གཞན་སྟོང་དབུ་མ་ཆེན་མོའི་བདེན་གཉིས་ལ་བཤད་པ

གཞན་སྟོང་དབུ་མ་ཆེན་པོའི་ལུགས་ཀྱི་བདེན་གཉིས་བཤད་པ་མདོར་སྡུས།

རྩོམ་པ་པོ།    མཁན་རྟག་བརྟན།

བདེན་གཉིས་རྣམ་འབྱེད་ཤེས་རབ་མིག་གིས་ཀུན་རྟོག་རྨོངས་མུན་གཞི་ནས་གཞོམ།། ཐབས་ཤེས་ཟུང་འཇུག་སེང་གེའི་ང་རོའི་གྲགས་སྙན་གངས་རིའི་སྤོ་ལ་རེག། དྲང་ངེས་གསུང་རབ་རྒྱ་མཚོའི་དགོངས་དོན་མཐར་ཐུག་རྟོགས་པའི་སྤྱན་ཡངས་པ།། རྒྱལ་བ་གཉིས་པ་ཀུན་མཁྱེན་དོལ་པོའི་གསང་གསུམ་བྱིན་རླབས་སྙིང་ལ་སྩོལ།།

ཞེས་མཆོད་པར་བརྗོད་པའི་བསྟོད་བསྔགས་ཀྱིས་མདུན་བསུས་ཏེ། གང་ཞིག་གླེང་བར་བྱ་བ་ནི་ཟབ་ལ་རྒྱ་ཆེ་བའི་དབུ་མ་གཞན་སྟོང་གི་གྲུབ་མཐའ་ལས་བདེན་གཉིས་ལ་དཔྱད་པར་བྱ་བའི་ལས་སུ་ཞུག་པར་བྱ་སྟེ། དེ་ལ་རྩ་བའི་ས་བཅད་ཀྱི་དབང་དུ་བྱས་ན། ཀུན་རྫོབ་བདེན་པ་དང་། དོན་དམ་བདེན་པ་བཤད་པ་དང་གཉིས།  དང་པོ་ལ། མཚན་ཉིད་མཚན་གཞི་ངོས་འཛིན། སྒྲ་བཤད། ཞར་བྱུང་དོགས་དཔྱོད་དང་གསུམ། དང་པོ་ནི། རྣམ་ཤེས་ཀྱི་ཡུལ་གང་ཞིག  གཤིས་ལ་རང་གི་ངོ་བོ་བདེན་པའི་སྟོང་བ། ཀུན་རྫོབ་བདེན་པའི་མཚན་ཉིད། དེ་དང་དོན་གཅིག་པ་ནི། ཐ་སྙད་བདེན་པ། རྣམ་ཤེས་ཡེ་ཤེས་གཉིས་སུ་ཕྱེ་བའི་རྣམ་ཤེས་ཀྱི་ཡུལ། གཤིས་ལ་རང་གི་ངོ་བོ་བདེན་པའི་སྟོང་བའི་ཆོས། སྣང་གནས་མི་མཐུན་པ། རྣམ་ཤེས་ཀྱི་རྒྱལ་ཁམས། འཁྲུལ་བ། སྟོང་བའི་སྟོང་བ། དོན་དཔྱོད་རིགས་པས་དཔྱད་མི་བཟོད་པ། བསླུ་བའི་ཆོས། རང་སྟོང་སོགས་དོན་གཅིག་ཏུ་བཞེད། 

གཉིས་པ་ཀུན་རྫོབ་བདེན་པའི་སྒྲ་བཤད་ཞིབ་མོར་བཤད་པ་ལ། ཀུན་རྫོབ་བདེན་པའི་སྒྲ་བཤད་ནི། གཉིས་སྣང་ཅན་གྱི་རྣམ་ཤེས་ཀྱི་སྣང་ཡུལ་ཙམ་དུ་བདེན་པས་སམ་ཡོད་པས་ན་ཀུན་རྫོབ་ཀྱི་བདེན་པ་ཞེས་བྱའོ།། ཡང་སྒྲ་བཤད་གཅིག་ནི། བདེན་འཛིན་མ་རིག་པའི་དབང་གིས་བདེན་པར་སྣང་ཞིང་དེའི་སྣང་ངོར་ཙམ་དུ་བདེན་པས་ཀུན་རྫོབ་བདེན་པ་ཞེས་བྱའོ།། སྒྲ་བཤད་གཉིས་ཀྱི་དབང་དུ་བྱས་ན་ཀུན་རྫོབ་བདེན་པ་ཞེས་པའི་བློ་ཀུན་རྫོབ་ནི། རྣམ་ཤེས་ཡེ་ཤེས་གཉིས་སུ་ཕྱེ་བའི་རྣམ་ཤེས་དང་བདེན་འཛིན་མ་རིག་གཉིས་ཀ་འཇོག་དེ་གཉིས་ཀྱིས་ཡང་དག་པའི་དོན་མཐོང་བ་ལ་སྒྲིབ་པས་བློ་ཀུན་རྫོབ་ཞེས་པ་དེ་ཡིན། ཡང་སྒྲ་བཤད་གཅིག་ལ། ཀུན་རྫོབ་ཏུ་བདེན་ཞིང་གནས་པས་ཀུན་རྫོབ་ཀྱི་བདེན་པ་ཞེས་བྱའོ།།  དེ་ལྟར་ན་སྐབས་འདིའི་ཀུན་རྫོབ་ལ།དོན་དམ་མ་ཡིན་པའི་ཆོས་ཐམས་ཅད་འཇོག དོན་དམ་མ་ཡིན་པའི་ཀུན་རྫོབ་ཀྱི་ཆོས་ཐམས་ཅད་ཀྱིས་ཡང་དག་པའི་དོན་མཐོང་བ་ལ་སྒྲིབ་མི་སྒྲིབ་འོག་ཏུ་དཔྱད་པར་བྱ། ཀུན་རྫོབ་ནི་ཁམས་གསུམ་གྱི་བསྡུས་པའི་ཡང་དག་མ་ཡིན་པའི་སེམས་སེམས་བྱུང་ཀུན་ཏུ་རྟོག་པ་དང་དེའི་དངོས་ཀྱི་སྤྱོད་ཡུལ་ལ་ཀུན་རྫོབ་པ་ཞེས་ཁྱད་པར་ཕྱེས་ནས་ཉ་དབོན་ཀུན་དགའ་དཔལ་གྱིས་གསུངས། སྐབས་འདིའི་བདེན་པ་ནི།  རྣམ་ཤེས་ཀྱི་དངོས་ཡུལ་ལམ་ཐ་སྙད་ཚད་མའི་ཡུལ་ལ་བྱའོ།། དེ་ཡང་ཞིབ་ཏུ་ཕྱེ་ན་ཡུལ་ཡུལ་ཅན་གཉིས་ཀྱི་སྒོ་ནས་བརྟགས་ཤིང་དཔྱད་ན། ༡ ཡུལ་ཤེས་བྱ་ལ། སྣང་བ་ལྟར་དོན་བྱེད་ནུས་པའི་ཡང་དག་ཀུན་རྫོབ་དང་། སྣང་བ་ལྟར་དོན་བྱེད་མི་ནུས་པའི་ལོག་པའི་ཀུན་རྫོབ་དང་། རང་བཞིན་དོན་དམ་གསུམ་དུ་ཕྱེ་ནས་དཔྱད་པར་མཛད། དང་པོ་ཡང་དག་ཀུན་རྫོབ་ནི། རྣམ་ཤེས་ཀྱི་སྣང་ངོར་ཙམ་དུ་བདེན་པས་ཀུན་རྫོབ་བདེན་པའི་སྒྲ་བཤད་པའི་གཞི་ཡིན། ༢ གཉིས་པ་ལོག་པའི་ཀུན་རྫོབ་ནི། རྟོག་པའི་ཞེན་ངོར་བདེན་པ་མ་གཏོགས་རྫས་སུ་མ་གྲུབ་པས་ཀུན་རྫོབ་བདེན་པའི་སྒྲ་བཤད་པའི་གཞི་མིན། ༣ གསུམ་པ་རང་བཞིན་དོན་དམ་ནི། གཟུང་འཛིན་གཉིས་སྣང་ཅན་གྱི་རྣམ་ཤེས་ལ་ངོ་བོ་རྫོགས་པར་འཆར་བའི་ཚུལ་དུ་མི་སྣང་བས་ཀུན་རྫོབ་བདེན་པའི་སྒྲ་བཤད་མི་འཇུག་གོ།། ༢ ཡུལ་ཅན་བློ་ལ། ༡ གཟུང་བ་ཕྱི་དོན་དུ་བདེན་པར་འཛིན་པའི་བདེན་འཛིན་གྱིས་བསླད་པ་དང་། ༢ འཛིན་པ་བདེན་པར་འཛིན་པའི་བདེན་འཛིན་གྱིས་བསླད་པའི་བློ་གཉིས་ཡོད། ༡ བློ་གཉིས་ཀྱི་དང་པོའི་དབང་དུ་བྱས་ན། ཕྱི་གཟུང་བ་གཟུགས་སོགས་ནི་རང་ཉིད་ཕྱི་དོན་བདེན་པར་འཛིན་པ་མ་སྤངས་བའི་གང་ཟག་གི་བློ་ཀུན་རྫོབ་པ་དེའི་སྣང་ངོར་བདེན་པས་ཀུན་རྫོབ་བདེན་པའི་སྒྲ་བཤད་འཇུག་པའི་གཞི་ཡིན།༢བློ་གཉིས་པའི་དབང་དུ་བྱས་ན་ནང་འཛིན་པ་ཚོར་སོགས་ནི་རང་བདེན་པར་འཛིན་པའི་བདེན་འཛིན་མ་སྤངས་པའི་གང་ཟག་གི་བློ་ཀུན་རྫོབ་པ་དེའི་སྣང་ངོར་བདེན་པས་ཀུན་རྫོབ་བདེན་པའི་སྒྲ་འཇུག་པའི་གཞི་ཡིན། ལོག་པའི་ཀུན་རྫོབ་ནི། བརྡ་བྱང་གང་ཟག་གིས་རང་ངོས་ནས་གྲུབ་པར་སྣང་ཡང་སྣང་གནས་མི་མཐུན་པར་རྟོགས་པས་ལོག་པའི་ཀུན་རྫོབ་ཏུ་བཞག་པ་དང་། ཡང་དག་ཀུན་རྫོབ་ནི། དོན་གྱི་ཡིན་ལུགས་རང་ངོས་ནས་སྟོང་བ་མི་སྣང་བར་སྣང་གནས་མི་མཐུན་པའི་བདེན་པར་སྣང་བ་དང་། བདེན་པར་ཞེན་པས་བྱིས་པ་རྣམས་ལོག་པའི་གནས་སུ་ལྟུང་བར་བྱེད་པས་དེ་དག་ཡུལ་དེས་བསླུ་བར་བྱེད་ལ། ཐེག་ཆེན་འཕགས་པ་རྣམས་ལ་གཟུགས་སོགས་བདེན་པར་སྣང་ཡང་དེས་རྫུན་ཕུགས་རིག་སྟེ། སྣང་སྟོང་གཉིས་ཚོགས་སྒྱུ་མ་ལྟ་བུར་སྣང་བས་དེ་ལ་བདེན་པར་ཞེན་པས་ལོག་པར་ལྟུང་བ་མེད་པའི་ཕྱིར། དེས་ན་རྫུན་པའི་ཀུན་རྫོབ་ཙམ་འགྱུར་ཞིང་སླུ་བར་མི་བྱེད་པས་རྫུན་པ་ཙམ་དུ་འགྱུར་བ་དང་། བདེན་འཛིན་མ་རིག་པའི་དབང་གིས་སྣང་བ་མེད་པའི་མཉམ་བཞག་པ་ལ་རྫུན་སྣང་དེ་ཡང་མི་འཆར་བ་དང་། སངས་རྒྱས་རྣམས་ལ་གཉིས་སྣང་འཁྲུལ་བའི་རྣམ་ཤེས་བག་ཆགས་དང་བཅས་པ་འགག་པས་ཀུན་རྫོབ་གྱི་སྣང་བ་གཏན་ལོག་པ་སྟེ་གཏན་མི་སྣང་བ་ཡིན། དེ་ལྟར་ན་ཡང་དོན་དམ་དངོས་སུ་མཁྱེན་པས་ཀུན་རྫོབ་ཤུགས་ལ་མཁྱེན་པ་ཡིན་ཞེས་ཇོ་ནང་ཀུན་མཁྱེན་ཆེན་པོས་གསུངས་པ་ནི་ཟབ་གནད་ཁྱད་པར་ཅན་ཞིག་ཡིན་ནོ།། བོད་ཀྱི་མཁས་པ་ཕལ་མོ་ཆེས་ཀུན་རྫོབ་ཀྱི་བདེན་པ་སངས་རྒྱས་རྣམས་ལ་མ་རིག་པའི་དབང་གིས་མི་སྣང་ཡང་གཞན་ལ་སྣང་བའི་སྒོ་ནས་སྣང་ཞེས་བྱ་སྟེ། དཔེར་ན། གང་ཟག་གཞན་ལ་གཞན་གྱི་རྨི་ལམ་སྣང་བ་བཞིན་ཡིན་ཞེས་ཟེར། འདིའི་དམ་བཅའ་དང་དཔེ་དོན་གཉིས་ལ་བརྟགས་པར་བྱ། ཀུན་རྫོབ་ནི་སྣང་ཕྱིན་ཆད་མ་རིག་བག་ཆགས་ཀྱིས་སྣང་བ་ཡིན་དེ། མ་རིག་བག་ཆགས་ཀྱིས་སྣང་བ་ཙམ་ཡིན་པའི་ཕྱིར། ཀུན་རྫོབ་ནི་འཁྲུལ་བའམ་སྣང་གནས་མི་མཐུན་པའི་ཆོས་ཡིན་པས་དེའི་སྣང་བ་ཡོད་ཕྱིན་ཆད་འཁྲུལ་བའི་སྣང་བ་ལོག་ཚུལ་མེད་པའི་ཕྱིར། དཔེ་འདི་ཡང་ཞིབ་མོར་དཔྱད་ན་ཀུན་རྫོབ་མི་སྣང་བའི་དཔེར་འགྲོ་བ་ལས་སྣང་བའི་དཔེར་འགྲོ་ལུགས་ཤིག་མེད། འདི་ལྟར་རྨི་ལམ་གྱི་སད་པའི་གང་ཟག་ལ་རྨི་ལམ་སྣང་བ་མཚན་ཉིད་པ་ནི་མི་འབྱུང་སྟེ། དེ་ནི་གཉིད་ཀྱི་ལོག་སྣང་ཡིན་པའི་ཕྱིར། ཁྱབ་སྟེ། དེ་སྣང་བ་ལ་རང་ཉིད་ཡིན་པ་སྣང་བ་ལས་གཞན་སྣང་བས་རང་སྣང་བས་གོ་མི་ཆོད། འོ་ན་རྨི་ལམ་གྱི་སད་པའི་གང་ཟག་ལ་རྨི་ལམ་གྱི་སྣང་བ་ལྟ་བུ་འབྱུང་བ་ཅི་ཡིན་ཞེ་ན། དེ་ནི་རྨི་ལམ་གྱི་དོན་སྤྱིའི་སྣང་བ་ཡིན་པས་རྨི་ལམ་མཚན་ཉིད་པ་མ་ཡིན་པའི་ཕྱིར། རྨི་ལམ་གྱི་རྟ་ལྟ་བུའི་སྤྱིའི་སྣང་བ་ཡོད་པ་ལ་ཡང་རྨི་ལམ་གྱི་རྟ་རྟའི་ངོར་སྣང་བའི་ལོག་སྣང་མེད་པར་རྨི་ལམ་གྱི་རྟའི་སྣང་བ་འབྱུང་མི་སྲིད། དེ་བཞིན་ཀུན་རྫོབ་སྣང་བ་ལ་གཉིས་སྣང་འཁྲུལ་བའི་སྣང་བ་མེད་པར་སྣང་ཚུལ་མེད་དེ། གཟུང་འཛིན་གཉིས་སྣང་གི་འཁྲུལ་བའི་ཆོས་ཡིན་པའི་ཕྱིར། འོན་ཀྱང་། གཞན་སྟོང་བའི་ཕྱོགས་སུ་འཛིན་པ་ས་བཟང་མ་ཏི་པཎ་ཆེན་དང་ཉ་དབོན་ཀུན་དགའ་དཔལ་གྱིས་རྣམ་མཁྱེན་ལ་ཀུན་རྫོབ་སྣང་བར་བཞེད། ཆོས་རྗེ་ཀུན་མཁྱེན་རིན་པོ་ཆེ་དང་རྗེ་བཙུན་ཏཱ་ར་ནཱ་ཐས་ཀུན་རྫོབ་མི་སྣང་བར་བཞེད་དོ།། 

