམ་གྱི་ཁྲིད་ལན་བདུན་གནང་། སྐྱེ་བོ་སྟོང་ཕྲག་མང་པོ་ལ་མཆོག་དབང་གོང་མ་གནང་བས་རོལ་མོའི་སྒྲ་ཐོས་ཚད་ལ་ཡེ་ཤེས་ཕེབས་པའི་རྣམ་འགྱུར་བྱུང་། གཞན་ཡང་དུས་འཁོར་གྱི་རྒྱུད་འགྲེལ་ཆེན་མོ་ཚར་གཅིགའབུམ་གྱི་བཤད་པཚར་གཅིགདབང་མདོར་བསྟན་ཚར་གཉིས།ན་རོ་འགྲེལ་ཆེན་དང་། སེམས་འགྲེལ་ཆུང་བ་ཚར་གཉིས། དབུ་མ་བསྟོད་ཚོགས་ཚར་གསུམ། སྙིང་པོའི་མདོ་བཅུ་དང་། ངེས་དོན་རྒྱ་མཚོ་མང་དུ་གསུངས།དེ་ནས་སྐྱི་སྨད་དང་། ཡར་འབྲོག་དྭང་། ཉང་སྟོད་སོགས་སུ་རིམ་གྱིས་ཕེབས་ནས། དེ་ཀུན་ཏུ་ཡང་ཟབ་ལམ་གྱི་ཁྲིད་མང་དུ་གསུངས། ཤམ་པོ་རྩེ་ལྔ་ལ་བདེ་གཤེགས་སྙིང་པོའི་དོན་རྟོགས་པ་མང་དུ་འབྱུང་ཞེས་ལུང་བསྟན། ཐམས་ཅད་མཁྱེན་པ་བུ་སྟོན་ཆེན་པོ་དང་འབེལ་གཏམ་མཛད་པར་བཞེད་ནའང་། དངོས་སུ་མཛད་པའི་རྣམ་ཐར་མ་མཐོང་། འདི་རྣམ་གཉིས་ཀྱི་སློབ་ཚོགས་འདྲེས་མར་འདུག། དུས་སྐབས་དེར་གནམ་ལ་ཉི་ཟླ་གཉིས་དང་། ས་ལ་བུ་དོལ་གཉིས། ཞེས་པའི་གཏམ་རྒྱུད་བྱུང་། དེ་ནས་ཇོ་མོ་ནང་དུ་ཕེབས་ནས་ལོ་གཉིས་སུ་ཉེ་བ་ན་གཟུགས་སྐུ་དབྱིངས་སུ་བསྡུ་བར་མཛད་དེ། ཞག་བདུན་ཐུགས་དམ་མ་གྲོལ་བའི་སྐབས། བར་ཕུག་ནས་འཇད་ཀྱི་བར་གཙང་བོ་ཉིས་ལྡབ་ཏུ་བྲི།ཐུགས་དམ་གྲོལ་བའི་ཚེ་བྱང་སེམས་སྤྱི་གཙུག་ནས་ལུད་པའི་སྐབས་ཇོ་མདར་ཇ་སྦྱོར་ཙམ་གྱི་ཡུན་གཙང་བོ་གྱེན་དུ་ལོག་ནས་ཆད། དེ་བར་ལ་མི་འགའ་རེས་འགྲོ་འོང་བྱས།སྐུ་མི་འདའ་བའི་སྔོན་ལོ་ལྔ་ཙམ་ནས་བཤང་གཅི་རྒྱུན་ཆད་པ་དང་། སྔ་མོ་ནས་གཏུམ་མོའི་བདེ་དྲོད་ཀྱི་འུར་ལངས་པ་ལ་ཉིན་མཚན་དང་ཐུན་ཐུན་མཚམས་མེད།མ་ཟོས་བཀྲེས་མེད་ཟོས་ཀྱང་འཇུ།། ཞེས་པའི་ཚུལ་གྱིས།རེས་འགའ་ཞག་གྲངས་མང་པོར་གསོལ་བ་མི་གསོལ་བ་དང་། མཚལ་གུང་ཐང་དུ་ཕེབས་ནས་ཞག་བདུན་བཞུགས་པའི་སྐབས། ཉིན་རེར་ཚ་དྲོ་མཆོད་པ་ཞུ་མཁན་མང་དུས་བཅུ་དང་བདུན་བརྒྱད་རེ་ཁོར་མོར་བྱུང་བ་ཀུན་ལ་ཡང་། དེ་ཀུན་གྱི་བློ་ཁ་ཚིམ་པའི་ཕྱིར་གཞན་པས་ལྷག་པར་གསོལ་བ་མཛད་པས། རེས་འགའ་མི་ཉི་ཤུ་ཙམ་རེའི་ཟས་ཀྱི་ཚད་ཙམ་གསོལ། མི་འཇུ་བའི་རྣམ་པ་ཡེ་མི་མངའ། ཤ་གྲག་སེང་སོགས་སྐྱེས་བུ་དམ་པ་དུ་མ་ཞལ་མཐུན་པར་རིགས་ལྡན་གྱི་སྤྲུལ་བར་ལུང་བསྟན་པ་དང་། འཆིམས་བློ་བཟང་གྲགས་པས་འཕགས་པ་སྤྱན་རས་གཟིགས་ཀྱི་སྐུ་དངོས་སུ་གཟིགས་པ་ཡང་ཡང་བྱུང་བ་དང་། ཉེ་གནས་ནམ་མཁའ་བྱང་ཆུབ་ཀྱིས་འཇམ་དབྱངས་དངོས་སུ་མཐོང་བ་དང་། སྣང་བ་དག་པའི་སྒྲུབ་པ་པོ་ཕོ་མོ་མང་པོས་སྐུ་ལ་མཚན་དཔེ་རྫོགས་པར་མཐོང་བ་སོགས་ངོ་མཚར་བའི་ལྟས་བསམ་གྱིས་མི་ཁྱབ་པ་མངོན་གྱུར་དུ་མངའ། དོན་དུ་ནི། ཕགས་པ་སྤྱན་རས་གཟིགས་ཀྱི་རྣམ་པར་འཕྲུལ་བ་རིགས་ལྡན་པདྨ་དཀར་པོ་དང་གཉིས་སུ་མེད་པའི་ངོ་བོ་ཉིད་ཡིན་པས། དམ་པ་སོ་སོའི་གཟིགས་སྣང་ལ་བྱུང་བ་ཡང་དེར་སྣང་ཞིང་། རྣམ་པ་གཅིག་ཏུ་ན། སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས། རྔ་བོ་ཆེའི་མདོ་དང་། སྤྲིན་ཆེན་པོའི་མདོར་ལུང་བསྟན་པ། ལི་ཙཱ་བི་གཞོན་ནུ་འཇིག་རྟེན་ཀུན་གྱི་མཐོང་ན་དགའ་བ་ཞེས་བྱ་བ།མ་འོངས་པའི་དུས་ན། ཀ་ཡོ་རིའི་རྒྱུད་དུ་སྟོན་པའི་མཚན་འཆང་བའི་དགེ་སློང་དུ་གྱུར་ཏེ།མདོ་སྡེ་དུ་མ་གསལ་བར་བྱེད་ཅེས་པའི་སྟོན་པའི་མཚན་ནི། ཀུན་མཁྱེན་ཞེས་ཡོངས་སུ་གྲགས་པ་སྟེ། ཆོས་རྗེ་འདི་ཉིད་ལུང་བསྟན་པར་དངོས་སློབ་རྣམས་བཞེད་པ་ཡང་དོན་ལ་གནས་པ་ཡིན་ཅིང་། ཆོས་རྗེ་ཉིད་ཀྱིས་ཀྱང་དོན་གྱི་ཞལ་གྱིས་བཞེས་པར་མངོན་ནོ།། དེ་ཕྱིར་གསང་གསུམ་གྱི་མཛད་པ་མཐའ་དག་དེ་བཞིན་གཤེགས་པ་ཁོ་ནའི་སྤྱོད་ཡུལ་ལོ།།ཆོས་རྗེ་ཐམས་ཅད་མཁྱེན་པ་འདི་ལ། རིགས་ལྡན་གྱི་སྤྲུལ་བ་ཡིན་པའི་སྙན་གྲགས་ཆེ་བ་དང་། དཔལ་དུས་ཀྱི་འཁོར་ལོའི་ཆོས་ཀྱི་མངའ་བདག་ཆེན་པོར་མངོན་སུམ་དུ་བཞུགས་པ་ལ་བརྟེན། དུས་མཉམ་ཀྱི་དགེ་བཤེས་ཕལ་མོ་ཆེ་ཞིག་གིས་ཆོས་འདི་དང་འབྲེལ་བའི་མན་ངག་ཅི་རིགས་པ་མ་གསན་པ་མེད་པ་ལྟ་བུ་ཡིན། དབང་རྒྱུད་མན་ངག་རྫོགས་པར་གསན་པ་ཡང་སྟོང་ཕྲག་མང་པོ་དང་དབང་དང་ཁྲིད་ཆ་ཚང་བ་ཐོབ་པ་ཁྲི་ཕྲག་བརྒལ་བ་དང་། མཆོག་དབང་གོང་མ་དང་། སོ་སོར་སྡུད་པའི་ཁྲིད་གསན་ཅིང་ཉམས་མྱོང་སྐྱེས་པ་ནི་བགྲང་བར་མི་སྤོབས་པ་ཙམ་ཡོད་པར་གྲགས་ཤིང་། སྤྱིར་བསྟན་པ་སྒོ་ཐམས་ཅད་ནས་རྒྱས་པར་མཛད། སྒོས་སུ་བོད་ཀྱི་རི་སུལ་ཐམས་ཅད་རྡོ་རྗེའི་རྣལ་འབྱོར་གྱི་སྒྲུབ་པ་པོས་ཁྱབ་པ་དང་། བཤད་ཉན་གྱི་གྲྭ་ཐམས་ཅད་དུ་སྙིང་པོའི་མདོ་དང་རྒྱུད་བླ་མའི་བསྟན་བཅོས་ལས་བརྩམས་ཕྱིར་མི་ལྡོག་པ་འཁོར་ལོའི་གཏམ། བདེ་གཤེགས་སྙིང་བོ་སེང་གེའི་སྒྲས་ཁྱབ་པར་མཛད་དེ། རྔ་བོ་ཆེའི་མདོ་ལས་ལུང་བསྟན་པ་ལྟར།ལོ་བརྒྱད་ཅུ་ལྷག་གི་བར་དུ་དེ་ལྟ་བུའི་རྒྱུན་གནས་པར་གྱུར་ལ། དེ་རྗེས་ལྟ་བ་མཐོ་རུ་རེ་ཞིང་སྤྱོད་པ་དྲང་དོན་ཀུན་རྫོབ་ལ་ལྷག་པར་ཞེན་པའི་ངང་ཚུལ་ཅན།སྙན་གྲགས་དང་། དབང་ཐང་དང་། འཁོར་ཚོགས་བསྡུ་བའི་བགོ་སྐལ་ཅན་མང་དུ་བྱོན་པ་ལ་བརྟེན། སྔོན་བཞིན་གསལ་བར་མ་གྱུར་ཀྱང་། དུས་ཐ་མའི་ཐ་མ་ད་ལྟའི་བར་དུ་ཡང་། རྡོ་རྗེའི་རྣལ་འབྱོར་སྒོམ་པ་དང་། དེ་བཞིན་གཤེགས་པའི་སྙིང་པོའི་གཏམ་སྲོལ་ཁ་མ་ནུབ་ཙམ་ཡོད་ཅིང་།བར་སྐབས་སུ་མང་དུ་བྱུང་བ་ནི་དམ་པ་འདི་ཁོ་ནའི་དྲིན་ནོ།། ཡང་དམ་པ་འདིས་དང་པོ་ས་སྐྱར་འཆད་ཉན་ལ་ཐུགས་གཞོལ་བའི་ཚེ། ཀ་ཆེན་བཞི་དང་། རིག་ཚོགས་ལྔ།དབུ་མ་འཇུག་པ། བྱམས་ཆོས་ཕྱི་མ་བཞི་རྣམས་ལན་མང་དུ་གསུངས། སྔ་ཕྱིར་གཞུང་ཕྲན་མི་གཅིག་པ་ཡང་བཅུ་ཙམ་གསུངས། ཕྱིས་སྒྲུབ་པ་ལ་ཐེགས་ནས་སྟར་ཆགས་སུ་སྐྱོང་པའི་འཆད་ཉན་གྱི་གྲྭ་འཛུགས་པ་ནི་ཡེ་མ་མཛད། དོན་གཉེར་ཅན་མཁས་པ་མང་པོ་འདུས་པ་ལ། བྱམས་ཆོས་སྡེ་ལྔ་དང་། དབུ་མ་བསྟོད་ཚོགས་དང་། སྙིང་པོའི་མདོ་རྣམས་དང་།འགྲེལ་ཆེན་དྲི་མ་མེད་པའི་འོད་སོགས་སེམས་འགྲེལ་སྐོར་གསུམ་དང་། དབང་མདོར་བསྟན། ཀྱི་རྡོ་རྗེ། ན་རོ་འགྲེལ་ཆེན་རྣམས་ཡང་དང་ཡང་དུ་གསུངས། དབུ་མ་རྩ་བ་དང་།སྤྱོད་འཇུགབསླབ་བཏུས། ཀྱེ་རྡོར་རྒྱུད་གསུམ། མཁའ་འགྲོ་རྒྱ་མཚོ། རྡོ་རྗེ་ཕྲེང་བ།གསང་འདུས་སྒྲོན་གསལ། དམར་ནག་འཇིགས་གསུམ་སོགས་ཀྱང་ལན་རེ་རེ་གཉིས་གཉིས་གསུངས། སོ་སོའི་འདོད་པ་དང་མཐུན་པར་དཀྱིལ་འཁོར་གྱི་ཆོ་གརྡོ་རྗེ་ཕྲེང་བའི་དབང་རྣམས་དང་། བདེ་དགྱེས།གསང་འདུས། གཤིན་རྗེ་གཤེད། རྡོ་རྗེ་དབྱིངས་དང་།རྟ་མགྲིན་ཕུར་བ་སོགས་གསང་སྔགས་གསར་རྙིང་གི་དབང་ཟུར་བཀའ་ཡང་མང་དུ་གནང་། གདམས་ངག་འཁྲིད་ཚུལ་ཐ་དད་པ་ཡང་མང་དུ་གསུང་མོད་ཀྱི་གཙོ་བོར་ཤེར་ཕྱིན་གྱི་མདོ་དང་། མངོན་རྟོགས་རྒྱན།སྙིང་པོའི་མདོ་དང་རྒྱུད་བླ་མ། དུས་ཀྱི་འཁོར་ལོའི་དབང་ཁྲིད། སེམས་འགྲེལ་སྐོར་གསུམ་གྱི་བཤད་པ་དང་བཅས་པ་རྣམས་རྟག་ཏུ་གསུང་བ་ལྟ་བུ་ཡིན་ཅིང་། ཐེག་པ་མཐའ་དག་གི་ངེས་པའི་དོན་ཡང་དེ་དག་ལས་བརྩམས་ཏེ་གསུང་ངོ་།། འོན་ཀྱང་རེས་འགའ་ནི་སྒྲུབ་པ་ཁོ་ན་ལ་ཐུགས་གཞོལ་བ་ཡང་མཛད། ཆོས་གསུང་བའི་དུས་ན་ཡང་གཟིགས་རྟོག་གཤར་སྦྱང་ཐུགས་བསམ་སོགས་མཛད་མི་དགོས་ཏེ། ཆོས་གྲྭར་ཕེབས་པའི་དུས་དང་ཞལ་བཀོད་སོགས་གང་དགོས་པའི་དུས་དེ་ཀ་མ་གཏོགས་ཟབ་མོའི་རྣལ་འབྱོར་ཁོ་ན་ལ་བཞུགས་སོ།། སྔོན་བཀའ་དང་བསྟན་བཅོས་འགྱུར་རོ་འཚལ་རྫོགས་པ་ནན་ཏན་དང་བཅས་པ་ཚར་གཅིག་གཟིགས།དེ་ཀའི་དོན་ཐམས་ཅད་མ་འདྲེས་པར་ཐུགས་སུ་ཆུད། སྐུ་འཁོར་བ་འགའ་ཞིག་གིས་བླ་མ་དམ་པའི་མཁན་ཆེན་བུ་སྟོན་པའི་གཟིགས་རྟོག་གི་ཐུགས་རྩལ་དང་འཆད་ཉན་ལ་ཐུགས་གཞོལ་བ་འདི་ཡོད་ན། སངས་རྒྱས་འཇིག་རྟེན་དུ་བྱོན་པ་ལྟ་བུ་ཞིག་ཡོང་བར་གདའ་ཞུས་པས། སྤྱིར་ཆོས་འདི་རྣམས་བསླབས་པས་གོ་བ་ཁོ་ན་ཡང་མིན།ཚོགས་སྒོ་དུ་མ་ནས་གསོག་ཅིང་བསྒོམས་ན་གོ་བ་ལགས། ད་ལྟ་སྙིང་པོ་བསྡུ་བའི་སྐབས་འདིར་སྒྲུབ་པ་ཁོ་ན་ཕན་ཡོན་ཆེ་བ་ཡིན་གསུང་ངོ་།། དེ་ལྟར་ན་དམ་པ་འདི་ཉིད་ལ་སྤྱིར་སློབ་མའི་ཚོགས་མཐའ་ཡས། ཐུན་མོང་མ་ཡིན་པའི་དགོངས་པ་སྐྱོང་པའི་སློབ་མ་ཡང་ཤིན་ཏུ་མང་། གཙོ་བོར་གྱུར་པ་ལོ་ཙཱ་བ་བློ་གྲོས་དཔལ་དང་། ས་བཟང་ལོ་ཙཱ་བ་མ་ཏི་པཎ་ཆེན་གཉིས་ལ་ཐུགས་སྲས་རྣམ་གཉིས་སུ་གྲགས། ཀུན་སྤངས་ཆེན་པོ་ཆོས་གྲགས་དཔལ་བཟང་ཞབས་ཏོག་ཤིན་ཏུ་ཆེ། འདིས་ཀྱང་ལོ་ཙཱ་ཚད་དུ་ཕྱིན་པ་མཁྱེན། ཆོས་རྒྱལ་ཕྱོགས་ལས་རྣམ་རྒྱལ། མཁན་ཆེན་རིན་ཆེན་ཚུལ་ཁྲིམས། ཞང་སྟོན་བསོད་ནམས་གྲགས་པ། མཁས་གྲུབ་དཀོན་མཆོག་རྒྱལ་མཚན། ཡར་ལུང་བ་ཆོས་དཔལ་མགོན་པོ་རྣམས་འཕྲིན་ལས་ཀྱི་རྒྱུན་རྒྱ་ཆེར་སྐྱོང་མཁན་ཡིན་ནོ།།

