རྟག་བརྟན་དགེ་བཤེས་པ་སངས་འཕྲིན་ལས།
སྟོང་གསུམ་སྟོང་གི་འགྲོ་བའི་རྒྱུད་ལ་ཞི་བའི་དཔལ་སྟེར་རྐང་གཉིས་གཙོ། །
ཐུབ་དབང་ཤུལ་ལ་དབང་མཆོག་བསྐུར་བ་མི་ཕམ་མགོན་པོ་ཐུགས་རྗེ་ཅན། །
རྫོགས་ལྡན་རིང་ལུགས་གངས་རིས་ལྗོངས་སུ་མདོ་བཞིན་འཆད་པའི་དོལ་པོ་བ། །
རྣམ་གསུམ་བླ་མ་ལྷ་དང་བཅས་པ་སྤྱི་བོའི་གཙུག་ཏུ་ལེགས་པར་བསྙེན། །
གང་གི་ལེགས་བཤད་མཁའ་ལྟར་ཡངས་ཤིང་ཆུ་སྲིན་གནས་བཞིན་གཏིང་མཐའ་རིང་། །
གངྒཱའི་རྡུལ་གྱི་བྱེ་མར་འགྲན་པའི་རྣམ་གྲངས་མང་བས་གཞལ་མཐའ་དབེན། །
གྲོག་མས་རྟ་མཐོང་གནམ་གྱི་དཔེ་བཞིན་རྨོངས་པའི་བློ་ལ་ཤར་ཡང་དཀའ། །
དེ་ལྟ་མོད་ཀྱང་ཆ་རྡུལ་ཙམ་ཡང་བདག་བློ་དྲན་ཕྱིར་སྨྱོ་ལབ་བརྡོལ། །
དེ་ལ་འདིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ནང་ཚན་གྱི་སྒྲུབ་པའི་སྦྱོར་བ་ངེས་འབྱེད་ཡན་ལག་བཤད་པ་ལ། རྩ་བར། ངེས་འབྱེད་ཡན་ལག་རྣམ་བཞི་དང་། །ཞེས་གསུངས་སོ། །དེའི་དོན་བཤད་པ་ལ་སྤྱི་དོན་དང་ཡན་ལག་གི་དོན་གཉིས། དང་པོ་ལ། སྦྱོར་ལམ་གྱི་རྟེན་དང་བརྟེན་པ་སྦྱོར་ལམ་གཉིས།
དང་པོ་ལ་གཉིས་ལས། ༡ལུས་རྟེན་ནི། ཉན་ཐོས་ལྟར་ན་ཐེག་དམན་གྱི་སྦྱོར་ལམ་དྲོད་རྩེ་མོ་བཟོད་པ་གསུམ། ཐོག་མར་གསར་དུ་གླིང་གསུམ་གྱི་མིའི་རྟེན་ཁོ་ན་ལ་སྐྱེ། སྐྱེས་ཟིན་གནས་པ་འདོད་ལྷ་ལའང་ཡོད་པར་གསུངས་ལ། ཆོས་མཆོག་འདོད་པའི་ལྷ་མི་གཉིས་ཀ་ལ་དང་པོར་སྐྱེ་རུང་ངོ༌། །ཉ་ཊཱིཀ་ལས། ལུས་རྟེན་ནི། ཉན་ཐོས་ལྟར་ན། སྦྱོར་ལམ་དང་པོ་གསུམ་གླིང་གསུམ་གྱི་མི་ཁོ་ན་ལ་སྐྱེ། སྐྱེས་ཟིན་འདོད་ལྷ་ལའང་ཡོད་དོ། །ཆོས་མཆོག་འདོད་པའི་ལྷ་མི་གཉིས་ཀ་ལ་དང་པོར་སྐྱེ་རུང་ངོ་། །ཞེས་གསུངས་སོ། །ཐེག་ཆེན་ལྟར་ན། ཐེག་ཆེན་སྦྱོར་ལམ་དང་པོ་གསུམ་སེམས་བསྐྱེད་སྐྱེ་བའི་ལུས་རྟེན་འགྲོ་བ་རིགས་དྲུག་ཡོད། །ཆོས་མཆོག་འདོད་པའི་ལྷ་མི་གཉིས་ཀ་ལ་སྐྱེ་བ་ཡོད་དེ། །ཉ་ཊཱིཀ་ལས། ཐེག་ཆེན་ལྟར་ན། སྦྱོར་ལམ་དང་པོ་གསུམ་སེམས་བསྐྱེད་སྐྱེ་བའི་རྟེན་ལ་རུང་ཞིང༌། ཆོས་མཆོག་མཐོང་ལམ་སྔར་དང་འདྲ་བར་འདོད་དོ། །ཞེས་གསུངས་སོ། །
༢ སེམས་རྟེན་ནི། བསམ་གཏན་ས་དྲུག་ལ་བརྟེན་ཅིང་འདོད་སེམས་དང་གཟུགས་མེད་དངོས་གཞི་ལ་བརྟེན་པ་མེད་གསུངས། ཉ་ཊཱིཀ་ལས། སེམས་རྟེན་ནི། བསམ་གཏན་ས་དྲུག་ལ་བརྟེན་ཅིང་འདོད་སེམས་རྣམ་གཡེང་ཆེ་བས་དང་གཟུགས་མེད་ལྷག་མཐོང་ཆུང་བས་མི་བརྟེན་པར་མཛོད་དུ་བཤད་ཅིང་ཐེག་ཆེན་པ་ཡང་དེ་ལྟར་དུ་གསལ་ལོ། །མཛོད་དུ། མི་ལྕོགས་མེད་པ་དང། ཁྱད་པར་བསམ་གཏན་ས་པའོ། །ཞེས་གསུངས་སོ།།
གཉིས་པ་བརྟེན་པ་སྦྱོར་ལམ་བཤད་པ་ལ་གསུམ་ལས། དང་པོ་མཚན་ཉིད་ནི། ཉ་ཊཱིཀ་ལས། མཚན་ཉིད་ནི། ཐར་ཆའི་རྗེས་ཀྱི་ཐར་ལམ་གང་ཞིག བདེན་པ་མངོན་རྟོགས་ལ་སྦྱོར་བའི་སོ་སྐྱེའི་ལམ། ཐེག་ཆེན་གྱི་དེའི་མཚན་ཉིད། ཐེག་ཆེན་གྱི་ཞེས་བསྣན་ནོ། །ཉན་རང་གི་ལ་ཡང་ངོ༌། །ཞེས་དང་། མདོ་སྡེ་རྒྱན་ས་འགྲེལ་ལས། མཚན་ཉིད་ནི། ཚོགས་ལམ་རྫོགས་ནས་མཐོང་ལམ་མ་ཐོབ་བར་གྱི་དགེ་བ་གང་ཞིག་མྱ་ངན་ལས་འདས་པར་ཕྱིན་པར་བྱེད་པའི་ཐབས་སུ་གྱུར་པའོ། །ཞེས་དང༌། ཀུན་བཏུས་ས་འགྲེལ་ལས། མཚན་ཉིད་ནི། མྱ་ངན་ལས་འདས་པར་བགྲོད་པའི་གཞི་གང་ཞིག་དོན་མངོན་པར་རྟོགས་པའི་གནས་སྐབས་ཀྱིས་བསྡུས་པའོ། །ཞེས་གསུངས་སོ། །
གཉིས་པ་མཚོན་བྱའི་སྒྲ་བཤད་ནི། བདེན་པ་མངོན་རྟོགས་ལ་སྦྱོར་བས་ན་སྦྱོར། བྱང་ཆུབ་ཏུ་ཕྱིན་པར་བྱེད་པས་ན་ལམ་མོ། །