གསུམ་པ་ཞར་བྱུང་ཀུན་རྫོབ་བདེན་པ་དཔྱད་པ་ལ། ཀུན་རྫོབ་བདེན་པ་ཞེས་པའི་ཀུན་རྫོབ་ལ་གང་འཇོག་མིན་དང་།  རྣམ་ཤེས་ཀྱི་ཡུལ་དང་། ཀུན་རྫོབ་རང་སྟོང་ཡིན་པའི་དོན་ལ་དཔྱད་པ་དང་གསུམ།  དང་པོ་ལ། ཉ་དབོན་ཀུན་དགའ་དཔལ་གྱིས་ཤཱཀྱ་བློའི་རྣམ་འགྲེལ་གྱི་འགྲེལ་བཤད་ལ་ཁུངས་བཅོལ་ནས་ཀུན་རྫོབ་བདེན་པ་ཞེས་པའི་ཀུན་རྫོབ་ལ་རྣམ་རྟོག་དང་ཀུན་རྫོབ་པ་ནི་དོན་དམ་མ་ཡིན་པའི་ཀུན་རྫོབ་གྱི་ཆོས་ཐམས་ཅད་ལ་ངོས་འཛིན་བྱས་ཡོད། ཁོང་གི་དགོངས་ལུགས་ནི། གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་རྣམས་ཀྱི་གནས་ལུགས་མངོན་སུམ་དུ་མཐོང་བ་ལ་རྣམ་རྟོག་གིས་སྒྲིབ་པ་ལས་རྣམ་རྟོག་དངོས་ཡུལ་དེས་སྒྲིབ་ཚུལ་མེད་པར་བསམ་སྙམ། རྗེ་བླ་མ་ཙོང་ཁ་བ་པས་སྐབས་འདིའི་ཀུན་རྫོབ་ནི། བདེན་འཛིན་མ་རིག་པ་ལ་དངོས་འཛིན་མཛད། ཆོས་རྗེ་ཀུན་མཁྱེན་དང་རྗེ་བཙུན་ཏཱ་ར་ནཱ་ཐས་ཀུན་རྫོབ་བདེན་པ་ཞེས་པའི་ཀུན་རྫོབ་ནི། དོན་དམ་མ་ཡིན་པའི་ཆོས་ཐམས་ཅད་ལ་ངོས་འཛིན་བྱས་ཡོད་པ་འདྲ། མཁས་པའི་དབང་པོ་ཉ་དབོན་ཀུན་དགའ་དཔལ་གྱིས་རྣམ་མཁྱེན་ལ་་སྣང་ཡང་བདེན་མེད་སྒྱུ་མ་ལྟ་བུར་སྣང་བས་འཁྲུལ་བའི་སྐྱོན་མེད་གསུངས།  ས་བཟང་མ་ཏི་པཎ་ཆེན་གྱིས་ཀུན་རྫོབ་སྣང་ཡང་མ་དག་པའི་སྣང་བ་མེད་པས་འཁྲུལ་བའི་སྐྱོན་མེད་གསུངས། གཉིས་སྣང་ཅན་གྱི་རྣམ་ཤེས་ཀྱིས་ཡང་དག་པའི་དོན་མངོན་སུམ་དུ་མཐོང་བ་ལ་སྒྲིབ་ཚུལ་ནི། གཉིས་མེད་ཡེ་ཤེས་མངོན་སུམ་དུ་བྱེད་པ་ལ་གཉིས་སྣང་གི་སྤྲོས་པ་འགག་དགོས་པས་ཡིན་པ་རང་ལུགས་ཀྱི་མཁས་པ་རྣམས་ལ་བཞེད་པ་མི་མཐུན་པ་མེད།  ཀུན་རྫོབ་བདེན་པ་ཞེས་པའི་ཀུན་རྫོབ་ལ་གཉིས་སྣང་ཅན་གྱི་རྣམ་ཤེས་དེ་བཞག་ནས་དེས་ཡང་དག་པའི་དོན་མཐོང་བ་ལ་སྒྲིབ་པ་དང་རྣམ་མཁྱེན་ལ་ཀུན་རྫོབ་སྣང་བར་བཞེད་པ་གཉིས་འགལ་མི་འགལ་དཔྱད་པ་ལ། རྣམ་མཁྱེན་ལ་ཀུན་རྫོབ་སྣང་ན་གཉིས་སྣང་སྤྲོས་པ་ཇི་ལྟར་དགག་གཉིས་སྣང་མ་འགག་ན་གཉིས་སྣང་ཅན་གྱི་རྣམ་ཤེས་ཀྱིས་ཡང་དག་པའི་དོན་མཐོང་བ་ལ་ཚུལ་ཇི་ལྟར་སྒྲིབ།གཉིས་འཛིན་གྱི་རྣམ་རྟོག་མེད་པས་སྐྱོན་མེད་ཅེ་ན། ཀུན་རྫོབ་གཉིས་སྣང་གི་སྤྲོས་པ་ནི།གཉིས་འཛིན་གྱི་རྣམ་རྟོག་གིས་བསྐྱེད་པས་དེ་འགག་ན་གཉིས་སྣང་རྒྱུ་མཚན་ཅིའི་མི་འགག དཔེར་ན། དུང་སེར་སྣང་དུང་སེར་འཛིན་གྱི་དབང་ཤེས་ཀྱི་བསྐྱེད་པས་དུང་སེར་འཛིན་འགག་པ་ན་སེར་སྣང་འགག་པ་བཞིན།  རང་ལུགས་ལ་གང་ཟག་གི་བདག་དང་ཆོས་བདག་ཆོས་ཉིད་ཀྱི་དགག་བྱར་བྱེད་པ་མ་ཟད་ཀུན་རྫོབ་སྤྲོས་པའི་ཆོས་ཐམས་ཅད་ཆོས་ཉིད་སྟེང་དུ་དགག་བྱར་འདོད་ལ། དེ་ལྟར་ན་ཆོས་ཉིད་སྣང་བ་ཡོངས་རྫོགས་པར་ཤར་བ་ནི། ཀུན་རྫོབ་ཀྱི་སྣང་བ་རྒྱུ་མཚན་ཅིའི་ཕྱིར་ན་མི་འགག། ཀུན་རྫོབ་རང་ངོས་ནས་མི་སྣང་ཡང་གཞན་ངོར་སྣང་བའི་སྣང་ཚུལ་ཞིག་ཡོད་ཟེར་བ་ལ་ནི། དམ་བཅའ་དང་དཔེ་གཉིས་ཆར་ལ་ལན་བཏབ་ཟིན།  འོ་ན་རྣམ་མཁྱེན་ལ་ཀུན་རྫོབ་མི་སྣང་བར་འདོད་ན་ཀུན་རྫོབ་མེད་པ་དང་ཀུན་རྫོབ་མི་མཁྱེན་པ་དང་། སེམས་ཅན་ལ་སྙིང་རྗེ་མེད་པའི་སྐྱོན་ཡོད་དོ་ཞེ་ན། སངས་རྒྱས་ཀྱི་ཡེ་ཤེས་ལ་ཀུན་རྫོབ་མི་སྣང་བས་ཀུན་རྫོབ་མེད་པར་མི་འགྱུར་ཏེ།  ཀུན་རྫོབ་ཡོད་མེད་ཡེ་ཤེས་ཀྱི་དངོས་ཡུལ་དུ་ཡོད་མེད་ལ་བྱེད་རྒྱུ་མ་ཡིན་པར་རྣམ་ཤེས་ཀྱི་ཡུལ་དུ་ཡོད་མེད་ལ་ལྟ་དགོས་པས་རྣམ་ཤེས་འཁྲུལ་ངོར་ཙམ་དུ་ཡོད་པར་དམིགས་པའི་ཕྱིར།  དཔེར་ན་རྨི་ལམ་གྱི་སྣང་བ་སད་ངོར་མེད་པས་མེད་མི་དགོས་པ་བཞིན་ཡིན་པའི་ཕྱིར། རྨི་ལམ་སྣང་བ་སྣང་བ་ལྟར་མ་གྲུབ་ཀྱང་རྨི་ལམ་གྱི་སྣང་བ་ཙམ་རྨི་ལམ་གྱི་ཤེས་ངོར་གྲུབ་པ་བཞིན་ནོ། དེ་བཞིན་དུ་ཀུན་རྫོབ་འཁྲུལ་སྣང་ཙམ་སྣང་བ་ལྟར་མ་གྲུབ་ཀྱང་རྣམ་ཤེས་འཁྲུལ་ངོར་ཙམ་དུ་དམིགས་པའི་ཕྱིར། དགེ་ལྡན་གྱི་མཁས་པ་འགས་ཀུན་མཁྱེན་ཇོ་ནང་བས་ཀུན་རྫོབ་འཁྲུལ་བར་འདོད་པས་མེད་པར་འདོད་དགོས་ཞེས་སྨྲ་བ་ལ། ཀུན་མཁྱེན་ཇོ་ནང་པས་ཀུན་རྫོབ་འཁྲུལ་ངོར་བཞག་པ་ནི། སྣང་ཚུལ་དང་གནས་ཚུལ་མི་མཐུན་པ་ཙམ་ལ་ཟེར་བས་དེ་ཙམ་གྱིས་མེད་པར་ཆགས་ན་ཁྱེད་ཀུན་རྫོབ་ཡོད་པར་འདོད་པ་ལ་ཡང་ཀུན་རྫོབ་མེད་པར་ཐལ་ཏེ། སྣང་ཚུལ་དང་གནས་ཚུལ་མི་མཐུན་པ་ཡིན་པའི་ཕྱིར། ཀུན་མཁྱེན་དོལ་པོ་བ་ཤེས་རབ་རྒྱལ་མཚན་གྱིས་ཀུན་རྫོབ་རྣམ་ཤེས་འཁྲུལ་ངོར་ཙམ་དུ་བཞག་ནས་འཁྲུལ་ངོར་ཚད་མ་དང་ཚད་མིན་རྣམ་བཞག་རྒྱ་ཆེར་གསུངས་ཤིང་། དེ་ཡང་བོད་ཀྱི་ཐལ་འགྱུར་སྔ་རབས་པ་ལྟར་གཞན་ངོར་མ་གཏོགས་རང་ལུགས་ལ་ཀུན་རྫོབ་ཁས་མི་ལེན་པ་ལྟར་མིན་པར་དབུ་མ་རང་ལུགས་ལ་ཁས་བླངས་ཏེ་གསུང་པ་ཡིན་ནོ།། དོགས་པ་གཉིས་པ་ལ།  མཁས་པའི་དབང་པོ་ཉ་དབོན་ཀུན་དགའ་དཔལ་གྱིས་ཀུན་མཁྱེན་ཆེན་པོས་ཀུན་རྫོབ་མི་སྣང་པར་ལག་མཐིལ་ཏུ་སྐྱུ་རུ་ར་བཞག་པར་མཁྱེན་གསུངས་པ་ལྟར་ཆོས་ཉིད་ཆོས་ཅན་ཀུན་རྫོབ་ཀྱི་གནས་ལུགས་ཡིན་པས་མ་འཁྲུལ་བ་ཆོས་ཉིད་ངོས་ཟིན་པ་ན་འཁྲུལ་བ་ཀུན་རྫོབ་ཀྱི་ཆོས་ཤུགས་ལ་རྟོགས་འགྲོ་སྟེ།  དཔེར་ན་དུང་དཀར་པོ་དེ་ཉིད་ཚུལ་ཇི་ལྟར་སྣང་ཚུལ་ངོས་ཟིན་པ་ན་དུང་དེ་ཉིད་སེར་པོར་སྣང་ཚུལ་ཤུགས་ཀྱིས་རྟོགས་འགྲོ་བ་བཞིན།  དོན་དམ་སྲིད་གསུམ་ལས་འདས་ཀྱང་སྲིད་པ་གསུམ་གྱི་རྣམ་པ་ཅན་དུ་འཆར་ཆོག་པས་ཀྱང་ཀུན་རྫོབ་ཤུགས་ལ་རྟོགས་ཆོག་པ་ཡིན། འོན་ཀྱང་དོན་དམ་སྲིད་གསུམ་གྱི་རྣམ་ཅན་དུ་ཤར་བའི་སྲིད་གསུམ་གྱི་རྣམ་པ་ནི་དོན་དམ་པའི་སྲིད་གསུམ་ཡིན་པ་ལས་ཀུན་རྫོབ་སྲིད་གསུམ་མ་ཡིན། དོགས་པ་གསུམ་པ་ལ།  