དེ་དག་ལས་ཆོས་རྒྱལ་ཕྱོགས་ལས་རྣམ་རྒྱལ་ནི། ཡ་ཚེའི་རྒྱལ་པོའི་བླ་མཆོད་བླ་ཆེན་ཞིག་གི་སྲས་སུ་འཚར་ཀའི་རོང་དུ་སྐུ་འཁྲུངས་ལོ་ཤས་གསང་བའི་ཚུལ་དུ་བཞུགས། དེ་རྗེས་གློ་བོར་བྱོན། ཡབ་དང་ཁུ་བོ་སོགས་ལས་སྔགས་ཆོས་མང་པོ་དང་།དབུ་མ་རྩ་འཇུག་གཉིས། སྤྱོད་འཇུག་དང་བཅས་པ་མཁས་པར་སྦྱངས།གཞོན་ནུའི་དུས་དེ་ཉིད་དུ་ཚོགས་པ་རྣམས་ལ་བཤད་པས་ངོ་མཚར་དུ་གྱུར། དེ་ནས་དབུས་གཙང་དུ་བྱོན།གུང་ཐང་དུ་དཔང་ལོ་ཆེན་པོ་དང་མཇལ།ས་སྐྱར་བྱོན་ཏེ། དེ་ལོར་འཆད་ཉན་རྐང་ཚུགས་པར་མི་འདུག་ནས་བྲག་རམ་དུ་བྱོན། ལོ་གཅིག་ཕར་ཚད་དབུ་གསུམ་ལ་སྦྱངས་པ་མཛད་པས་མཁས་པར་མཁྱེན། དེ་ནས་དབུས་ཀྱི་གུང་ཐང་དུ་བྱོན།ལོ་གཉིས་ཀྱི་རིང་སྦྱངས་པ་ཆེར་མཛད། གཞུང་ལུགས་ཐམས་ཅད་ལ་མཁྱེན་པ་རྒྱས། དགུང་ལོ་ཉེར་གཅིག་པ་ལ་དབུས་གཙང་གི་གྲྭ་ས་ཐམས་ཅད་དུ་གྲྭ་སྐོར་མཛད། སྐུ་གཞོན་ནུ་ལ་གཞུང་ལུགས་ཐམས་ཅད་ལ་མཁྱེན་པ་རྒྱས་ཤིང་། ཐུགས་གསལ་བ་དང་། བརྗོད་པ་གཙང་བ་དང་། རྩོད་པ་བཟང་བ་ལ་འགྲན་གྱི་དོ་མེད་དུ་གྲགས། འཚལ་བའི་དབོན་དགའ་བདེས་ཕྱོགས་ལས་རྣམ་རྒྱལ་དུ་མཚན་གསོལ། འཚལ་གུང་ཐང་གི་ཟུར་ཆོས་ཀྱང་མཛད། སླར་ཡང་བྲག་རམ་དུ་བྱོན་པ་ཞིག་ལ། ཇོ་ནང་དུ་ཀུན་མཁྱེན་ཆེན་པོ་དང་མཇལ་ནས་གཞན་སྟོང་གི་གྲུབ་མཐའ་ལ་ལུང་རིགས་ཀྱིས་བརྟག་དཔྱད་བྱེད་དགོས་དགོངས་སྟེཕེབས་པས། ཀུན་མཁྱེན་སྐུ་འབུམ་ལ་བསྐོར་བ་མཛད་པ་དང་མཇལ།འབེལགཏམ་མཛད་པར་ཞུས་པས་ཤིན་ཏུ་དགྱེས་ཏེ། བླ་བྲང་དུ་ཞག་བདུན་ཙམ་གྱིརིང་ལ་འབེལ་གཏམ་ཤིན་ཏུ་འཕེལ་བར་མཛད་པས་གཞན་སྟོང་གི་གྲུབ་མཐའ་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་ཆོས་ཐམས་ཅད་ཀྱི་ཆོས་ཉིད་དུ་ངེས་པ་རྙེད། གཞན་སྟོང་འགོག་བྱེད་ཀྱི་རྩོད་པ་རྣམས་ནི་རྣམ་པར་རྟོག་པའི་རི་མོ་ཙམ་ལས་དོན་ལ་མི་གནས་པར་མཁྱེན། ཀུན་མཁྱེན་ཆེན་པོ་ལ་མི་ཕྱེད་པའི་དད་པ་འཁྲུངས། དེ་སྐབས་ཆོས་འབྲེལ་ཅི་རིགས་པ་གསན་ནས་ཐེགས། སླར་དུས་ཀྱི་འཁོར་ལོའི་རྒྱུད་སོགས་ཐུགས་ལ་བཟུང་ནས་ཇོ་ནང་དུ་ཕེབས། དུས་ཀྱི་འཁོར་ལོའི་དབང་ཞུས་ཟབ་ལམ་གྱི་ཁྲིད་བསྐྱངས་པས་ཉམས་རྟོགས་ཕུན་སུམ་ཚོགས་པར་འཁྲུངས། རྒྱུད་འགྲེལ་ལ་སྦྱངས་པས་ཚེགས་མེད་པར་མཁྱེན། ཀུན་མཁྱེན་ཆེན་པོ་ལ་དབང་དང་མདོ་སྔགས་ཀྱི་བཤད་པ་དཔག་ཏུ་མེད་པ་གསན། ལོ་མང་པོར་མཆོད་གཡོག་ཀྱང་མཛད། བུ་སྟོན་ཆེན་པོ་ལ་ཡང་ཕར་ཕྱིན་དང་མཚན་བརྗོད་གསན། ཤུག་ཕུག་ཏུ་བཤད་སྒྲུབ་ཀྱི་གྲྭ་ཆུང་ངུ་བསྐྱངས་ཤིང་ལོ་ཤས་བཞུགས། ངམ་རིང་གི་ཆོས་དཔོན་མཛད་ནས་ཕར་ཚད་ལ་བསྟན་བཅོས་ཀྱང་མང་དུ་མཛད། འཆད་ཉན་འཕེལ་བར་བཞུགས་སྐབས། ལོ་ཙཱ་བ་བློ་གྲོས་དཔལ་སྐུ་འདས་ནས་ཇོ་ནང་གི་གདན་ས་ལོ་དྲུག་མཛད། ངམ་རིང་གི་ཆོས་དཔོན་དང་ཇོ་ནང་གི་གདན་ས་ལྷན་ཅིག་ཏུ་བཞག་ནས་སེ་མཁར་ཆུང་དུ་གཙོ་བོར་ཐུགས་དམ་ལ་བཞུགས། དེ་ནས་ལོ་འགའ་ནས་ཀུན་མཁྱེན་ཆེན་པོ་གཤེགས། དེ་རྗེས་མི་རིང་བར་འཚལ་གུང་ཐང་དང་།ཡར་ཀླུང་སོགས་དབུས་ཀྱི་ཕྱོགས་རྣམས་སུ་དུས་ཀྱི་འཁོར་ལོའི་ཆོས་རྒྱ་ཆེར་སྤེལ། སྐུ་ཚེའི་སྨད་ཀྱི་དུས་སུ་སླར་ཡང་ཇོ་མོ་ནང་གི་གདན་ས་མཛད།མངོན་མཁྱེན་དང་གྲུབ་རྟགས་མང་ཡང་འདིར་མ་སྤྲོས། དགུང་ལོ་དོན་གསུམ་པ་ལ་ཐམས་ཅད་ཀྱིས་སྐུ་དོགས་ཆེ་ཟེར་ཞིང་། སྐུ་ཁམས་བག་ཙམ་བསྙུང་བ་ལ་རིམ་གྲོ་མཛད་པར་ཞུས་པས། དེ་ཡང་རུང་སྟེ་ལོ་བརྒྱད་ཅུ་གྱ་གཅིག་གི་བར་བསྡད་པས་ཆོག་གསུང་བ་དང་། བདུན་ཅུ་དོན་དགུ་བའི་གཞུག་ལ་སྐུ་ཁམས་ཤིན་ཏུ་བསྙེལ་བའི་སྐབས་ད་ལོ་མི་འཆི་བའི་རང་དབང་ཡོད་གསུངས། བརྒྱད་ཅུ་བ་ལ་སྐུ་ཁམས་བཟང་བ་ལ། ད་ཀུན་སྐུ་ཁམས་བཟང་བར་གདའ་ལོ་ཤས་བློ་བདེ་ཞུས་པས། ད་ལོ་ཁམས་བཟང་སྟེ་ད་གཟོད་ངེས་པར་འགྲོ་དགོས་པ་ཡིན་གསུངས། ཐམས་ཅད་ཐོག་ཏུ་ཁེལ། དེ་སོགས་ཡོན་ཏན་དཔག་ཏུ་མེད་པ་མངའོ།། དེ་ལ་ཞལ་སློབ་འགྲོ་དོན་ཅན་ཤིན་ཏུ་མང་ངོ་།།