གསུམ་པ་མཚན་གཞི་ལ། ངོ་བོའི་དབྱེ་བ། ཆེ་འབྲིང་གི་དབྱེ་བ། བློ་རིག་གང་ཡིན་འདོད་པ་བཀོད་པ་དང་གསུམ། དང་པོ་ལ་ཡང་ཐེག་ཆེན་གྱི་དབང་དུ་བྱས་ན། ཐེག་ཆེན་གྱི་དྲོད་རྩེ་བཟོད་མཆོག་བཞིའོ། །
དང་པོ་ནི། ཚོགས་ལམ་རྫོགས་རྗེས་སུ་བྱང་སེམས་མཉམ་པར་བཞག་པས་གཟུགས་སོགས་འདི་དག་ཐམས་ཅད་ཡིད་ཀྱི་རྣམ་རྟོག་ལ་སྣང་བར་ཟད་ཀྱི་དེ་ལས་མ་གཏོགས་པར། སེམས་ལས་ལོགས་ན་མ་མཐོང་བས་ཕྱིའི་དོན་བདེན་པ་མེད་པར་རྟོགས་ཤིང་རྣམ་རྟོག་ཉིད་རང་སྤྱིའི་མཚན་ཉིད་དུ་སྣང་བར་མཐོང་བ་ཡེ་ཤེས་ཀྱི་སྣང་བ་ཅུང་ཟད་སྤྱི་དོན་དང་བཅས་ནས་གསལ་བ་ནི། སྣང་བ་ཐོབ་པ་ཅེས་བྱ་སྟེ་དྲོ་བའི་སྐབས་སོ། །མདོ་སྡེའི་རྒྱན་ལས། དེ་ནས་དེ་འདྲར་གྱུར་པ་ཡི། །བྱང་ཆུབ་སེམས་དཔའ་མཉམ་བཞག་པས། །ཡིད་ཀྱི་བརྗོད་པ་མ་གཏོགས་པ། །དོན་ཀུན་རབ་ཏུ་མི་མཐོང་ངོ་། །ཞེས་སོ། །མཚན་ཉིད་ནི། ཉ་ཊཱིཀ་ལས། བྱང་སེའི་སྦྱོར་ལམ་གང་ཞིག སྣང་བ་ཐོབ་པའི་ཏིང་ངེ་འཛིན་དང་ཤེས་རབ་མཚུངས་ལྡན་དང་བཅས་པ་སྟེ། ཀུན་བཏུས་སུ། དྲོ་བར་གྱུར་པ་གང་ཞེ་ན། སོ་སོ་གང་ཟག་རང་གིས་བདེན་པ་རྣམས་ལ་དམིགས་ནས་སྣང་བ་ཐོབ་པའི་ཏིང་ངེ་འཛིན་དང་ཤེས་རབ་མཚུངས་པར་ལྡན་པ་དང་བཅས་པའོ། །ཞེས་སོ། །རྒྱལ་བུའི་སྲས་ཀྱིས། ཞི་གནས་དང་ལྷག་མཐོང་ནི་དྲོ་བར་གྱུར་པར་རིག་པར་བྱའོ། །ཞེས་པས་བཞི་ཅར་ངོ་བོ་ཞི་ལྷག་གོ །ཞེས་གསུངས་པའི་ཕྱིར་རོ། །
གཉིས་པ་ནི། ཆོས་ཀྱི་སྣང་བ་དེ་ཉིད་སྤེལ་བའམ། ཇེ་ཆེ་ཇེ་ཆེར་འཕེལ་ཞིང་རྒྱས་པར་བྱ་བའི་ཕྱིར་དུ་ཅུང་ཟད་ཀྱང་མི་གནས་ཤིང་མི་འདུག་པར་བདག་མེད་པ་སྒོམ་པ་ལ་བརྩོན་འགྲུས་བརྟན་པོ་རྩོམ་པས་ཡེ་ཤེས་ཀྱི་སྣང་བ་འབྲིང་ཙམ་དུ་སྤྱི