སེམས་ཅན་ལ་སྙིང་རྗེ་སྐྱེ་ཆོག་དེ། སེམས་ཅན་སྡུག་བསྔལ་བའི་ཚུལ་ཇི་ལྟ་བ་བཞིན་མཁྱེན་པ་དང་། དོན་དམ་པའི་སྡུག་བསྔལ་གྱི་རྣམ་པ་ཤར་བས་ཀྱང་སེམས་ཅན་ལ་སྙིང་རྗེ་སྐྱེ་མི་ཆོག་པའི་རྒྱུ་མཚན་མེད་དོ།། འདི་དོགས་པ་སྔ་མ་གཉིས་ཁག་ཐུབ་ཚེ་སྔ་མ་གཉིས་ལས་དོགས་པ་ཟུར་བ་མིན་པས་རང་ཤུགས་ཀྱིས་ལྡོག་འགྲོ་བས་ཡང་བསྐྱར་བཤད་དགོས་པ་མེད། ཡང་ཞར་བྱུང་གི་དོགས་པ་ཞིག་ལ།  ཀུན་རྫོབ་འཁྲུལ་བ་ཡིན་ན་སངས་རྒྱས་ས་ན་ཀུན་རྫོབ་མེད་དམ་ཞེས་དོགས་པ་ལ། སྤྱིར་བོད་སྔ་རབས་ཀྱི་ཁྲོད་ན་སངས་རྒྱས་ས་ན་ཀུན་རྫོབ་མི་འཇོག་པའི་ལུགས་ཤིག་མཆིས་མོད། འོན་ཀྱང་ཇོ་ནང་ཀུན་མཁྱེན་ཆེན་པོས་སངས་རྒྱས་ས་ན། ཀུན་རྫོབ་གཟུགས་སྐུ་གཉིས་དང་། གཞན་བྱུང་གི་ཡེ་ཤེས་བཞི་ལ་སོགས་རི་ཆོས་ངེས་དོན་རྒྱ་མཚོར་གསུངས་སོ།།སངས་རྒྱས་ཀྱི་ས་ན་ཀུན་རྫོབ་ཡོད་ཀྱང་འཁྲུལ་བ་ནི་མེད་དེ་སངས་རྒྱས་ས་ན་འཁྲུལ་བ་ཡོད་མེད་དེ་སངས་རྒྱས་རང་སྣང་ལ་ལྟ་དགོས་པས་རང་སྣང་ལ་ཆོས་ཉིད་སྣང་བ་འབའ་ཞིག་ཆར་བ་ལས་ཀུན་རྫོབ་འཁྲུལ་བའི་མཚན་མ་མི་འབྱུང་བའི་ཕྱིར་རོ།། ཡང་ཀུན་རྫོབ་བདེན་པ་ཞེས་པའི་ཀུན་རྫོབ་ལ་དོན་དམ་མ་ཡིན་པའི་ཆོས་ཐམས་ཅད་འཇོག་ན།   དེ་ལྟར་ན་ས་བཅུའི་མཉམ་བཞག་ཡེ་ཤེས་དང་ཐེག་ཆེན་མཐོང་སྒོམ་ཀྱིས་ཡང་དག་པའི་དོན་མཐོང་བ་ལ་ཇི་ལྟར་སྒྲིབ་བྱེད་མི་འགྱུར། དེ་འགྱུར་ན་བྱང་འཕགས་ཀྱི་ཡེ་ཤེས་ཀྱིས་ཡང་དག་པའི་དོན་མ་མཐོང་བར་ཐལ་ཞེ་ན།  གནད་འདི་ལ་དགོངས་ནས་མཁས་པའི་དབང་བོ་ཉ་དབོན་ཀུན་དགའ་དཔལ་གྱིས་ཀུན་རྫོབ་དང་ཀུན་རྫོབ་པ་གཉིས་ཁྱད་ཕྱེས་ནས་རྣམ་ཤེས་ཡེ་ཤེས་གཉིས་སུ་ཕྱེ་བའི་རྣམ་ཤེས་དེ་ཡང་དག་པའི་དོན་མཐོང་བ་ལ་སྒྲིབ་བྱེད་དུ་བཞག་སྙམ།  འདི་ལ་རང་གི་བསམ་ཚུལ་ཞིག་ཞུ་ན་ཀུན་རྫོབ་ཏུ་བདེན་ཞིང་གནས་པས་ཀུན་རྫོབ་བདེན་པ་ཞེས་བསྙད་པ་ལྟར་སྒྲིབ་བྱེད་ཀུན་རྫོབ་ལ་མ་སྦྱར་བར་སྣང་བ་ལྟར་མ་གྲུབ་པ་ལ་བཤད་ཆོག་སྙམ།   ཡང་རྣམ་པ་གཅིག་ཏུ་ན་ཀུན་རྫོབ་ཡིན་ཕྱིན་ཆད་ཡང་དག་པའི་དོན་མཐོང་བ་ལ་སྒྲིབ་སྟེ།   ཀུན་རྫོབ་པའི་ཆོས་ནི་རྣམ་ཤེས་འཁྲུལ་བའི་ཆོས་ཡིན་སྟབས་ཇི་སྲིད་རྣམ་ཤེས་འཁྲུལ་བའི་སྣང་བ་འབྱུང་དེ་སྲིད་དུ་དོན་དམ་ཡེ་ཤེས་ཀྱི་སྣང་བ་རྒྱས་མི་སྲིད་པ་ས་བཅུའི་བྱང་སེམས་རྣམས་ཀྱི་དགོངས་པ་གཅིག་གྲུབ་ཡིན་པའི་ཕྱིར།  དོན་དེ་དཔེའི་སྟེང་ནས་ཞུ་ན། དུང་སེར་པོར་སྣང་བ་དེ་སྲིད་དུ་དུང་དཀར་གྱི་སྣང་བ་འབྱུང་མི་སྲིད་ཅིང་དུང་སེར་སྣང་ལྡོག་པ་ལ་དེའི་རྒྱུ་མཁྲིས་ནད་ལྡོག་དགོས་པ་ལྟར་དུང་སེར་སྣང་ཡང་ལྡོག་དགོས། དེ་བཞིན་དུ་རྣམ་ཤེས་ཡེ་ཤེས་གཉིས་སུ་ཕྱེ་བའི་རྣམ་ཤེས་སྤངས་ན་ཀུན་རྫོབ་ནི་རྣམ་ཤེས་ཀྱི་སྣང་བ་ཙམ་ལས་མེད་པས་ཀུན་རྫོབ་ཀྱི་སྣང་བ་ཡང་སྤངས་འགྲོ་བའི་ཕྱིར།  དེ་ལྟ་ན་ཐེག་ཆེན་པོའི་ལམ་ལྔ་ས་བཅུ་ཀུན་རྫོབ་ཡིན་གཤིས་མཐར་སྤང་དགོས་མི་འགྱུར་རམ་ཞེ་ན། རྗེ་བཙུན་ཏཱ་ར་ནཱ་ཐས་རྒྱུན་མཐའི་གནས་སྐབས་ན་ཀུན་རྫོབ་བདེན་མེད་སྒྱུ་མར་ལྟ་བུ་སྣང་བ་ཡང་ཆོས་ཀྱི་བདག་འཛིན་གྱི་ཆ་ཤས་ཀྱི་དྲི་མའིི་གོས་པས་སངས་རྒྱས་པ་ལ་སྤང་དགོས་གསུངས་པ་ལྟར་ས་ལམ་གྱི་སྣང་བ་ནི་ངེས་པར་སྤང་དགོས་པར་འདོད་དགོས་ལ། འོན་ཀྱང་སྣང་ངོར་སྤངས་ཀྱང་ཐེག་ཆེན་གྱི་ལམ་ནི་སྤང་པ་མིན་ནོ།། སྤང་བྱའི་རིགས་ལ་སྣང་ངོར་སྤངས་ན་སྤངས་འགྲོ་བའི་སྤང་བྱ་གཅིག་དང་། སྣང་ངོར་སྤངས་ཀྱང་སྤྱིར་སྤངས་མི་དགོས་པའི་སྤང་བྱ་གཉིས་ཡོད་པ་ཤེས་པར་བྱོས། གཉིས་པ་རྣམ་ཤེས་ཀྱི་ཡུལ་ལ་དཔྱད་པ་ན། ཀུན་རྫོབ་བདེན་པའི་མཚན་ཉིད་ཀྱི་ཟུར་ལ་རྣམ་ཤེས་ཀྱི་ཡུལ་གསུངས་པའི་རྣམ་ཤེས་དེ་རྣམ་ཤེས་ཡེ་ཤེས་གཉིས་སུ་ཕྱེ་བའི་རྣམ་ཤེས་ལ་གོ་དགོས། སྤྱིར་རྣམ་ཤེས་དང་གཙོ་སེམས་སེམས་རྣམས་དོན་གཅིག་ཀྱང་སྐབས་འདིར་རྣམ་ཤེས་སྨོས་པ་ནི་གཙོ་བོའི་མིང་གིས་སྨོས་པ་ཡིན། དེ་ལས་གཞན་དུ་རྣམ་ཤེས་དང་རྣམ་པར་ཤེས་པ་ཁྱད་ཡོད་སྐད་བཤད་པ་ནི། བྱིས་པ་རྣམས་དགའ་བའི་གཏམ་ཙམ་དུ་ཟད་དོ།། སྐབས་འདིའི་རྣམ་ཤེས་ནི།གཟུང་འཛིན་གཉིས་སྣང་ཅན་གྱི་ཤེས་པ་ལ་ཟེར། དེ་ཡང་ཡུལ་ཡུལ་ཅན་གྱི་གཉིས་སྣང་རྐྱང་བ་ལ་བྱེད་མི་དགོས་ཏེ། དགོས་ན་སེམས་ཅན་གྱི་རང་རིག་དེ་སྐབས་འདིའི་རྣམ་ཤེས་མ་ཡིན་པར་ཐལ་བའི་ཕྱིར། དེས་ན་གཟུང་འཛིན་གཉིས་སྣང་ནི། གཟུང་བར་སྣང་བ་དང་། འཛིན་པར་སྣང་བ་ལ་གོ་དགོས་ཤིང་སེམས་ཅན་གྱི་རང་རིག་ནི་འཛིན་པར་སྣང་བ་ཡིན་ཕྱིར་གཉིས་སྣང་ཅན་མ་ཡིན་པས་སྐྱོན་མེད་དོ།། སྐབས་འདིའི་རྣམ་ཤེས་ཀྱི་ཡུལ་ནི།  རྣམ་ཤེས་སྤྱོད་ཡུལ་ལམ་རྣམ་ཤེས་ཀྱི་དངོས་ཡུལ་ལ་བྱེད་པར་མཁས་པ་ཉ་ཡིས་གསུངས། དེའི་དོན་རྣམ་ཤེས་ཀྱི་ཡུལ་ཇི་བཞིན་པ་ལ་ཟེར་ཞིང་ཀུན་རྫོབ་རྣམ་ཤེས་ཀྱི་ཡུལ་ཇི་བཞིན་པ་ལ་བཞག་གོ གསུམ་པ་ཀུན་རྫོབ་རང་སྟོང་ཡིན་པའི་ཚུལ་དཔྱད་པ་ལ། སྤྱིར་རང་སྟོང་གི་གོ་དོན་ལ། ཀུན་རྫོབ་རང་རང་གི་ངོ་བོས་སྟོང་པ་ལ་ཁྱད་པར་གྱི་ཚིག་གང་ཡང་མི་སྦྱར་བ་དང་།  དེ་ཁོ་ན་ཉིད་ལ་དཔྱད་པ་ན་རང་རང་གི་ངོ་བོས་སྟོང་བ་ལ་བཤད་པ་གཉིས་ཡོད་ཅིང་། ཉ་དབོན་ཀུན་དགའ་དཔལ་གྱིས་སྔ་མ་ལྟར་ན། བདེན་བཞི་དང་སྐྱབས་གསུམ་གྱི་རྣམ་བཞག་བཞག་སར་མེད་པར་འགྱུར་ལ་དེ་ལྟར་ན་ཆད་ལྟ་ལས་ཀྱང་ཆེས་ལྟ་འགྱུར་གསུངས། དེས་ན་དེ་ཁོ་ན་ཉིད་ལ་དཔྱད་པ་ན་ཀུན་རྫོབ་རང་རང་གི་ངོ་བོས་སྟོང་པ་ལ་ཀུན་རྫོབ་རང་སྟོང་གི་དོན་ལ་འཇོག  