ཉ་དབོན་ཀུན་དགའ་དཔལ་ནི། ཁམས་པའི་དགེ་བཤེས་ཉ་དར་མ་རིན་ཆེན་བྱ་བའི་དབོན་པོ་ཡིན། ཆུང་ངུ་ནས་མཁྱེན་རབ་ཤིན་ཏུ་ཆེ། ཆོས་རྗེ་ཀུན་མཁྱེན་ཆེན་པོ་དང་ཡང་ཡང་མཇལ། དགོངས་དོན་ཐུགས་སུ་ཆུད་ཅིང་མོས་གུས་ཆེན་པོ་ཞིག་ཡིན་པར། དགུང་ལོ་ཉི་ཤུ་སྐོར་ལ་ཕྱག་ཞབས་གོད་དེ་འབྱོན་མ་ཐུབ།ཀླུ་གདོན་གྱི་རྟོག་པ་བྱུང་། ཀུན་མཁྱེན་ཆེན་པོ་ས་སྐྱར་ཕེབས་པ་ཞིག་ལ་གྲོགས་ཀྱིས་ཁུར་ནས་བྱིན་རླབས་ཞུ་རུ་བྱོན། བྱིན་རླབས་གནང་། ལྗགས་མཆིལ་བཏབ་པ་ཙམ་གྱིས་བསྙུང་གཞི་ལས་འཕྲལ་དུ་གྲོལ། ཕྱིས་མདོ་སྔགས་ཀྱི་གཞུང་ཐམས་ཅད་ལ་མཁྱེན་པ་རྒྱས་ཤིང་རིགས་པའི་དབང་ཕྱུག་ཆེན་པོར་གྱུར། རྗེ་ཕྱོགས་ལས་རྣམ་རྒྱལ་ཡུན་རིང་དུ་བསྟེན། ཉམས་རྟོགས་ཀྱང་མཐར་ཕྱིན་པ་བརྙེས། དུས་འཁོར་སོགས་མདོ་སྔགས་ཀྱི་ཆོས་མང་པོ་གསན། འདི་བ་ཀུན་མཁྱེན་བུ་སྟོན་པའི་སློབ་མའང་ཡིན།ས་སྐྱར་འཆད་ཉན་ཡུན་རིང་དུ་མཛད། སྐུ་ཚེའི་སྨད་ལ་བློ་གསལ་དྲུག་བརྒྱ་ཙམ་གྱིས་བསྐོར་ནས་བརྩེ་ཆེན་གྱི་ཆོས་སྡེ་བཏབ།བཤད་སྒྲུབ་གཉིས་ཀ་ཤིན་ཏུ་འཕེལ་བར་མཛད་དོ།།

གྲུབ་ཆེན་ཀུན་བློ་ནི། ཤར་ཁ་བའི་སྐུ་རུས་སུ་འཁྲུངས། ཕར་ཚད། མངོནཔ།འདུལ་བ། དབུ་མ་སོགས་མདོ་ཕྱོགས་རྣམས་དང་། དཔལ་དུས་ཀྱི་འཁོར་ལོའིབཤད་སྒྲུབ་རྣམས་ཉ་དབོན་ཆེན་པོ་ཁོ་ན་ལ་གསན། གཞན་བླ་མ་དམ་པ་མངདུ་བསྟེན་ཅིང་།དབང་གདམས་ངག་མཐའ་ཡས་པ་ལ་མངའ་བརྙེས། རྒྱལ་པོའི་རིགས་སུ་འཁྲུངས་ཀྱང་རྒྱལ་སྲིད་ལ་མ་ཆགས་པས། སྤ་གྲོ་ལ་སོགས་པ་ཡུལ་ཐག་རིང་པོ་དང་བས་མཐའ་རྣམས་སུ་སྒྲུབ་པ་ཁོ་ན་ལ་ཐུགས་གཞོལ། རང་གི་དབོན་རིགས་རྩེ་ཤར་ནུབ་གཉིས་ཀྱི་འཁྲུགས་པས་དུས་མི་བདེ་བ་ལ། ཕན་བདེའི་བཀས་ཁྱབ་པར་མཛད། སྐུ་ཚེའི་སྨད་ལ་འཁྲུལ་ཞིག་ཆེན་པོར་བཞུགས་ཤིང་བུ་སྟོན་ཆེན་པོའི་སྐུ་སྐྱེ་ཡིན་པར་གྲགས་སོ།།