་དང་བཅས་པར་གསལ་བ་ནི། སྣང་བ་མཆེད་པ་སྟེ། མདོ་སྡེའི་རྒྱན་ལས། ཆོས་ཀྱི་སྣང་བ་འཕེལ་པའི་ཕྱིར། །བརྩོན་འགྲུས་བརྟན་པོ་ཀུན་ཏུ་རྩོམ། ། ཞེས་སོ། །མཚན་ཉིད་ནི། ཉ་ཊཱིཀ་ལས། བྱང་སེམས་པའི་སྦྱོར་ལམ་གང་ཞིག་སྣང་བ་མཆེད་པའི་ཏིང་ངེ་འཛིན་དང་ཤེས་རབ་མཚུངས་ལྡན་དང་བཅས་པའོ། །ཞེས་གསུངས་པའི་ཕྱིར་རོ། །དེ་ལྟར་ཀུན་བཏུས་སུ། སོ་སོ་རང་གིས་བདེན་པ་རྣམས་ལ་སྣང་བ་མཆེད་པའི་ཏིང་ངེ་འཛིན་དང་ཤེས་རབ་མཚུངས་པར་ལྡན་པ་དང་བཅས་པའོ། །ཞེས་སོ། །
གསུམ་པ་ནི། ཆོས་ཀྱི་སྣང་བ་དེ་ཤེས་ཆེར་འཕེལ་ནས་དོན་དུ་སྣང་བ་ཐམས་ཅད་སེམས་ཁོ་ནར་ཟད་ཀྱི་དོན་སེམས་ལས་གཞན་མིན་ནོ་ཞེས་མཐོང་བ་ཡེ་ཤེས་ཀྱི་སྣང་བ་སྤྱི་དོན་དང་བཅས་ཏེ་ཤིན་ཏུ་གསལ་བའི་སྦྱོར་ལམ་ནི། དེ་ཁོ་ན་ཉིད་ཀྱི་ཕྱོགས་གཅིག་ལ་ཞུགས་པ་སྟེ། མཚན་ཉིད་ནི། ཉ་ཊཱིཀ་ལས། གང་ཞིག དེ་ཁོ་ནའི་ཕྱོགས་གཅིག་ལ་ཞུགས་པའི་ཏིང་ངེ་འཛིན་དང་ཤེས་རབ་མཚུངསལྡན་དང་བཅས་པའོ། །ཞེས་གསུངས་སོ། །དེ་ལྟར་ཀུན་བཏུས་སུ། སོ་སོ་རང་གིས་བདེན་པ་རྣམས་ཀྱི་ཕྱོགས་གཅིག་ལ་ཞུགས་པ་དང་རྗེས་སུ་སོང་བའི་ཏིང་ངེ་འཛིན་དང་ཤེས་རབ་མཚུངས་པར་ལྡན་པ་དང་བཅས་པའོ། །ཞེས་སོ། །འདིའི་སྐབས་སུ་ཕྱིའི་གཟུང་བའི་ཀུན་བཏགས་ཀྱི་རྣམ་གཡེང་མངོན་གྱུར་པ་སྤངས་ཤིང་ཀུན་བཏགས་ཀྱི་འཛིན་པའི་རྣམ་གཡེང་མངོན་གྱུར་པ་ལུས་སོ། །མདོ་སྡེའི་རྒྱན་ལས། ཆོས་ཀྱི་སྣང་བ་འཕེལ་ནས་ནི། །སེམས་ཙམ་ལ་ནི་གནས་པར་འགྱུར། །དེ་ནས་དོན་ཀུན་སྣང་བ་ནི། །སེམས་སུ་རབ་ཏུ་ཤེས་པར་འགྱུར། །དེ་ཚེ་དེ་ཡི་གཟུང་བ་ཡི། །རྣམ་པར་གཡེང་བ་དེས་སྤོང་འགྱུར། །དེ་ནས་དེ་ལ་འཛིན་པ་ཡི། །རྣམ་པར་གཡེང་བ་འབའ་ཞིག་ལུས། །ཞེས་སོ། །