དེ་བཞིན་དུ་ཀུན་མཁྱེན་ཕྱོགས་རྒྱལ་བ་དང་ས་བཟང་མ་ཏི་པཎ་ཆེན་རྣམས་ཀྱིས་ཀུན་རྫོབ་རྣམ་པར་དཔྱད་པ་ན་རང་རང་གི་ངོ་བོས་སྟོང་ཞིང་མ་གྲུབ་པ་ལ་ཀུན་རྫོབ་རང་སྟོང་ཡིན་པའི་ཚུལ་གསུངས་པ་དང་། ཀུན་མཁྱེན་དོལ་པོ་སངས་རྒྱས་ཀྱིས་ཀུན་རྫོབ་གནས་ལུགས་སམ་གཤིས་ལ་མ་གྲུབ་པ་ལ་ཀུན་རྫོབ་རང་སྟོང་ཡིན་པའི་ཚུལ་གསུངས། འོན་ཀྱང་ཀུན་མཁྱེན་རྟོན་པ་བཞི་ལྡན་དང་རྗེ་བཙུན་ཏཱ་ར་ནཱ་ཐ་རྣམས་ཀྱིས་ཁྱད་པར་ཚིག་གང་ཡང་མ་སྤྱར་བ་ཀུན་རྫོབ་རང་རང་གི་ངོ་བོས་སྟོང་པ་ལ་ཀུན་རྫོབ་རང་སྟོང་ཡིན་པའི་ཚུལ་ལ་གསུངས་སྙམ།   འོན་ཀྱང་གཞི་ཀུན་རྫོབ་གི་སྟེང་དུ་རང་གི་ངོ་བོས་གྲུབ་པ་སྦྱོར་ཚེ་དགག་བྱའི་ཁྱད་པར་དུ་འགྲོ་ཞིང་གཞི་དོན་དམ་ལ་རང་གི་ངོ་བོས་གྲུབ་པ་སྦྱོར་ན་དོན་དམ་བདེན་པའི་གྲུབ་ཚུལ་ལས་དགག་བྱའི་ཁྱད་པར་ལ་མི་འགྲོའོ། ཀུན་རྫོབ་རང་གི་ངོ་བོས་སྟོང་བ་ནི་ཀུན་རྫོབ་ཀུན་རྫོབ་ཀྱིས་སྟོང་ལ་མི་ཟེར་བར་རྣམ་པར་དཔྱད་ནའམ་གཤིས་ལུགས་ཡིན་ལུགས་ཀྱི་སྟོང་བ་ལ་བཤད་པ་ནི། ཁོང་རྣམས་གཉིས་ཀྱི་གཞུང་ལ་བལྟས་ན་གསར་བོར་ཤེས་ཐུབ་ཅིང་ཚིག་ཙམ་ལ་འཁྲུལ་བར་མི་བྱའོ།། འོན་ཏེ།  རི་ཆོས་ངེས་དོན་རྒྱ་མཚོའི་སྐབས་ན་དེ་བཞིན་ཉིད་དེ་བཞིན་ཉིད་ཀྱིས་སྟོང་བའམ་ཆོས་ཉིད་ཆོས་ཉིད་ཀྱིས་སྟོང་བར་སྟོན་པའི་ཡུམ་གྱི་མདོ་ཚིག་དེ་གོངས་གཞི་དགོས་པ་དངོས་ལ་གནོད་བྱེད་གསུམ་གྱིས་དྲང་དོན་དུ་བཀྲལ་ཞིང་ལམ་གྱི་རྣམ་པར་ཤེས་པ་ལམ་གྱི་རྣམ་པར་ཤེས་པས་སྟོང་ཞེས་པ་ལ་སོགས་པའི་ཀུན་རྫོབ་རང་སྟོང་པའི་མདོ་ཚིག་དེའི་དགོངས་གཞི་ལ་སོགས་པ་བསྟན་པས་དྲང་དོན་མ་བཀྲལ་བའི་རྒྱུ་མཚན་ཅི་ཡིན་ཟེར་ན། འདི་བཤད་པར་བྱ་སྟེ། རི་ཆོས་ངེས་དོན་རྒྱ་མཚོའི་སྐབས་འདིར་གཞིའི་སྐབས་ན་བདེ་གཤེགས་སྙིང་པོ་བཞུགས་ཚུལ་དང་ལམ་གྱི་གནས་སྐབས་ན་དེ་མངོན་དུ་བྱེད་ཚུལ་དང་འབྲས་བུའི་གནས་སྐབས་ན་ཇི་ལྟར་མངོན་དུ་གྱུར་བའི་ཚུལ་གཙོར་ཆེར་གཏན་ལ་ཕབས་ཞིང་ཀུན་རྫོབ་རང་སྟོང་ཡིན་པར་འདོད་པ་དེ་ཁས་ལེན་ཐུན་མོང་བ་ཡིན་པས་སྒྲས་ཟིན་ཡིན་མིན་གྱི་ཕྱོགས་ལ་རྩལ་འདོན་མ་བྱས་པས་རེད་སྙམ།  ཡང་རྒྱུ་མཚན་གཞན་ཞིག་ནི། ལམ་གྱི་རྣམ་པར་ཤེས་པ་ལམ་གྱི་ཤེས་པས་སྟོང་ཞེས་པའི་དཔྱད་ངོར་སྟོང་བའམ་ཀུན་རྫོབ་རང་སྟོང་ཡིན་པར་བསྟན་པས་དགོངས་གཞི་བཞག་ནས་དྲང་དོན་དུ་མ་བཀྲལ་བ་འདྲ།  དེ་ལྟར་གཞུང་དོན་ལ་བསམ་དགོས་ཏེ། རི་ཆོས་ངེས་དོན་རྒྱ་མཚོ་གཙོར་བྱས་པའི་གཞུང་གཞན་དུ་ཡང་ཀུན་མཁྱེན་ཆེན་པོས་ཀུན་རྫོབ་ཡོད་པའི་ཚུལ་རྒྱ་ཆེར་གསུངས་པ་ཡིན། ཇོ་ནང་ཀུན་མཁྱེན་ཆེན་པོའི་དངོས་སློབ་རྩ་བའི་བུ་ཆེན་དུ་གྱུར་པ་ཉ་དབོན་ཀུན་དགའ་དཔལ་དང་ས་བཟང་མ་ཏི་པཎ་ཆེན་རྣམ་གཉིས་ཀྱིས་ཀུན་རྫོབ་ཡོད་པར་ལུང་རིགས་གཉིས་ཀྱིས་རྒྱ་ཆེར་གསུངས་ཤིང་། རྗེ་བཙུན་ཏཱ་ར་ནཱ་ཐས་ཤེར་འགྲེལ་སྔོན་མེད་ལེགས་བཤད་ལ་བལྟས་ན་ཀུན་རྫོབ་ཡོད་པའི་ཕྱོགས་ཤིན་ཏུ་གསལ། ཀུན་རྫོབ་ཡོད་པར་བཤད་ན་དགེ་ལྡན་པས་ཤན་ཤོར་ཟེར་བ་ནི།  ཤིན་ཏུ་མ་བརྟགས་པའི་གཏམ་ཏེ། འཕགས་ཡུལ་དུ་མཁན་ཆེན་ཞི་མཚོ་སོགས་རང་རྒྱུད་པའི་སློབ་དཔོན་རྣམས་ཀྱིས་ཀུན་རྫོབ་ཡོད་པའི་ཚུལ་རྒྱ་ཆེར་གསུངས་སོ།།  ཇོ་ནང་ཀུན་མཁྱེན་གྱི་ལུགས་ལ་ཀུན་རྫོབ་མེད་པར་འཁྲུལ་བའི་གཞི་གཉིས་ཡོད་དེ། ཀུན་རྫོབ་འཁྲུལ་བ་ཡིན་པར་གསུངས་པ་དང་ཆོས་ཉིད་ཀུན་རྫོབ་གྱིས་སྟོང་བར་བཤད་པས་འཁྲུལ་བའི་གཞི་འདི་གཉིས་ལ་བརྟེན་ནས་ས་དགེ་བཀའ་རྙིང་ནང་དུ་ཇོ་ནང་ཀུན་མཁྱེན་གྱི་ལུགས་ལ་ཀུན་རྫོབ་མེད་པར་འདོད་མཁན་ཡང་མང་དུ་བྱུང་བར་སྣང་ངོ་།།  འདི་གསལ་བཤད་ཞིག་བྱ་ན། ཀུན་རྫོབ་འཁྲུལ་བ་ཡིན་ཚུལ་ཡུལ་རང་ངོས་ནས་མ་གྲུབ་པར་སྣང་ཚུལ་དང་གནས་ཚུལ་མི་མཐུན་པ་ལ་བཤད་པ་ལས་གཞན་རི་བོང་རྭ་ལྟ་བུ་ལ་མི་ཟེར་རོ།། དེ་ཡང་རྣམ་ཤེས་འཁྲུལ་ངོར་ཚད་མ་དང་ཚད་མིན་རྣམ་བཞག་བྱས་ཤིང་། ཀུན་རྫོབ་ཡང་ལོག་གི་དབྱེ་བ་རང་རྒྱུད་པ་ལྟར་བྱས་པས་ཀྱང་འགྲུབ་སྙམ། ཆོས་ཉིད་ཀུན་རྫོབ་ཀྱིས་སྟོང་བར་བཤད་པས་ཀུན་རྫོབ་ཆོས་ཉིད་ཀྱིས་དགག་བྱར་འགྲོ་ལ་དེ་ལྟ་ན་ཆོས་ཉིད་གཏན་ལ་འབེབས་པ་ལ་ཐོག་མར་ཀུན་རྫོབ་ཡོད་པ་བཀག་ནས་ཆོས་ཉིད་གཏན་ལ་འབེབས་དགོས་ཞེ་ན། རང་ལུགས་ལ་སྟོང་ཉིད་གཏན་ལ་འབེབས་ཚུལ་ཞིག་ཞུ་ན། ཀུན་བཏགས་བདེན་མེད་དུ་གཏན་ལ་ཕབས་ནས་མེད་པའི་སྟོང་ཉིད་སྒྲུབ། དེས་རྗེས་སུ་གཞན་དབང་རྣམ་རིག་ཙམ་བདེན་མེད་དུ་གཏན་ལ་ཕབས་ནས་ཡོད་པའི་སྟོང་ཉིད་སྒྲུབ། དེའི་རྗེས་ལ་ཡོངས་གྲུབ་སྟོང་གཞི་བཟུང་ནས་ཀུན་བཏགས་དང་གཞན་དབང་གི་སྟོང་བ་གཏན་ཕབས་ནས་ཡོངས་གྲུབ་རང་བཞིན་གྱིས་སྟོང་ཉིད་དུ་གཏན་ལ་ཕབས་ཞིང་། སྟོང་ཉིད་གསུམ་གྱི་རྣམ་གཞག་རིམ་བཞིན་དུ་གཏན་ལ་འབེབས་ཚུལ་ནི། རྒྱལ་ཚབ་བྱམས་མགོན་གྱི་མདོ་འགྲེལ་གྱི་མན་ངག་ཡིན་ལ། དེས་ན་ཀུན་རྫོབ་ཆོས་ཉིད་ཀྱིས་དགག་བྱར་འཇོག་པ་མིན་པར་གཞི་ཆོས་ཉིད་ཀྱི་སྟེང་དུ་ཀུན་རྫོབ་དགག་བྱར་འཇོག་པ་ཡིན་ནོ།།  དེ་ཡང་དཔེར་ན། བུམ་པ་བུམ་པ་མེད་པའི་དགག་བྱ་མིན་ལ་བུམ་པ་མེད་པའི་སྟེང་དུ་བུམ་པ་དགག་བྱར་འགྲོ་བ་ལྟ་བུ་ཡིན་ནོ། ། སྤྱིར་བོད་སྔ་རབས་པའི་ལུགས་ལ་རང་སྟོང་གི་དོན་ཚུལ་བཤད་གཉིས་ཡོད་དེ།  བུམ་པ་བུམ་པའི་སྟོང་བ་ལྟ་བུ་རང་སྟོང་གི་ཚུལ་དང་བུམ་པ་བུམ་པའི་མི་སྟོང་བར་བུམ་པ་རང་བཞིན་གྱིས་གྲུབ་པའི་སྟོང་བ་ལ་རང་སྟོང་གི་སྟོང་ཚུལ་གཉིས་ཡོད་པ་མཁས་པའི་དབང་པོ་ཉ་དབོན་ཀུན་དགའ་དཔལ་གྱིས་གསུངས་སོ།། 