འཇམ་དབྱངས་དཀོན་མཆོག་བཟང་པོ་ནི། འཁྲུངས་ས་ལ་སྟོད་བྱང་དང་།རྩ་བའི་གྲྭ་ས་བཟང་ལྡན་ཡིན། ས་སྐྱ་སོགས་གྲྭ་ས་གྲགས་ཆེ་བ་ཕལ་ཆེར་དུ་བྱོན།མཁན་ཆེན་འཇམ་དབྱངས་རིན་རྒྱལ་བ་ལས་ས་སྐྱ་བའི་ཆོས་རྣམས་གསན། ཀུན་མཁྱེན་ཀུན་དགའ་བློ་གྲོས་ལ་དུས་ཀྱི་འཁོར་ལོ་སོགས་ཟབ་དོན་མཐའ་དག་གསན། སི་ཏུ་རབ་བརྟན་ཀུན་བཟང་འཕགས་ཀྱིས་བླ་མར་བཀུར། ཉང་སྟོད་ཀྱི་ཆོས་སྡེ་གསར་བའི་ཆོས་དཔོན་མཛད། ཇོ་ནང་པའི་གྲྭ་ཚང་གསར་དུ་ཚུགས། ཕྱིས་རྩེ་ཤར་ནུབ་གཉིས་ཀར་གྱི་གུས་པས་བཏུད། ཆོས་སྡེ་གཉིས་ཆར་དང་ཇོ་ནང་གི་གདན་ས་ཡང་མཛད།ལྷ་ཆེན་བཟང་ར་དམ་ལ་བཏགས། དེ་སོགས་ལོ་རྒྱུས་མང་ངོ་།། བླ་མ་ས་སྐྱ་བ་ཆེན་པོའི་སྤྲུལ་བར་གྲགས་སོ།།

མཁས་གྲུབ་ནམ་མཁའ་ཆོས་སྐྱོང་ནི། རབ་བྱུང་བསྙེན་རྫོགས་མཛད་པ་དང་།རྩ་བའི་གྲྭ་ས་གྲྭ་ཚང་ཆེན་མོ་ཡིན། ཀུན་མཁྱེན་ནམ་བསོད་ཆེན་མོ་ལ་མཚན་ཉིད་ཀྱི་གཞུང་རྣམས་མཁས་པར་སྦྱངས། སླར་འཇམ་དབྱངས་དཀོན་མཆོག་བཟང་པོའི་ཆོས་གྲྭར་བྱོན། ཆོས་དང་གང་ཟག་ཐམས་ཅད་ལ་དད་མོས་འཁྲུངས། གཞན་སྟོང་གི་གྲུབ་མཐའ་ལ་ངེས་པ་གཏིང་ནས་ཚུགས། སྦྱོར་བ་ཡན་ལག་དྲུག་པ་ཞུས་ཏེ་ཉམས་རྟོགས་ཀྱང་ཤིན་ཏུ་བཟང་། དུས་ཀྱི་འཁོར་ལོའི་རྒྱུད་གཞུང་ལ་ཡང་མཁས་པར་སྦྱངས།ངམ་རིང་འཚལ་གུང་སོགས་འཆད་ཉན་ཆེ་ཆུང་འགའ་རེའི་སར་ཕེབས། རྩེ་ཤར་ནུབ་གཉིས་དང་། ཁྱད་པར་སེང་གེ་རྩེ་བའི་ཡོན་བདག་གི་མཐིལ་བྱས། བརྩེ་ཆེན་དང་ཇོ་ནང་གི་གདན་ས་ཡུན་རིང་དུ་མཛད། བཤད་སྒྲུབ་ཀྱི་བསྟན་པ་གཉིས་ཀ་བཟུང་། སྐུ་འབུམ་ཆེན་མོའི་ཆོས་འཁོར་བཅུ་གསུམ་གསེར་ཟངས་ཀྱིས་གཡོག་པར་མཛད་དོ།།

པཎ་ཆེན་ནམ་མཁའ་དཔལ་བཟང་ནི། གྲུབ་མཐའ་རྩ་བ་ས་སྐྱ་བ་ཡིན།མུས་པ་རབ་འབྱམས་པ་ཐུགས་རྗེ་དཔལ་བཟང་གི་གྲྭ་སར་སློབ་གཉེར་མཛད།རྒྱུད་སྡེར་འཆད་ཉན་ཡང་ལོ་ཤས་ཚུགས་པ་བྱུང་། བདག་ཆེན་རྣམ་རྒྱལ་གྲགས་པའི་སློབ་མ་ཤངས་སྟོན་པ་བྱ་བ་ལ། ལྷུན་སྡིངས་སུ་དུས་འཁོར་བྱང་། ལུགས་དེ་ཤིན་ཏུ་མཁས་པར་སྦྱངས། རྒྱལ་བ་ནམ་མཁའི་མཚན་ཅན་ལ་ཇོ་ནང་པའི་རང་ལུགས་འདི་གསན་པས་ཉམས་རྟོགས་བཟང་པོ་འཁྲུངས་པ་ཡིན།འབྲས་སྤུངས་ཀྱི་དགོན་པ་བཏབ་ནས་འགྲོ་དོན་ཅུང་ཟད་མཛད་དོ།། དེ་ལ་ལོ་ཆེན་རཏྣ་བྷ་དྲས་ཞུས། དེ་ལ་རྗེ་བཙུན་གྲོལ་མཆོག་གིས་གསན། དེ་ལ་མཁན་ཆེན་ལུང་རིགས་རྒྱ་མཚོས་གསན། དེའི་དྲུང་དུ་རྗེ་བཙུན་ཆེན་པོ་ཏཱ་ར་ནཱ་ཐས་གསན་ཏེ། འདི་མན་ངག་ཁོ་ནའི་བརྒྱུད་པ་ཡིན་ནའང་།ཉ མས་རྟོགས་རྒྱུན་མ་ཆད་པ་ཡིན་ལ། ཡང་དབང་རྒྱུད་མན་ངག་གསུམ་གར་བཀའ་གཙིགས་པའི་དབང་དུ་བྱས་ན། འཇམ་དབྱངས་དཀོན་མཆོག་བཟང་པོ་ལ། འཇམ་དབྱངས་ཆོས་དབང་གིས་གསན་ཏེ།མཁས་པ་དེ་ནི། སྤྱིར་མདོ་སྔགས་ཀྱི་གཞུང་ལུགས་ཐམས་ཅད་ལ་མཁས་ཤིང་། ཁྱད་པར་ཕར་ཕྱིན་ཇོ་ནང་ཀུན་མཁྱེན་ཆེན་པོའི་རང་ལུགས་ཐུན་མོང་མ་ཡིན་པ་འདི་དང་། དུས་ཀྱི་འཁོར་ལོ་ལ་ཤིན་ཏུ་མཁས། སྦྱོར་དྲུག་ལ་ཉམས་རྟོགས་བཟང་པོ་མངའ། གུར་གྱི་མགོན་པོས་ཞལ་གཟིགས། བཟང་ར་སོགས་འཇིག་རྟེན་གྱི་ལྷ་འདྲེ་མང་པོ་དམ་ལ་བཏགས། དང་པོར་ཁང་སར་གྱི་འཆད་ཉན་མཛད་ཅིང་། ཕྱིས་ཆོས་སྡེ་ཆེན་པོའི་གདན་ས་ཡུན་རིང་དུ་མཛད་དོ།། དེ་ལ་དཔོན་ཆེན་ཆོས་སེང་གིས་ཞུས།དེ་ལ་མཁས་གྲུབ་སངས་རྒྱས་ཡེ་ཤེས་ཀྱིས་ཞུས། དེ་ལ་མཁས་གྲུབ་བྱམས་པ་ལྷུན་གྲུབ་ཀྱིས་གསན། དེ་ལ་རྗེ་བཙུན་ཏཱ་ར་ནཱ་ཐས་རིས་བྲིས་ཀྱི་དཀྱིལ་འཁོར་དུ་དབང་ཙམ་མནོས།བྱམས་པ་མཚན་ཅན་ལ། རྡུལ་ཚོན་གྱི་དཀྱིལ་འཁོར་ལ་བརྟེན་དབང་ཡོངས་སུ་རྫོགས་པ་དང་། རིམ་པ་གཉིས་ཀྱི་བཤད་པ་རྒྱུད་འགྲེལ་དང་བཅས་པ་ཐོབ། མཁན་ཆེན་ལུང་རིགས་རྒྱ་མཚོའི་དྲུང་དུ། མངོན་རྟོགས་དཔག་བསམ་ལྗོན་ཤིང་དང་། དཀྱིལ་འཁོར་ཡེ་ཤེས་རྒྱ་མཚོ་བཀླགས་ཆོག་གི་སྟེང་ནས་ཞུས། བརྒྱུད་པ་དེ་རྣམས་ཇོ་ནང་པའི་ལུགས་ཡིན་ལ། བུ་སྟོན་རིན་པོ་ཆེའི་ལུགས་ཀྱི་དབང་རྣམས་ཡོངས་སུ་རྫོགས་པར་རྡོ་རྗེ་སློབ་དཔོན་ཆེན་པོ་དཔལ་ལྡན་ཆོས་བཟང་ལ་མནོས་ཤིང་། ཡན་ལག་དྲུག་པའི་གདམས་པ་མཁས་གྲུབ་ཞི་བ་སྦས་བའི་ལུགས་དང་། རྣལ་འབྱོར་མ་རིགས་བརྒྱའི་དཀྱིལ་འཁོར་གྱི་དབང་དང་། ལྷ་ཉི་ཤུ་ལྔའི་དཀྱིལ་འཁོར་གྱི་དབང་རྣམས་སློབ་དཔོན་པུཎ་བཛྲ་ལས་ཀྱང་ཐོབ་པར་གསུངས་སོ།། འདི་ཡན་གྱི་རྣམ་ཐར་ཕལ་ཆེར་རྗེ་བཙུན་ཏཱ་ར་ནཱ་ཐའི་དུས་འཁོར་ཆོས་འབྱུང་ཉེར་མཁོ་བསྡུས་པ་ལྟར་བྲིས་སོ།།