གཉིས་པ་དོན་དམ་བདེན་པ་བཤད་པ་ལ།  

མཚན་ཉིད་སྒྲ་བཤད།  དེ་དང་གང་དོན་གཅིག་པ་ངོས་བཟུང་བ། དོན་དམ་བདེན་པ་ལ་དོགས་པ་དཔྱོད་པ་དང་གསུམ། དང་པོ་ལ། འཕགས་པའི་ཡེ་ཤེས་དམ་པའི་ཡུལ་གང་ཞིག གཤིས་ལ་རང་གི་ངོ་བོ་བདེན་པའི་མི་སྟོང་བ། དོན་དམ་བདེན་པའི་མཚན་ཉིད། སྒྲ་བཤད་ནི།  ཐེག་ཆེན་འཕགས་པའི་མཉམ་བཞག་ཡེ་ཤེས་ཀྱི་ཡུལ་དུ་བདེན་ཞིང་མི་བསླུ་བར་གནས་པས་དོན་དམ་བདེན་པ་ཞེས་བྱའོ།།  སྐབས་འདིར་དོན་དམ་དུ་ཡོད་ཅེས་པའི་དོན་ནི། དོན་དམ་དུ་གནས་ཀྱི་ཀུན་རྫོབ་མ་ཡིན་ཞེས་པ་དང་། དོན་དམ་པའི་བདེན་པ་ཞེས་པའི་དོན་ཡང་། དོན་དམ་པ་ཉིད་ཡིན་པར་བདེན་པས་དེ་ལྟར་བརྗོད་པ་ཡིན། ཇོ་ནང་ཀུན་མཁྱེན་ཆེན་པོས་སྐབ་འདིའི་བདེན་གྲུབ་དང་བདེན་པ་ལ་ཁྱད་མི་འབྱེད་ཅིང་། བདེན་ཞེས་པའི་མིང་མཐའ་ལ་གྲུབ་ཞེས་པའི་ཚིག་གྲོགས་སྦྱོར་ཚེ་བདེན་གྲུབ་ཞེས་འགྱུར་བ་ལས་དགག་བྱའི་བདེན་གྲུབ་ལ་གོ་དགོས་དོན་མེད། དེས་ན་ཐེག་ཆེན་འཕགས་པའི་མཉམ་བཞག་ཡེ་ཤེས་ལ་སྣང་བ་ལྟར་གྲུབ་པས་སྣང་གནས་མཐུན་པ་ལ་བདེན་གྲུབ་ཞེས་བརྗོད། ཡང་བདེན་ན་བདེན་པར་གྲུབ་དགོས་ཏེ།  ཡོད་ན་ཡོད་པར་གྲུབ་དགོས་པ་བཞིན་ཡིན་པའི་ཕྱིར།  དེ་ཡང་བདེན་པ་དང་བདེན་གྲུབ་ཀྱི་ཁྱད་པར་ལ་རྩོད་པ་ནི་ཚིག་གི་རྩོད་པ་ཞིག་ཡིན་ཞིང་སྔོན་ཆད་མཁས་པའི་ཁྲོད་ན་བུ་དོལ་རྣམས་གཉིས་ཚིག་གིས་ར་ལ་རྩོད་ཞེས་ངག་རྒྱུན་དུ་གྲགས་པ་ལྟར་རོ།། མདོར་ན་ལུགས་འདིར་དོན་དམ་བདེན་པ་དོན་དུ་བདེན་ཞིང་ཀུན་རྫོབ་ཏུ་མེད་ཅེས་བྱའོ།། རྗེ་བླ་མ་ཙོང་ཁ་བ་སོགས་མཁས་པ་ཕལ་མོ་ཆེས་དོན་དམ་བདེན་པ་ཀུན་རྫོབ་ཏུ་ཡོད་པའམ་ཐ་སྙད་དུ་ཡོད་པ་ཞེས་གསུངས་ཤིང་འོན་ཀྱང་རང་ལུགས་ལ་དོན་དམ་བདེན་པ་ཀུན་རྫོབ་བམ་ཐ་སྙད་དུ་མེད་པའི་རྒྱུ་མཚན་རྣམ་ཤེས་ཀྱི་དངོས་ཡུལ་དུ་མེད་པ་དང་ཐ་སྙད་སྒྲ་རྟོག་གི་དངོས་ཡུལ་ལས་འདས་པས་ཡིན་ནོ།།  ཡང་སྒྲ་བཤད་གཅིག་ལ། ཆོས་རྣམས་ཀྱི་གནས་ལུགས་སུ་བདེན་ཞིང་མི་བསླུ་བས་དོན་དམ་བདེན་པ་ཞེས་བཤད་དོ།། 

གཉིས་པ་དེ་དང་དོན་གཅིག་ངོས་བཟུང་བ་ལ།  རྣམ་ཤེས་ཡེ་ཤེས་གཉིས་སུ་ཕྱེ་བའི་ཡེ་ཤེས་ཀྱི་ཡུལ། ཡེ་ཤེས་ཀྱི་རྒྱལ་ཁམས།  རང་བྱུང་གི་ཡེ་ཤེས། འདུས་མ་བྱས་ཀྱི་ཡེ་ཤེས།  གཉུག་མའི་ཡེ་ཤེས། ཤེར་ཕྱིན། ཀུན་གཞི་ཡེ་ཤེས།  དོན་གཅོད་རིགས་པའི་དཔྱད་བཟོད་དུ་གྲུབ་པ། སྤྲོས་བྲལ། འོད་གསལ་བའི་ཡེ་ཤེས། ཆོས་ཉིད། ཡང་དག་མཐའ། མི་སྟོང་བའི་སྟོང་བ། གཞན་སྟོང་། དབྱིངས་རིག་དབྱེར་མེད་ཀྱི་ཡེ་ཤེས། བདེན་གཉིས་ཟུང་འཇུག  བདེ་གཤེགས་སྙིང་པོ། མི་བསླུ་བ། མ་འཁྲུལ་བ། སྒྲ་རྟོག་གི་དངོས་ཡུལ་ལས་འདས་པ། སྣང་གནས་མཐུན་པ།  ཡོངས་གྲུབ།  རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད།  དོན་དམ་པའི་གཟུགས་སྐུ། དོན་དམ་པའི་རྣམ་མཁྱེན། སྟོང་གཟུགས། གསལ་སྟོང་།  གཟུང་འཛིན་གཉིས་མེད་ཀྱི་ཡེ་ཤེས། རང་བཞིན་གནས་རིགས། ངོ་བོ་ཉིད་སྐུ། མི་འགྱུར་བའི་བདེ་ཆེན།  དོན་དམ་པའི་སངས་རྒྱས། དེ་བཞིན་ཉིད།  སོགས་མཐའ་ཡས་པ་ཡོད་དོ། 