གྲུབ་པའི་དབང་ཕྱུག་དཔལ་ལྡན་ཀུན་དགའ་གྲོལ་མཆོག་བློ་གསལ་རྒྱ་མཚོའི་སྡེ་ཞེས་པ་དེ་ཉིད། འཁྲུངས་ཡུལ་མངའ་རིས་སྨོན་ཐང་རྒྱལ་པོའི་ཁབ། འོད་གསལ་ལྷ་ཡི་རིགས། ཡབ་དགུང་ལོ་ལྔ་བཅུ་རྩ་དྲུག ཡུམ་དགུང་ལོ་ཉི་ཤུ་བཞེས་པ་ལ།མེ་ཡོས་ཀྱི་ལོར་ས་ག་ཟླ་བའི་ཚེས་བཅོ་ལྔར་སྐུ་བལྟམས། བླ་མ་དམ་པ་ཀུན་དགའ་མཆོག་གྲུབ་ཀྱི་དྲུང་དུ་ལོ་ངོ་བཞི་བར་བསྟན་པའི་སྒོར་ཞུགས། དགེ་བསྙེན་གྱི་སྡོམ་པ་བླངས།དེ་ནས་བརྒྱད་ཀྱི་བར་ཀློག་བསླབ་པ་སོགས་གནང་།། དགུང་ལོ་བཅུ་གསུམ་པ་ལ་བླ་མ་ཀུན་དགའ་མཆོག་གྲུབ་ལ་རབ་ཏུ་བྱུང་། མདོ་སྔགས་ཀྱི་ཆོས་མང་དུ་གསན།  དེ་ནས་དབུས་གཙང་དུ་ཕེབས། ཁའུ་བྲག་རྫོང་དུ་ཆོས་རྗེ་ཀུན་སྤང་ཆོས་ཀྱི་ཉི་མའི་དྲུང་དུ།དཔལ་མགོན་གྱི་རྗེས་གནང་གསན། ཆོས་གྲྭ་ཆེན་པོ་གསེར་མདོག་ཅན་དུ། མདོའི་ཐུགས་གཉེར་སྐབས། པཎྜིཏ་དོན་ཡོད་གྲུབ་པ་ལ་མདོ་སྔགས་ཀྱི་ཆོས་མང་དུ་གསན།ཁྱད་པར་རྒྱུད་སྡེ་ལྔ་དང་། བདེ་མཆོག་ལྷ་ལྔའི་དབང་ཞུས། སླར་མངའ་རིས་སུ་ཕེབས།དགུང་ལོ་ཉི་ཤུ་བ་ལ་ཐམས་ཅད་མཁྱེན་པ་བསོད་ནམས་ལྷུན་གྲུབ་ལེགས་པའི་རྒྱལ་མཚན་མཁན་པོ་མཛད། ངོར་ཆེན་རྡོ་རྗེ་ལྷ་མཆོག་གིས་ལས་སློབ་མཛད།གཞན་ཁ་སྐོང་བཅས་བསྙེན་པར་རྫོགས། སློབ་དཔོན་རྣམས་ལ་གསུང་ངག་ལམ་འབྲས་སོགས་ཆོས་མང་དུ་གསན།བླ་མ་དཔལ་ལྡན་ཚུལ་ཁྲིམས་པ་ལ་འཇིགས་བྱེད་ཀྱི་ཆོས་སྐོར་ཞུས། ཡེ་ཤེས་ཀྱི་མཁའ་འགྲོ་ནེ་གུ་མས་ཞལ་གཟིགས། ཆོས་དྲུག་ཕྱག་ཆེན་ལམ་ཁྱེར་འཆི་མེད་མཁའ་སྤྱོད་དཀར་དམར་མགོན་པོའི་བཀའ་སྣ་རྣམས་ཞུས། བདག་དང་ཡེ་ཤེས་མཁའ་འགྲོའི་བར་བརྒྱུད་པ་གཞན་མི་དགོས་གསུངས་སོ།། ཁམས་སྟོན་བསོད་ནམས་རྒྱལ་མཚན་ལ་ནེ་གུའི་ཆ་ལག་དང་བཅས་ཕྱག་ཆེན་རྣམས་མཐའ་རྒྱས་སུ་གསན། བྲག་སྟེང་རྡོ་རྗེ་རྫོང་དུ་རྣམ་སྲས་རྟ་བ་བརྒྱད་ཀྱིས་ཞལ་གཟིགས། ཡང་མནལ་ལམ་དུ་གྲུབ་ཆེན་མི་དྲ་ཛོ་གི་དང་ཞལ་མཇལ་ཏེ་སྙིང་པོ་དོན་གསུམ་གྱི་ཁྲིད་གནང་ཞིང་བྱིན་གྱིས་བརླབས།ཡང་མནལ་ལམ་དུ་བུད་མེད་དམར་མོ་གཉིས་ཀྱིས་འདོ་ལིར་བཏེགས་ནས་སོ་ས་གླིང་གི་དུར་ཁྲོད་ཡིན་ཟེར་བ་ཞིག་ཏུ། ནེ་གུ་མས་ཚོགས་དཔོན་མཛད་པའི་མཁའ་འགྲོ་མང་པོ་འདུས་པའི་ཚོགས་འཁོར་གྱི་གྲལ་དུ་མཁས་དབང་བཚུད། ནེ་གུ་མས་བྱིན་གྱིས་བརླབས་པའི་མཚན་མ་ཐོབ།སླར་བུད་མེད་གཉིསཀྱིས་། ཟི་མ་ཁང་དུ་བ་སྐྱལ་བའི་མོད་ལ་མནལ་སད། དཔལ་ཤ་བ་རིས་ཀྱང་བྱིན་གྱིས་བརླབས་ཤིང་དབང་བསྐུར་བའི་མཚན་མ་སོགས་དང་། དག་པའི་གཟིགས།སྣང་དུ་ལྷ་དང་བླ་མའི་ཚོགས་ལ་ཟབ་ཆོས་དུ་མ་གསན། དངོས་ཀྱི་བླ་མ་ཡངའཇམ་དབྱངས་བསོད་ནམས་ལྷུན་གྲུབ། སངས་རྒྱས་རིན་ཆེན་སེང་གེ། ཀུན་དགའ་མཆོག་གྲུབ་སོགས་ནས་སྟག་ལུང་བ་ཆེན་པོ་རྣམ་རྒྱལ་བཀྲ་ཤིས་སོགས་མཁས་གྲུབ་ཀྱི་བླ་མ་བཞི་བཅུ་ཙམ་བསྟེན། མདོ་སྔགས་ཀྱི་གཞུང་འགྲེལ་དབང་ཁྲིད་བྱིན་རླབས་སོགས་མན་ངག་འབྱམས་ཀླས་པ་གསན། ཁྱད་པར་རྒྱ་སྒོམ་ལེགས་པ་རྒྱལ་མཚན་ལ།།  མགོན་པོའི་སྤྲུལ་བས་ཆོས་བདག་པོར་སྤྲོད་ཅེས་ལུང་བསྟན་པ་ལྟར།ནེ་གུ་ལུགས་སྲོལ་བཅུ་གཉིས་ཀྱི་ཆོས་སྐོར་མ་ཚང་བ་མེད་པ་ཞལ་ཤེས་གནད་དང་བཅས་བུམ་པ་གང་བྱོའི་ཚུལ་དུ་གནང་། བླ་མ་ཐམས་ཅད་བླ་མ་རྒྱ་སྒོམ་པ་ལ་འདུས་པས་ངེས་ཤེས་འཁྲུངས། མངོན་ཤེས་དང་གྲུབ་རྟགས་མངའ་བས་སྙན་པ་དང་གྲགས་པས་ས་ཁྱབ། སྟག་ལུང་བ་ཆེན་པོ་ཀུན་དགའབཀྲ་ཤིས་སོགས་སྐྱེས་ཆེན་དུ་མ་དང་།གྲུབ་མཐའ་གཞན་གྱི་བླ་མ་མང་པོའི་ཞབས་ལ་གཏུགས། དབུས་གཙང་ལ་སོགས་པའི་སྡེ་དཔོན་ཆེ་བ་ཐམས་ཅད་ཀྱིས་གཙུག་ཏུ་བཀུར། གདུལ་བྱ་མཐའ་ཡས་པ་སྨིན་གྲོལ་ལ་བཀོད། ཐུབ་བསྟན་གསེར་མདོག་ཅན། དཔལ་འཁོར་བདེ་ཆེན་གླིང་། རྩེ་ཆེན། ངམ་རིངས་སོགས་ཀྱི་སེང་ཁྲིར་འཁོད་ཀྱང་། བྱ་བཏང་ཁོ་ནའི་ཚུལ་གྱིས་ཆོས་སྡེའི་ཞལ་འཛིན་ནི་ཆེར་མ་མཛད། སྐུ་ཚེའི་མཇུག་ཏུ་ཆོས་ལུང་དང་།ཇོ ་ནང་གི་སྒྲུབ་སྡེ་ལ་གཙོ་བོར་མཛད་ཅིང་། སློབ་མ་མཁས་པ་མང་དུ་བྱོན་མོད། གཙོ་བོ་རྡོ་རིང་བ་ཀུན་དགའ་རྒྱལ་མཚན། མཁས་པའི་དབང་པོ་བྱམས་པ་ལྷུན་གྲུབ། ཆོས་སྐུ་ལྷ་དབང་གྲགས་པ་རྣམས་ལ།ས་ཇོ་དྭགས་ཤངས་ཀྱི་ཆོས་སྐོར་མཐའ་ཡས་པའི་བཀའ་བབས་གཏད་དེ།གཟུགས་སྐུ་ཆོས་དབྱིངས་སུ་བསྡུས། སྐུ་གདུང་རིང་བསྲེལ་གྱི་སྙིང་བོ་ཅན་ཆོས་ལུང་བྱང་ཆུབ་རྩེ་མོར་བཞུགས་སོ།། 