གསུམ་པ་དོན་དམ་ལ་དོགས་པ་དཔྱོད་པ་ལ།  དོན་དཔྱོད་རིགས་པས་དཔྱད་བཟོད་དུ་གྲུབ་ཚུལ་དངོས་བཟུང་བ་དང་།  དོན་དམ་གཞན་སྟོང་ཡིན་པའི་ཚུལ་བརྗོད་པ་དང་གཉིས།  དང་པོ་ནི།  སྤྱིར་བོད་ན་དོན་དཔྱོད་རིགས་པའི་རྙེད་དོན་དང་དོན་དཔྱོད་རིགས་པའི་དཔྱད་བཟོད་གྲུབ་པ་དོན་གཅིག་ཏུ་བཞེད་པ་དང་། དོན་གཅིག་ཏུ་མི་བཞེད་པའི་ལུགས་གཉིས་མཆིས་ཤིང་།   བོད་སྔ་རབས་ཁ་ཅིག་དང་ཕྱི་རབས་པས་དོན་དཔྱོད་རིགས་པས་དཔྱད་བཟོད་སྟོང་ཉིད་ཀྱི་དགག་བྱར་བཞེད།  རྗེ་བླ་མ་ཙོང་ཁ་བས་དོན་དཔྱོད་རིགས་པས་དཔྱད་བཟོད་པ་ནི་རིགས་ངོས་དགག་བྱར་ཡིན་ཡང་དེ་ཙམ་གྱིས་སྟོང་ཉིད་ཀྱི་དགག་བྱ་ངོས་འཛིན་མ་རྫོག་པར་བཞེད།    ཇོ་ནང་ཀུན་མཁྱེན་གྱིས་དོན་དཔྱོད་རིགས་པའི་རྙེད་དོན་དང་དོན་དཔྱོད་རིགས་པས་དཔྱད་བཟོད་དོན་གཅིག་ཏུ་ཁས་བླངས་ཏེ།  གཞི་དོན་དམ་གྱི་སྟེང་དུ་དོན་དམ་གྲུབ་ཚུལ་ལས་དགག་བྱར་མི་འགྲོ་ལ་ཀུན་རྫོབ་ཀྱི་སྟེང་དུ་དགག་བྱར་འགྲོ་བར་བཞེད། འོ་ན། དོན་དམ་བདེན་པ་དོན་དཔྱོད་རིགས་པས་དཔྱད་བཟོད་གྲུབ་པའི་རྒྱུ་མཚན་ཅི་ཞེ་ན།  དེའི་དོན་ནི་འདི་ལྟར་ཡིན་ཏེ།  རྒྱུ་མཚན་གཅིག་ནི།  དོན་དམ་བདེན་པ་ནི། དབུ་མའི་གཏན་ཚིགས་གཅིག་དུ་བྲལ་དང་། རྟེན་འབྲེལ་གྱི་གཏན་ཚིགས་ལ་སོགས་པས་དཔྱད་བཟོད་པ་སྟེ་གནོད་པ་མི་འབབ་ཞིང་དཔྱད་ཡུལ་ལས་འདས་པས་ཡིན།  དེ་ཡང་དོན་དམ་བདེན་པ་རང་སྟོང་ངམ་བདེན་མེད་དུ་སྒྲུབ་པ་ལ་གཅིག་དུ་བྲལ་གྱི་གཏན་ཚིགས་བཀོད་ན་ཁྱབ་བ་མི་གྲུབ་ཅིང་། རྟེན་འབྲེལ་ཀྱི་གཏན་ཚིགས་བཀོད་ན་ཡང་རྟགས་མི་གྲུབ་བོ།།  མདོར་ན་བདེན་མེད་དུ་བསྒྲུབ་པའི་གཏན་ཚིགས་གང་བཀོད་ན་ཡང་འགལ་མ་ངེས་མ་གྲུབ་གསུམ་ལས་འདའ་ས་མེད།། རྒྱུ་མཚན་གཞན་ནི། དོན་དམ་ནི་འཇིག་རྟེན་ལས་འདས་པའི་ཡེ་ཤེས་དམ་པས་ཇི་ལྟ་བ་བཞིན་གཟིགས་པའི་ཆོས་ཉིད་ཡིན་པས། དེ་ཙམ་ལ་དོན་དམ་རིགས་པས་དཔྱད་བཟོད་དུ་འདོད་ཀྱི་དེ་ལས་མ་གཏོགས་པའི་རིགས་པས་དཔྱད་བཟོད་ཀྱི་དོན་དམ་ཞེས་བྱ་བ་ཅི་ཡང་ཁས་མི་ལེན་ནོ།། ཀུན་རྫོབ་ནི་གཅིག་དང་དུ་བྲལ་རྡོ་རྗེ་གཟེགས་མ་ལ་སོགས་པའི་ཐལ་རང་གི་རིགས་པའམ་རྒྱུ་མཚན་མགོ་སྙོམས་ལ་སོགས་པའི་ཐལ་འགྱུར་གྱི་རིགས་པའི་སྟོབས་མི་བཟོད་པས་དེ་དག་གི་དཔྱད་ན་བདེན་པའི་རང་བཞིན་མེད་པའི་ཕྱིར་ཀུན་རྫོབ་རིགས་པས་དཔྱད་མི་བཟོད་ཞེས་བྱའོ།། འོ་ན། དོན་དམ་བདེན་པ་སྦྲོས་བྲལ་ལམ་དགག་བྱ་བདེན་གྲུབ་ཀྱིས་སྟོང་བ་ཚུལ་ཇི་ལྟར་བསྒྲུབ་ཞེ་ན།  དོན་དམ་བདེན་པ་སྤྲོས་བྲལ་ལམ་དགག་བྱ་བདེན་གྲུབ་ཀྱི་སྟོང་བ་དེ་ཉིད་བསྒྲུབ་པ་ལ། དོན་དམ་གྱི་སྟེང་དུ་དགག་བྱའི་ཁྱད་པར་སྦྱར་ནས་ཀུན་རྫོབ་ཀྱི་སྤྲོས་པའམ་དགག་བྱ་བདེན་གྲུབ་ཀྱིས་སྟོང་བར་གཏན་ལ་འབེབས་དགོས་སོ།། དེ་ཡང་། དོན་དམ་བདེན་པ་ཆོས་ཅན།  རང་བཞིན་གྱིས་སྐྱེ་བ་མེད་དེ།  དོན་དམ་པར་བདག་ལས་མི་སྐྱེ། དོན་དམ་པར་གཞན་ལས་མི་སྐྱེ།  དོན་དམ་པར་གཉིས་ཀ་ལས་མི་སྐྱེ། རྒྱུ་མེད་ལས་མི་སྐྱེ་བའི་ཕྱིར། ཞེས་པ་ལྟ་བུའི་གཏན་ཚིགས་བཀོད་ན།སྒྲུབ་བྱེད་དུ་འགྲོ་ཞིང་དེས་གཞན་ལ་ཡང་རིགས་འགྲེ་བྱའོ།།   ཚུལ་འདི་ལྟར་སྒྲུབ་ཚུལ་ནི། དབུ་མ་རྩ་ཤེས་ཀྱི་སྐབས་སུ་ཡང་རབ་བྱེད་དང་པོ་རྐྱེན་བརྟགས་པ་ནས་བཟུང་སྟེ། རབ་བྱེད་ཐ་མས་བར་དུ་གཙོ་བོར་འདུས་བྱས་ཀྱི་ཆོས་རྣམས་བདེན་དངོས་སུ་གྲུབ་པ་ལ་དགག་པ་མཛད་ཅིང་། རང་བཞིན་མྱང་འདས་ཀྱང་བདེན་དངོས་སུ་གྲུབ་པ་ལ་དགག་པ་བྱས་པ་ཡིན་གྱི་དོན་དམ་མྱང་འདས་རང་གི་ངོ་བོ་བཀག་པ་མིན་ནོ།། ཡང་དོན་དམ་བདེན་པ་དོན་དཔྱོད་རིགས་པས་དཔྱད་བཟོད་དུ་གྲུབ་ན་བདེན་དངོས་སུ་གྲུབ་པར་འགྱུར་མཁས་པ་ཕལ་མོ་ཆེས་འདོད་པ་ཡང་། དོན་དཔྱོད་རིགས་པས་དཔྱད་བཟོད་དུ་གྲུབ་པ་ཞེས་པའི་དོན་ལ་ཅུང་རྨོངས་བར་སེམས་ཏེ་དེས་ན་དོན་དཔྱོད་རིགས་པས་དཔྱད་བཟོད་དུ་གྲུབ་པ་ཞེས་པ་འདི་ངོ་སྤྲོད་པར་བྱ་སྟེ། གཅིག་དུ་བྲལ་གྱི་གཏན་ཚིགས་ལྟ་བུས་ཀུན་རྫོབ་ཀྱི་ཆོས་བདེན་པར་གྲུབ་མ་གྲུབ་དཔྱད་ནས་རྙེད་ན་དོན་དཔྱོད་ཀྱི་དཔྱད་བཟོད་པའི་ཆོས་བདག་ཏུ་འགྱུར་བ་བདེན་ཡང་དོན་དམ་བདེན་པ་གཅིག་དུ་བྲལ་གྱི་གཏན་ཚིགས་ལ་སོགས་པས་དཔྱད་ཡུལ་ལས་འདས་པས་དཔྱད་ཀྱང་རྙེད་པར་མི་འགྱུར་ན་དོན་དམ་བདེན་པ་ཆོས་བདག་ཏུ་གྲུབ་པ་གལ་ལ་འགྱུར།  འོན་ཀྱང་དོན་དམ་བདེན་པ་བདེན་དངོས་སུ་གྲུབ་མ་གྲུབ་ལ་གཅིག་དུ་བྲལ་གྱི་གཏན་ཚིགས་ཀྱིས་དཔྱད་ནས་དོན་དམ་བདེན་པ་བདེན་དངོས་སུ་གྲུབ་པ་རྙེད་ན་ཆོས་བདག་ཏུ་གྲུབ་པ་འགྱུར་ཡང་དེ་ལྟར་དཔྱད་ཚེ་དོན་དམ་བདེན་པ་བདེན་དངོས་སུ་མ་གྲུབ་པ་ཙམ་རྙེད་ཀྱི་དོན་དམ་བདེན་པ་དེ་རང་གི་ངོ་བོ་སྟོང་བའམ་བདེན་པར་མེད་པ་རྙེད་པར་མི་འགྱུར།   དེས་ན་རང་གཞན་གྱི་མཁས་པ་རྣམས་ཀྱིས་དོན་དཔྱོད་རིགས་པས་དཔྱད་བཟོད་དུ་གྲུབ་མ་གྲུབ་གྱི་འཇོག་མཚམས་ལ་བློ་རྩེ་གཏད་ས་མི་འདྲའོ།། ཡང་དོན་དཔྱོད་རིགས་པའི་རྙེད་དོན་ཞེས་པ་ཅི་ཡིན་ཞེ་ན། དོན་དཔྱོད་རིགས་པའི་རྙེད་དོན་ཞེས་པ་དེ།  དོན་དཔྱོད་གཏན་ཚིགས་དང་དེ་ལ་བརྟེན་པའི་བློ་གཉིས་ཀྱི་གྲུབ་དོན་ལ་གོ་དགོས་པ་འདྲ། དོན་དཔྱོད་རིག་ཤེས་ཀྱི་རྙེད་དོན་ཟེར་ན། དེ་ལ་རྗེས་དཔག་གཅིག་དང་མངོན་སུམ་གཉིས་ཡོད་ཅིང་ཤེས་པ་དེ་གཉིས་ཀྱི་དངོས་ཀྱི་འཛིན་སྟངས་ཡུལ་ལ་ཟེར། དེ་ཡང་དོན་དཔྱོད་རིག་ཤེས་རྗེས་དཔག་གིས་དོན་དམ་ལ་ངེས་པ་རྙེད་ཆོག་ཀྱང་དེའི་དངོས་ཀྱི་སྤྱོད་ཡུལ་ནི་དོན་དམ་དང་ཆ་འདྲ་བ་ལས་དོན་དམ་དངོས་མིན་པར་དོན་དམ་གྱི་ཀུན་རྫོབ་ཞེས་བྱ་བར་རྗེ་བཙུན་ཏཱ་ར་ནཱ་ཐས་གསུངས། དོན་དམ་རིག་ཤེས་ཀྱི་མངོན་སུམ་གྱིས་ཆོས་ཉིད་ཇི་ལྟ་བ་བཞིན་གཟིགས་པས་དེའི་དངོས་ཀྱི་སྤྱོད་ཡུལ་གྱི་དོན་དམ་ནི་དོན་དམ་མཚན་ཉིད་པའམ་དོན་དམ་གྱི་དོན་དམ་ཞེས་བྱའོ།།