བྲག་སྟོད་པ་ལྷ་དབང་གྲགས་པ་ནི། འཁྲུངས་ཡུལ་ལ་སྟོད། ཐོག་མར་སྟོད་འབྲུག་གི་བླ་མ་ལ།འབྲུག་པའི་ཆོས་སྐོར། རས་ཆུང་བའི་སྙན་རྒྱུད། རྙིང་མའི་ཆོས་སྐོར་རྣམས་གསན། ཕྱིས་སུ་རྗེ་བཙུན་ཀུན་དགའ་གྲོལ་མཆོག་ལ་ཉེ་བར་བསྟེན་ནས་ཇོ་ནང་གི་ཆོས་སྐོར། ས་སྐྱའི་ཆོས་སྐོར་སོགས་སྨིན་གྲོལ་མཐའ་ཡས་པས་ཐུགས་རྒྱུད་ཕྱུག་པར་མཛད། ཁྱད་པར་ཤངས་བའི་ཆོས་སྐོར་མ་ལུས་པ་མཁྱེན་ཅིང་ཐུགས་སུ་ཆུད་པར་མཛད། སྒྲུབ་པའི་རྒྱལ་མཚན་ཚུགས་ཏེ་ཉམས་རྟོགས་ཀྱི་ཀློང་རྡོལ།རྩ་རླུང་ལ་རང་དབང་ཐོབ། འཆི་མེད་རྡོ་རྗེའི་སྐུ་བརྙེས། དགུང་ལོ་བརྒྱ་དང་ཉི་ཤུ་ལྷག་པར་འཚོ་ཞིང་གཞེས། ས་དྭགས་ཇོ་ཤངས་སོགས་ཀྱི་ཆོས་སྒོ་ནས་གདུལ་བྱ་མང་པོ་སྨིན་གྲོལ་ལ་བཀོད། ཁྱད་པར་དཔལ་ལྡན་ཤངས་པའི་གདམས་པ་མཐའ་དག རྗེ་བཙུན་ཐམས་ཅད་མཁྱེན་པ་ལ་ཆོས་བདག་པོའི་ཕྱག་ཏུ་སྤྲད་དེ་ཞིང་གཞན་དུ་གཤེགས་སོ།། སྐུ་གདུང་རིང་བསྲེལ་གྱི་སྙིང་པོ་ཅན་བྲག་སྟོད་ན་གསེར་གདུང་བཀྲ་ཤིས་འོད་འབར་བཞུགས་ཏེ་འགྲོ་བའི་བསོད་ནམས་ཀྱི་ཞིང་ངོ་།། 

རྗེ་བཙུན་ཐམས་ཅད་མཁྱེན་པ་ཀུན་དགའ་སྙིང་བོ་བཀྲ་ཤིས་རྒྱལ་མཚན་དཔལ་བཟང་པོ་ནི། སྐྱེ་བ་མང་པོའི་སྔོན་རོལ་ནས་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་བརྙེས་ཟིན་ནའང་། སྐྱེ་བ་མེད་ལ་སྐྱེ་བའི་ཚུལ་དུ་སློབ་དཔོན་ཀླུ་སྒྲུབ་ཀྱི་སློབ་མ་འབར་བའི་གཙོ་བོ་ནས་དགའ་བྱེད་ས་སྐྱོང་གི་བར་དུ་སྐྱེ་བ་བཞེས་ཚུལ་དང་། བོད་འདིར་ཡང་རྗེ་བཙུན་ཙོང་ཁ་བའི་ཐུགས་སྲས་འཇམ་དབྱངས་ཆོས་རྗེ། རྗེ་ཀུན་དགའ་གྲོལ་མཆོག་སོགས་སྤྲུལ་བའི་བཀོད་པ་རིམ་དང་ཅིག་ཆར་དུ་བྱུང་བ་གྲངས་མེད་ནའང་།འདིར་འཁྲུངས་པའི་གནས་ནི། བསྟན་མ་བཅུ་གཉིས་ཀྱི་ནང་ཚན་ཁ་རག་ཁྱུང་བཙུན་མ་གནས་པའི་ཕྱོགས། འགྲངས་ཕུ་ཞེས་པའི་ཡུལ།གདུང་རུས་རྭ་ལོ་ཙཱ་བ་རྡོ་རྗེ་གྲགས་པ་ལས་གྱེས་པའི་རྭ་ཤར་ནུབ་གཉིས་ལས་ཤར་བ། གྲུབ་ཐོབ་དབུས་སྨྱོན་པའི་ལུང་བསྟན་བཞིན། ཡབ་རྣམ་རྒྱལ་ཕུན་ཚོགས། ཡུམ་རྡོ་རྗེ་བུ་དགའ་གཉིས་ཀྱི་སྲས་སུ་ཤིང་ཕག་ཆུ་སྟོད་ཟླ་བའི་ཚེས་བརྒྱད་ལ་ངོ་མཚར་བའི་ལྟས་དུ་མ་དང་བཅས་སྐུ་བལྟམས། མཚན་སྲི་གཅོད་རྡོ་རྗེ་གསོལ། དགུང་ལོ་གཉིས་ཙམ་ན་སྐུ་སྙུང་བ་ཤིན་ཏུ་ཐུ་བ་ཞིག་ལ་འཕགས་ཡུལ་གྱི་བླ་མ་དམ་པ་རྣམས་ཀྱི་སྤྲུལ་བ་ཨ་ཙརྱ་ལྔ་ཐལ་བྱུང་དུ་ཕེབས་ཏེ་བྱིན་གྱིས་བརླབས། སྙུང་བ་ལས་གྲོལ། སྐུ་ན་ཕྲ་མོ་ནས་ཡི་དམ་ལྷའི་ཞལ་གཟིགས་དང་མངོན་ཤེས་ཐོགས་མེད་མངའ། རྗེ་གྲོལ་མཆོག་གི་ཡང་སྲིད་ཡིན་པར་ཡོངས་སུ་གྲགས། མཁན་ཆེན་ལུང་རིགས་རྒྱ་མཚོས་སྐུ་སྐྱེས་ངོས་འཛིན་དང་སྤྱན་འདྲེན་ལ་ཕེབས། ཇོ་ནང་གི་གདན་སར་བཀོད། དེ་ནས་ཆོས་ལུང་བྱང་རྩེར་ཕེབས། ཀློག་ཡིག་སོགས་སྦྱངས་ཚུལ་བསྟན། རྗེ་རྡོ་རིང་བ་དང་། རྗེ་ལྷ་དབང་གྲགས་པ་གཉིས་ལ་ཟབ་ཆོས་དུ་མ་གསན་པའི་མགོ་བརྩམས། དེ་ནས་ཡར་འབྲོག་ཕྱོགས་སུ་བླ་མ་དམ་པ་རྣམས་ལ་ཆོས་ཇི་སྙེད་པ་གསན།ཉམས་བཞེས་མཛད། ཡར་འབྲོག་སྟག་ལུང་དུ་བཞུགས་སྐབས་རྣལ་འབྱོར་མའི་བྱིན་རླབས་ཞིག་གསན་པའི་ནུབ་མནལ་ལམ་དུ་རྣལ་འབྱོར་མའི་རྗེས་སུ་འཛིན་པའི་སྣང་བ་ཤར།ལྷ་འདི་ཡི་དམ་གཙོ་བོར་བཟུང་། སླར་ཡང་ཆོས་ལུང་བྱང་རྩེར་ཕེབས།སྟག་ལུང་བ་ཆེན་པོ་ཀུན་དགའ་བཀྲ་ཤིས་རྒྱལ་མཚན་དཔལ་བཟང་པོའི་ཞལ་སྔ་ནས་རབ་ཏུ་བྱུང་།འདི་དུས་དགུང་ལོ་བརྒྱད་ཡིན། བླ་མ་རྣམས་བཀའ་བགྲོས་ཏེ་མཁས་མཆོག་བྱམས་པ་ལྷུན་གྲུབ་གནས་ཀྱི་སློབ་དཔོན་དུ་མངའ་གསོལ།མདོ་ཕྱོགས་ཀྱི་སློབ་གཉེར་རྒྱ་ཆེ་བས་ལུང་རིགས་སྨྲ་བའི་ཁྱུ་མཆོག་ཆེན་པོར་གྱུར། གཞན་ཡང་རྗེ་སྟག་ལུང་བ། རྗེ་རྡོ་རིང་བ།མཁན་ཆེན་ལུང་རིགས་རྒྱ་མཚོ། བླ་མ་བྱམས་པ་ལྷུན་གྲུབ། གྲུབ་དབང་ལྷ་དབང་གྲགས་པ། མཁས་གྲུབ་སངས་རྒྱས་ཡེ་ཤེས། རྡོ་རྗེ་འཛིན་པ་ཡེ་ཤེས་དབང་པོ་སོགས་ལ་རྒྱུད་སྡེ་བཞི་དང་འབྲེལ་བའི་ས་སྐྱ་བ། ཇོ་ནང་དང་ཞྭ་ལུ་གཉིས་ཀྱི་ཆོས་སྐོར། འབྲུག་པའི་རྒྱལ་དབང་བཀའ་འབུམ་སོགས་ཆོས་སྐོར་ཡོངས་རྫོགས། ཀརྨ་ཀམ་ཚང་གི་ཆོས་སྐོར། སྟག་ལུང་བའི་ཆོས་སྐོར་ཡོངས་རྫོགས། ཤངས་པ་བཀའ་བརྒྱུད་པའི་སྨིན་གྲོལ་གདམས་པ་ལག་ཁྲིད་དང་བཅས་པ་ཞལ་གདམས་བཅས་མ་ལུས་པ་གསན། ཡི་དམ་ཆོས་སྐྱོང་གི་བསྙེན་སྒྲུབ་ལ་ནན་ཏན་གནང་བས། བསྐྱེད་རིམ་ལ་བརྟན་པ་ཐོབ།རྒྱུད་སྡེའི་གཞུང་བཤད་རྒྱ་ཆེན་པོ་ཐུགས་སུ་ཆུད། ཡི་དམ་ལྷའི་ཞལ་གཟིགས་མང་དུ་བྱུང་། རྣལ་འབྱོར་མ་རྒྱུད་ཕྱོགས་ལ་བློ་གྲོས་རྒྱས་པར་བྱུང་བ་ནི་བསྙེན་རྫོགས་མ་སྒྲུབ་པའི་སྔོན་གྱི་མཛད་པའོ།། དགུང་ལོ་ཉི་ཤུ་བ་ལ་འདུལ་འཛིན་ཀུན་དགའ་རྒྱ་མཚན་ལས་བསྙེན་པར་རྫོགས། ཕྱི་ཉན་ཐོས་ཀྱི་སྤྱོད་པ་ལ། ནང་ལྟར་རྒྱལ་སྲས་རྡོ་རྗེ་འཛིན་པ་ཆེན་པོར་གྱུར།བསྟན་པའི་བདག་པོར་གྱུར་ཏེ་བྱང་སྟག་ལུང་། ལྷོ་རྟེན་ཁེབས།སྣེ་སྔོ་པ་རྩེ།ཡར་རྒྱབ།ནུབ་ལ་སྟོད་བར་གྱི་སྡེ་དཔོན་ཆེ་ཕྲ། དགོན་གྲྭ་རིགས།ཡུལ་མི་ཐམས་ཅད་ཆོས་ཀྱི་གདུལ་བྱར་གྱུར། སྦྱོར་དྲུག་གི་རྟགས་བཅུ་སོགས་རྒྱུད་དང་མཐུན་པར་ཐུགས་ཉམས་སུ་འཁྲུངས། ནེ་གུ་ཆོས་དྲུག་ཐུགས་ཉམས་སུ་བཞེས་པའི་ཚེ།རྨི་ལམ་ཟིན།ཡུལ་སྣང་གཏན་ལ་ཕེབས། བསམ་སྡིངས་སུ་བཞུགས་པའི་སྐབས། ཀརྨ་བ་དབང་ཕྱུག་རྡོ་རྗེ་དང་ཞྭ་དམར་སྤྲུལ་བའི་སྐུ་དང་བཅས་པ་ཞལ་འཛོམས་ལེགས་ཚོགས་ཀྱི་སྟེང་ནས་ཆོས་ཀྱི་གསུང་བགྲོས་ལས་འཕྲོས་ཏེ་དགྱེས་པ་ཆེན་པོར་གྱུར། དབང་ཕྱུག་རྡོ་རྗེ་ཞིང་བརྗེ་ཁར་རྗེ་བཙུན་འདི་ཉིད་ལ་བསྟན་པའི་བདག་པོར་མངའ་གསོལ་གྱི་བརྟན་བཞུགས་གསུང་རྩོམ་དང་བཅས་འབུལ་གནང་མཛད། དཔལ་ལྡན་ས་སྐྱའི་གདུང་རྒྱུད་བདག་ཆེན་བསོད་ནམས་དབང་པོ་དེ་ཉིད་ཀྱིས་རྟེན་གསུམ་ནང་མཇལ་གཟིགས་འབེབས་དང་། ས་སྐྱའི་གདུང་བརྒྱུད་ལ་དགོངས་ཏེ་ཆོས་འབྲེལ་ཞུ་བ་གནང་དུས་བདག་ཆེན་གྱིས་ས་སྐྱའི་བསྟན་པའི་བདག་པོར་མངའ་གསོལ་ལྟ་བུར་མཛད། རྒྱ་གར་གྱི་པཎཆེན་པུཎ་བཛྲ་དང་། སངས་རྒྱས་སྦས་པའི་མགོན་པོ་ལ་སོགས་པ་མཁས་གྲུབདག་ལ། རྡོ་རྗེ་ཐེག་པའི་གཞུང་འགྲེལ་མན་ངག་བོད་ཀྱིས་བསྲེ་བསླད་མ་ཞུགས་པ་མང་དུ་གསན། སྒྲ་ལ་མཁྱེན་པའི་རྩལ་རྫོགས། རྒྱ་གར་གྱི་ཡུལ་སོ་སོའིའཕྲལ་སྐད་དང་། ལེགས་སྦྱར་སོགས་བརྡ་སྤྲོད་པའི་གཙུག་ལག་མ་བསླབ་པར་ཡང་མཁྱེན། གཞན་ཡང་ཞི་བྱེད་དང་གཅོད་ཡུལ།རི་བོ་དགའ་ལྡན་པ་ནས་བརྒྱུད་པའི་ཆོས་སྐོར། མདོར་ན་བོད་དུ་འགྱུར་རོ་ཅོག་གི་གཞུང་དང་མན་ངག་དང་། བོད་ཀྱི་མཁས་པ་དག་གི་གསུང་རིས་སུ་མ་ཆད་པར་གསན་ཅིང་། སློབ་དཔོན་པདྨ་ལ་དངོས་སུ་ཆོས་གསན་པ་དང་བྱིན་གྱིས་བརླབས་པའི་མཚན་མ་མཐོང་། ཇོ་ནང་ཀུན་མཁྱེན་དུས་གསུམ་སངས་རྒྱས་དང་མཇལ། ངེས་དོན་བསྟན་པའི་བདག་པོར་མངའ་གསོལ། ཀུན་མཁྱེན་ཆེན་པོ་བྱང་ཆུབ་སེམས་དཔའ་ཆོས་འཕགས་ཀྱི་རྣམ་པ་ཅན་དུ་གཟིགས་ཤིང་། གཞན་སྟོང་དབུ་མའི་ལྟ་བ་ལ་ངེས་ཤེས་དང་། ཆོས་ཐམས་ཅད་ཀྱི་གནས་ལུགས་དེར་འདུས་པ་ཐག་ཆོད། སྤྱིར་སྐུ་སྐྱེས་སྔ་རིམ་གྱི་རྟེན་འབྲེལ་ལས། འབའ་རོམ་པའི་དུས་སུ་དྭགས་པོ་བའི་སློབ་མར་གྱུར་པས། དྭགས་པོ་བཀའ་བརྒྱུད་ཀྱི་ཆོས་ལ་མངའ་བརྙེས། ཨ་ཝ་ཧྥུ་ཏིར་འཁྲུངས་པའི་རྟེན་འབྲེལ་ལས།ས་སྐྱའི་ཆོས་ལ་འགྲོ་ཕན་ཆེ། འཇམ་དབྱངས་ཆོས་རྗེར་འཁྲུངས་པས།དགེ་ལུགས་ཕྱོགས་ལ་མཁྱེན་པ་རྒྱས། རྗེ་གྲོལ་མཆོག་ཤངས་པའི་བསྟན་པའི་བདག་པོར་གྱུར་པས་ཤངས་པའི་ཆོས་ལ་སྦྱངས་པ་དང་། འགྲོ་དོན་འཕྲིན་ལས་ཆེ་བ་སོགས། བསྟན་པ་སྤྱིའི་བདག་པོར་གྱུར་པས། འཕགས་ཡུལ་དུའང་སྙན་གྲགས་ཀྱིས་ཁྱབ།རྒྱ་གར་ལྷོ་ཕྱོགས་ཀྱི་རྒྱལ་བོ་བྷ་རེ་ཞེས་པས། སྙན་ཚིག་ཞུ་ཤོག་རྟེན་བཅས་འབུལ་བ་སོགས་འཛམ་གླིང་ཀུན་ཏུ་གྲགས་སོ།། རྟག་བརྟན་ཕུན་ཚོགས་གླིང་རྟེན་བརྟེན་པ་བཞེངས་པ་སོགས་འཕྲིན་ལས་བསམ་བརྗོད་ལས་འདས། རྣམ་ཐར་རགས་བསྡུས་འདི་ཙམ་བྱ་བཏང་བ་བྱམས་པ་མགོན་པོས་མཛད་པའི་ཤངས་པའི་ཆོས་འབྱུང་ལས་བསྡུས་སོ།། 