གཉིསཔ་དོན་དམ་གཞན་སྟོང་ཡིན་པའི་ཚུལ་དཔྱད་པ་ལ།  

དོན་དམ་བདེན་པ་ནི་གཞན་ཀུན་རྫོབ་གཟུང་འཛིན་གྱི་སྤྲོས་པ་ཐམས་ཅད་ཀྱིས་སྟོང་ཞིང་རང་གི་ངོ་བོ་མི་སྟོང་བའི་ཆ་ནས་གཞན་གྱིས་སྟོང་བ་ཞེས་བརྗོད་དོ།།  འདི་ནི་བུམ་པ་ཀ་བའི་སྟོང་བ་ལྟ་བུ་གཅིག་གཅིག་མེད་པའི་སྟོང་བ་ཉི་ཚེ་བ་མ་ཡིན་ཏེ།  སྤྲོས་པ་མཐའ་དག་གིས་སྟོང་བའི་སྤྲོས་བྲལ་ཆེན་པོ་ཡིན་པའི་ཕྱིར། དེ་ཡང་གང་ཟག་དང་ཆོས་ཀྱི་བདག་གིས་སྟོང་བ་མ་ཟད་ཀུན་རྫོབ་གཟུང་འཛིན་གྱིས་བསྡུས་པའི་ཆོས་མཐའ་དག་གིས་སྟོང་བས་སྟོང་བ་ཆེན་པོ་ཡིན་པའི་ཕྱིར། སྟོང་གཞི་ཆོས་ཉིད་བཟུང་ནས་རང་གི་ངོ་བོ་མི་སྟོང་པར་གཞན་གྱིས་སྟོང་བ་ཡིན་པའི་ཕྱིར་ན་སྟོང་བ་ཉི་ཚེ་བ་ཡིན་ནོ་ཞེ་ན།  མཐར་ཐུག་གི་སྤྲོས་བྲལ་གཏན་ལ་འབབ་པ་ལ་ངེས་པར་སྟོང་གཞིར་ཆོས་ཉིད་སོང་བའི་ཁྱབ་སྟེ། དེ་ཡང་ཀུན་རྫོབ་ཞིག་སྤྲོས་བྲལ་དུ་འགྱུར་མི་སྲིད་ལ་གཞི་མེད་ཞིག་གི་སྟེང་དུ་ཡང་སྤྲོས་བྲལ་གྲུབ་པ་མེད་པས་སྤྲོས་བྲལ་ལ་ཆོས་ཉིད་ལས་གཞན་མི་སྲིད་པའི་ཕྱིར།  དེས་ན་ཆོས་ཉིད་སྟོང་གཞིར་བཞག་པའི་གོ་དོན་ཡང་དེ་ལྟ་བུ་ལས་གཞན་སྤྱི་རྟག་དངོས་ལྟ་བུ་རྣམ་འགྱུར་གྱི་སྟོང་བ་ལྟ་བུ་ལ་གོ་མི་རུང་ངོ་།།  ཇོ་ནང་བས་ཆོས་ཉིད་སྟོང་གཞིར་བཟུང་བའི་སྟོང་ཉིད་བཤད་ཚུལ་འདི་ཕྱི་རོལ་གྲངས་ཅན་པ་དང་འདྲའོ་ཟེར་ན།  གྲངས་ཅན་པས་ཆོས་ཐམས་ཅད་ཀྱི་རང་བཞིན་ཐར་ཐུག་བདེན་དངོས་ཚུགས་ཐུབ་པ་ཞིག་སྒྲ་རྟོག་གི་ངོར་གཙོ་བོར་བཞག་སྟེ། སྒྲ་རྟོག་ཡུལ་ལ་འཇུག་པ་ཡང་སྤྱི་རྟག་དངོས་ཀྱི་དབང་གིས་ཡིན་པར་བཤད་པའི་ཕྱིར་དང་། ཇོ་ནང་བས་ཆོས་ཐམས་ཅད་ཀྱི་ཆོས་ཉིད་དེ་བདག་གཉིས་སྟོང་བ་དང་སྒྲ་རྟོག་གཙོ་བོར་བྱས་པའི་ཆོས་མཐའ་དག་གིས་སྟོང་བ་དང་སྒྲ་རྟོག་གི་དངོས་ཡུལ་ལས་འདས་པར་བཤད་པས་གྲངས་ཅན་པ་དང་འདྲ་བའི་གནས་མེད་ཅིང་སྐབས་མེད་ལ།  ཆོས་ཉིད་སྟོང་གཞིར་བཟུང་ནས་ཀུན་རྫོབ་ཀྱིས་སྟོང་བར་བཤད་པས་གྲངས་ཅན་པས་གཙོ་བོ་རྣམ་འགྱུར་གྱིས་སྟོང་བར་བཤད་པས་སྟོང་ཚུལ་དང་མཚུངས་སྙམ་ན་མིང་ཙམ་མཚུངས་པ་ལ་ནི་སྐྱོན་ཅི་ཡོད་དོན་མི་མཚུངས་བ་ནི་བཤད་ཟིན་པ་ལྟར་ཡིན་ནོ། འདི་ལ་རིགས་པ་མགོ་མཚུངས་ཞིག་བཏང་ན། ཆོས་ཐམས་ཅད་རང་གི་ངོ་བོས་སྟོང་བར་བཤད་པའི་སྟོང་ཉིད་མཆོག་དེ་ཡང་ཕྱི་རོལ་གཅེར་བའི་སྟོང་བ་བཤད་པ་དང་མཚུངས་བར་ཐལ། གཅེར་བས་ཐམས་ཅད་སྟོང་བའམ་ཟད་པ་ལ་སྟོང་ཉིད་དུ་འདོད་པ་ནི་མདོ་ལས་གསུངས་པའི་ཕྱིར།   འོ་ན་དོན་དམ་བདེན་པ་རང་གི་ངོ་བོས་མི་སྟོང་ཚུལ་ཅི་ཞིག་ཡིན་ཞེ་ན།  དོན་དམ་བདེན་པ་དོན་དམ་དུ་བདེན་ཚུལ་ཙམ་ལ་རང་གི་ངོ་བོ་གྲུབ་ཚུལ་ལ་རང་གི་ངོ་བོ་མི་སྟོང་ལ་འཇོག་པ་ལས་གཞན་མིན།  དེ་ཡང་བུམ་སོགས་ལ་རྣམ་པར་དཔྱད་པའི་ཚེ་ན་བུམ་སོགས་རང་གི་མཚན་ཉིད་མ་གྲུབ་ན་བུམ་སོགས་རང་གི་ངོ་བོས་མ་གྲུབ་པ་ཡིན་ཀྱང་བུམ་སོགས་མ་ཡིན་པ་ཞིག་ལ་བུམ་སོགས་ཀྱི་མཚན་ཉིན་མེད་པས་དེ་ངོ་བོས་མ་གྲུབ་པ་མི་འགྲོ་སྟེ། བ་ལང་དུ་སྣང་བ་ལ་བ་ལང་གི་མཚན་ཉིད་མེད་ན། བ་ལང་དུ་སྣང་བ་དེ་འཁྲུལ་བ་ཡིན་པའི་རྒྱུ་མཚན་དུ་འགྲོ་ཡི་མི་སྣང་བ་ལ་བ་ལང་གི་མཚན་ཉིད་མེད་ཀྱང་རྒྱུ་མཚན་དེས་མི་མེད་དུ་འགྱུར་བ་བཞིན།  དེས་ན་ཀུན་རྫོབ་གང་གང་རང་གིས་ངོ་བོས་གྲུབ་ན་ཆོས་བདག་ཏུ་འགྲོ་རྒྱུའི་ངོ་བོས་གྲུབ་ཚུལ་དེ་དང་དོན་དམ་རང་གི་ངོ་བོས་གྲུབ་ཚུལ་གཉིས་བློ་རྩེ་གཏད་ས་མི་འདྲའོ།།  ཡང་ཀུན་རྫོབ་རང་གིས་ངོ་བོས་ཡོད་ན་གཅིག་ཐ་དད་དང་རྣམ་ཤེས་ཡེ་ཤེས་གཉིས་སུ་ཕྱེ་བའི་རྣམ་ཤེས་ལ་སྣང་བ་ལྟར་གྲུབ་དགོས་ལ་དེ་གྲུབ་ན་ངོ་བོས་གྲུབ་པ་ལ་འགྲོ་ལ་དོན་དམ་ནི་རྣམ་ཤེས་ལ་ཇི་བཞིན་པ་མི་སྣང་ཞིང་རང་གིས་ངོ་བོས་མ་གྲུབ་པར་གཏན་ལ་འབེབས་ཚུལ་ཞིག་མི་འབྱུང་། ཡང་དོན་དམ་བདེན་པ་གཞན་གྱིས་སྟོང་བ་འདི་སྟོང་ཚུལ་གཞན་ཞིག་མ་ཡིན་ཏེ། དཔེར་ན་སྔ་རབས་ཁ་ཅིག་གིས་བུམ་པ་བུམ་པའི་མི་སྟོང་བར་བུམ་པ་རང་བཞིན་གྱིས་སྟོང་བ་ལྟ་བུ་ཡང་མིང་མ་བཏགས་པ་མ་གཏོགས་དོན་ལ་གཞན་སྟོང་གིས་སྟོང་ཚུལ་དུ་སོང་བ་ལྟར་འདིར་ཡང་དོན་དམ་བདེན་པ་རང་གི་ངོ་བོ་མི་སྟོང་བར་གཞན་ཀུན་རྫོབ་གཉིས་སྣང་གི་ཆོས་ཀྱིས་སྟོང་བ་ལ་གཞན་སྟོང་གི་སྟོང་ཚུལ་དུ་བཤད་པ་ཡིན་ནོ།། ཡང་ཆོས་ཉིད་བདེན་གྲུབ་ཏུ་ཁས་བླངས་པས་ཆོས་བདག་ཏུ་མི་འགྱུར་རམ་ཞེ་ན། སྐབས་འདིའི་བདེན་གྲུབ་ནི་བདེན་པ་དང་ཁྱད་པར་མེད་པ་ནི་སྔར་བཤད་ཟིན་ལ།  དགག་བྱའི་བདེན་གྲུབ་མ་ཡིན་པས་ཆོས་བདག་འགྱུར་བའི་སྐྱོན་མེད་ལ།  དགག་བྱའི་བདེན་གྲུབ་ཇི་ལྟ་བུ་ཡིན་ཞིག་བསམ་ན། དེ་ནི་རྣམ་ཤེས་ལ་ཇི་ལྟར་སྣང་བ་ལྟར་གྲུབ་པ་དེ་བརྟག་པ་མཐའ་བཟུང་དུ་དགག་བྱ་བདེན་གྲུབ་ཀྱི་ཚད་དུ་བཞག་ཆོག དེ་ལྟར་གྲུབ་ན་རྣམ་ཤེས་ལ་བདེན་པར་སྣང་བ་ལྟར་གྲུབ་དགོས་ཤིང་བདེན་པ་གཉིས་ཆར་རང་ལུགས་དེ་ལྟར་གྲུབ་པ་མེད་དོ།། ད་ནི་ཚིག་མང་དོགས་པས་སྤྲོས་བཤད་མི་བྱའོ།།  

འདིས་གཞན་སྟོང་དབུ་མ་ཆེན་པོའི་ལྟ་གྲུབ་འདི་ཡངས་བའི་ཐ་གྲུ་ཀུན་ཏུ་ཁྱབ་པའི་རྒྱུར་ཅིག །

གངས་ལྗོངས་རིས་མེད་སློབ་གླིང་གི་རིགས་སྨྲའི་གྲལ་མཐལ་བ་རྟག་བརྟན་དུ་འབོད་པ་དེས་བྲིས་བདེ་ལེགས་སུ་གྱུར་ཅིག །

ནང་དོན་ཡོངས་ཁུངས། ངེས་དོན་སྙིང་བོའི་བོད་ཡིག་སྤྱི་སྟེགས།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།