དེ་ལྟ་བུའི་སྐུ་དངོས་ཀྱི་མཛད་པའམ་གདུལ་བྱ་རྫོགས་པ་ན་སངས་རྒྱས་སྨན་བླའི་ཞིང་དུ་གཤེགས་པའི་ཚུལ་གནང་ངོ་།། རྗེ་ཏཱ་ར་ནཱ་ཐ། སྒྲོལ་བའི་མགོན་པོ། ཀུན་དགའ་སྙིང་པོ་སོགས་མཚན་གྱི་རྣམ་གྲངས་སུ་ཤེས་པར་བྱའོ།། དཔལ་ལྡན་ཇོ་ནང་པའི་གྲུབ་མཐའི་བྱུང་བ་མདོ་ཙམ་བརྗོད་ཟིན་ཏོ།། 

ཀ་ལ་པ་རུ་བཞུགས་པའི་དུས་འཁོར་རྒྱུད།།
ཁ་བ་ཅན་འདིར་རྭ་འབྲོ་གཉིས་ཀྱི་སྲོལ།།
ག་ས་གང་དུ་ཁྱབ་ཚེ་གཅིག་ཏུ་འདྲེས།།
ང་ཡི་བླ་མ་བརྒྱུད་ལྡན་བདུད་རྩིའི་གཏེར།།
ཞེས་པ་ནི་ངལ་གསོ་བའི་ཚིགས་སུ་བཅད་པའོ།།

གཉིས་པ་གྲུབ་མཐའ་དེ་ཉིད་འཛིན་སྐྱོང་སྤེལ་གསུམ་བྱེད་པའི་རིས་སུ་མ་ཆད་པའི་སྐྱེས་ཆེན་དམ་པ་བྱུང་ཚུལ་ཆེ་ལོང་ཙམ་བརྗོད་པ། བདག་ཉིད་ཆེན་པོ་རིགས་ལྡན་སྤྲུལ་བའི་སྐུ་ཀུན་མཁྱེན་ཆེན་པོ་ཁོང་གི་སློབ་མའི་གཙོ་བོ། ཀུན་སྤངས་ཆོས་གྲགས་དཔལ་བཟང་པོ།། ས་བཟང་མ་ཏི་པཎ་ཆེན།ལོ་ཙཱ་བ་བློ་གྲོས་དཔལ། ཆོས་རྗེ་ཕྱོགས་ལས་རྣམ་རྒྱལ། གཡག་སྡེ་པཎ་ཆེན་སོགས་བགྲང་གིས་མི་ལང་བ་ཞིག་དཔལ་ལྡན་ས་སྐྱ་བ་ཡིན་པས་ཇོ་ནང་པའི་ཆོས་རྒྱུན་དང་སློབ་རྒྱུད་བར་མ་ཆད་པར་བྱོན་ཞིང་།ཀུན་མཁྱེན་ཆེན་པོ་ཡང་དཔལ་ལྡན་ས་སྐྱ་བའི་དགེ་བཤེས་ཆེན་པོ་ཞིག་ཡིན་ནོ།། ཕྱིས་སུ་གསེར་མདོག་པ་པཎ་ཆེན་ཤཱཀྱ་མཆོག་ལྡན་གྱིས་ཇོ་ནང་བའི་གྲུབ་མཐའ་འཛིན་པའི་ཚུལ་གནང་བ་དང་། ཀུན་དགའ་གྲོལ་མཆོག་གི་ཤངས་ཆོས་ཀྱི་ཆོས་སྐོར་རྣམས་ཀྱང་ས་སྐྱ་བའི་འཛིན་སྤེལ་བྱེད་པས་ཆོས་རྒྱུན་འདིས་ས་སྐྱ་བ་ལ་ཁྱབ་ཚུལ་མདོ་ཙམ་མོ།།

ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཙོང་ཁ་བ་ཆེན་པོ་ནཱི།ཀུན་མཁྱེན་བུ་སྟོན་གྱི་དངོས་སློབ་རྒྱུད་འགྲེལ་ཚར་བཅུ་བདུན་གསན་པའི་མཁས་གྲུབ་ཆེན་པོ་གུང་གསུམ་བདེ་ཆེན་པ་ཆོས་ཀྱི་དཔལ་བ་ལ་དུས་འཁོར་རྒྱུད་འགྲེལ་ཆ་ཚང་གསན། ཇོ་ནང་ཕྱོགས་ལས་རྣམ་རྒྱལ་ལ་སྦྱོར་བ་ཡན་ལག་དྲུག་པའི་ཁྲིད་གསན་པ་དང་། ཕྱིས་སུ་ཇོ་ནང་ཏཱ་ར་ནཱ་ཐ་རྒྱུད་ཆེན་སངས་རྒྱས་རྒྱ་མཚོའི་སློབ་མ་ཡིན་ལ། ལམ་པ་བསོད་ནམས་གྲགས་པའི་བླ་མ་ཡིན་པས། ཇོ་ནང་པའི་ཆོས་རྒྱུན་འདི་དགེ་ལྡན་པ་ལའང་ཁྱབ་པར་ངེས་ལ། སྒྲུབ་ཐབས་རིན་འབྱུང་དང་། བདེ་མཆོག་རབ་འབྱམས། གཙོ་བོ་འདུས་པ་སོགས་མང་པོ་ཞིག་ད་ལྟ་དགེ་ལྡན་པའི་སྒོས་ཆོས་ལྟ་བུ་ཞིག་ཏུ་གྱུར་པས་མཚོན་ནོ།། སྔ་འགྱུར་ཕྱོགས་ལ་ལོ་ཆེན་དྷརྨ་བྲི་རྭ་འབྲོ་གཉིས་ཀྱི་བརྒྱུད་པ་ཡིན་པར་རྣམ་འགྲེལ་གསེར་གྱི་ཤིང་རྟ་ལས་གསལ་ཞིང་།བུ་སྟོན་རིན་པོ་ཆེ་དང་དུས་མཉམ་པའི་འཁོན་སྟོན་རྡོ་རྗེ་དཔལ་བ་ཞེས་མཁས་གྲུབ་ཆེན་པོ་དེ་ཡང་དུས་འཁོར་ལ་ཤིན་ཏུ་མཁས་ཤིང་འབྲོ་ལུགས་གཙོ་བོར་བྱེད་པ་ཞིག་ཡིན་པར་སྣང་ལ། འཇུ་མི་ཕམ་ཕྱོགས་ལས་རྣམ་རྒྱལ་བའི་དུས་འཁོར་གྱི་རྒྱུད་འགྲེལ་སོགས་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་དང་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ་གཉིས་ལ་གསན་པ་དང་། རྒྱུད་འགྲེལ་གྱི་བཤད་ལུང་གི་བརྒྱུད་འདེབས་ཁ་སྐོང་ལའང་བུ་ལུགས་དང་ཇོ་ནང་གི་ལུགས་མ་འདྲེས་པར་བཀོད་གནང་མཛད་པ་དང་། ཇོ་ནང་གི་བརྒྱུད་པ་རྗེ་ཆ་ལུང་བ་ལས་བརྒྱུད་ཚུལ་གསལ་བས་མཚོན་ནོ།། བཀའ་བརྒྱུད་ཕྱོགས་ལ་བྱང་སེམས་རྒྱལ་བ་ཡེ་ཤེས་རྗེ་ཀརྨ་པཀྵུའི་སློབ་མ་ཡིན་པས་བརྒྱུད་པ་འདི་ལ་འབྲོ་ལུགས་གཞིར་བཞག་མངའ་ཞིང་། ཕྱིས་སུ་ཀརྨ་སི་ཏུ་གཙུག་ལག་ཆོས་ཀྱི་སྣང་བ་དང་། ཟུར་མང་བ་སོགས་ལས་བརྒྱུད་དེ་བཀའ་རྙིང་གཉིས་ཀར་དབང་བརྒྱུད་མན་ངག་མ་ལུས་པ་དར་ཚུལ་སོ་སོའི་རྣམ་ཐར་ན་གསལ་བས་མཚོན་ནོ།། 

དེ་ལྟར་ན་ད་ལྟ་ས་དགེ་རྙིང་བཀའ་ཇོ་འབྲི་སོགས་ཀྱི་མཁས་གྲུབ་དུ་མས་རྒྱལ་ཁབ་ཕྱི་ནང་ཀུན་ན་དུས་ཀྱི་འཁོར་ལོའི་དབང་ཆེན་མང་དུ་གནང་བ་དང་། གཞན་ཡང་སྔགས་གསར་མའི་རྒྱུད་སྡེ་མང་པོའི་དབང་བཀའ་བྱིན་རླབས་གནང་བ་ཐམས་ཅད་ཀྱི་ཆུ་མགོ་རྒྱལ་བ་རྡོ་རྗེ་འཆང་ལ་ཐུག་པ་དང་། བརྒྱུད་པ་བར་མ་ཆད་པ་ཡིན་པའི་ཚུལ་ལ་གོ་བ་ལེགས་པོར་ཆགས་པ་གལ་ཆེ་ཞིང་། སྔ་འགྱུར་བཀའ་གཏེར་གྱི་མཛོད་ཆེན་པོ་རྣམས་ཀྱི་བརྒྱུད་ཚུལ་ལའང་བསམ་གཞིག་རེ་བྱས་ན་བཀའ་དྲིན་ཆེའོ།། ཆོས་ལ་ཕྱོགས་རིས་བྱས་ཏེ་གང་ཟག་ལ་སྐུར་བ་འདེབས་པའི་བསྟན་འཛིན་ཞིག་སྲིད་ན། བསྟན་བཤིག་ཟེར་བ་ར་ཟེང་ངེ་བ་ཞིག་འོང་རྒྱུ་མེད་དོ།། 

་ནི་ཀུན་མཁྱེན་ཆེན་པོའི་ལུང་ཟིན་གྱི་སྐྱེས་མཆོག་དྲུང་དཀའ་བཞི་རིན་ཆེན་དཔལ་ནས་མདོ་སྨད་ཁམས་ཀྱི་ཕྱོགས་སུ་ཇོ་ནང་གི་བསྟན་པ་དར། དེ་མཚུངས་བྱང་ཕྱོགས་མཚོ་སྔོན་གྱི་ཡུལ་ཁམས་སུའང་ཀ་རིང་དཀའ་བཅུའི་རྣམ་ཐར་དབལ་མང་པཎྜི་ཏས་མཛད་པ་ལྟར་ན་ཇོ་ནང་གི་ཆོས་རྒྱུན་དར་བ་དང་། དབང་བརྒྱུད་མན་ངག་གི་རིམ་པ་ནི་བོད་ཁམས་ཡོངས་ལ་ཁྱབ་པར་མ་ཟད། རྒྱ་ནག་དང་སོག་ཡུལ་ཀུན་ཏུ་ཁྱབ་ཚུལ་སུམ་པའི་ཆོས་འབྱུང་ན་གསལ་ལོ།། ཕྱིས་སུ་རྗེ་བཙུན་ཏཱ་ར་ནཱ་ཐ་ནས་རིམ་བཞིན། སྔོན་སྦྱང་རིན་ཆེན་རྒྱ་མཚོ། མཁས་གྲུབ་བློ་གྲོས་རྣམ་རྒྱལ།གྲུབ་ཆེན་ངག་དབང་འཕྲིན་ལས། ངག་དབང་བསྟན་འཛིན་རྣམ་རྒྱལ།ངག་དབང་མཁས་བཙུན་དར་རྒྱས། ཀུན་བཟང་འཕྲིན་ལས་རྣམ་རྒྱལ།ནུས་ལྡན་ལྷུན་གྲུབ་རྒྱ་མཚོ། དཀོན་མཆོག་འཇིགས་མེད་རྣམ་རྒྱལ།ངག་དབང་ཆོས་འཕེལ་རྒྱ་མཚོ། ངག་དབང་ཆོས་ཀྱི་འཕགས་པ། ངག་དབང་ཆོས་འཛིན་རྒྱ་མཚོ། ངག་དབང་ཆོས་ཀྱི་རྣལ་འབྱོར། དྲིན་ཅན་རྩ་བའི་བླ་མ་ཁྱབ་བདག་སྨོན་ལམ་བཟང་པོའི་བར་དུ་བརྒྱུད་པ་བར་མ་ཆད། དམ་ཚིག་ལ་སེལ་མ་ཞུགས། བྱིན་རླབས་ཀྱི་དྲོད་མ་ཡལ། དཔའ་བོ་དང་དཔའ་མོའི་ཞལ་རླངས་ཐོལ་ལེ་བ་དཔལ་དུས་ཀྱི་འཁོར་ལོའི་དབང་བསྐུར། རྒྱུད་བཤད། མན་ངག་བཅས་སྐལ་ལྡན་གདུལ་བྱའི་དཔལ་དུ་ཕེབས་པ་ཡིན་ནོ།།

ཅ་ཅོའི་གཏམ་གྱིས་འུད་ཤོབ་མང་དུ་སྨྲ།

ཆ་ལུགས་ཆ་མ་ཆོ་ཡིས་ཞིག་པོར་བརྫུ།།

ཇ་ཆང་འདོད་ཡོན་དཀོར་ལ་རྔམ་པ་དག།།

ཉ་ཉོག་སྣ་ཚོགས་སྨྲ་ལ་ཅི་ཆ་ཡོད།།

                ཅེས་པའང་ངལ་གསོ་བའི་ཚིགས་སུ་བཅད་པའོ།།

རབ་འབྱམས་དཀྱིལ་འཁོར་ཀུན་གྱི་གཙོ།།

རིགས་བརྒྱའི་ཁྱབ་བདག་རྡོ་རྗེ་འཆང་།།

མཚན་ལྡན་སྨོན་ལམ་བཟང་པོ་ལ།།

སླར་ཡང་དད་པས་ཕྱག་འཚལ་ལོ།།

     (རྒྱུད་ལྡན་བླ་མ་དམ་པ་ངག་དབང་སྨོན་ལམ་བཟང་པོའི་རྣམ་པར་ཐར་བ་དད་པའི་ཀུ་མུད་འཕེལ་བའི་ཟླ་ཟེར་ཞེས་བྱ་བ་ལས་ཤེས་རབ་མཐར་ཕྱིན་གྱིས་ཡི་གེར་ཕབ།) གསལ་བཤད། ཁོང་གི་སྐུ་ཚ་མཁན་ཤེས་རབ་མཐར་ཕྱིན་གྱིས་ང་ལ་མཁོ་སྤྲོད་གནང་བ་ཡིན།

ནང་དོན་ཡོངས་ཁུངས། གོང་སྨད་རྩོམ་རིག་སྤྱི་སྟེགས།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།