བཞི་བ་ནི། གཟུང་བ་མེད་ན་འཛིན་པ་ཡང་མེད་དོ་ཞེས་རྟོགས་ནས་འཛིན་པ་བདེན་འཛིན་གྱི་རྣམ་གཡེང་མེད་པའི་འཇིག་རྟེན་པའི་སྒོམ་བྱུང་གི་ཡེ་ཤེས་ཀྱི་སྣང་བ་རྫོགས་པ་ནི་དེ་མ་ཐག་པའི་ཏིང་ངེ་འཛིན་ཅན་ཞིག་སྟེ། མདོ་སྡེའི་རྒྱན་ལས། དེ་ཚེ་བར་ཆད་མེད་པ་ཡི། །ཏིང་ངེ་འཛིན་ལ་མྱུར་དུ་རེག །འདི་ལྟར་དེ་ཡི་མཇུག་ཐོགས་སུ། །འཛིན་པའི་རྣམ་པར་གཡེང་བ་སྤོང་། །འདི་དག་གོ་རིམ་བཞིན་དུ་ནི། །དྲོ་བར་གྱུར་སོགས་ཡིན་ཞེས་བྱ། །ཞེས་སོ། །དེ་མ་ཐག་ཏུ་འཛིན་པའི་རྣམ་གཡེང་སྤོང་བར་བྱེད་ཅིང་དེ་མ་ཐག་ཏུ་ས་དང་པོར་འཇུག་པས་ན་དེ་མ་ཐག་པའི་ཏིང་ངེ་འཛིན་ཞེས་བྱའོ། །ཞེས་བློ་བརྟན་ནོ། །མཚན་ཉིད་ནི། ཉ་ཊཱིཀ་ལས། གང་ཞིག དེ་མ་ཐག་པའི་ཏིང་ངེ་འཛིན་དང་ཤེས་རབ་མཚུངས་ལྡན་དང་བཅས་པའོ། །ཞེས་གསུངས་སོ། །དེ་ལྟར་ཀུན་བཏུས་སུ།སོ་སོ་རང་གིས་བདེན་པ་རྣམས་ལ་དེ་མ་ཐག་པའི་སེམས་ཀྱི་ཏིང་ངེ་འཛིན་དང་ཤེས་རབ་མཚུངས་པར་ལྡན་པ་དང་བཅས་པའོ། །ཞེས་སོ། །
གཉིས་པ་ཆེ་འབྲིང་གི་དབྱེ་བ་ནི། དྲོད་རྩེ་གཉིས་ཆོས་ལ་ངེས་རྟོགས་ཀྱི་བཟོད་པ་ཆུང་ངུ་དང་། བཟོད་པ་ཆོས་ལ་ངེས་རྟོགས་ཀྱི་བཟོད་པ་འབྲིང་། ཆོས་མཆོག་ཆོས་ལ་ངེས་རྟོགས་ཀྱི་བཟོད་པ་ཆེན་པོ་ཡིན་ཏེ། ཉ་ཊཱིཀ་ལས། ཆ་མཐུན་དེ་དག་གིས་མཐོང་ལམ་བསྐྱེད་པར་མ་ངེས་པ་དང་། ངེས་པ་དང་། ཚེ་དེ་ལ་བསྐྱེད་ངེས་པ་དང་གསུམ་སྟེ། རིམ་བཞིན་དུ་ཆོས་ལ་ངེས་རྟོག་གི་བཟོད་པ་ཆུང་འབྲིང་ཆེ་གསུམ་མོ། །ཞེས་གསུངས་སོ། །
གསུམ་པ་བློ་རིག་གང་ཡིན་འདོད་པ་བཀོད་པ། ཉ་ཊཱིཀ་ལས། འདིར་མི་མཐུན་པ་མང་སྟེ། ལོཙཱ་བ་ཆེན་པོ་སོགས་བྱང་སེའི་སྦྱོར་ལམ་མཉམ་བཞག་རྣམས་ནི་རྣལ་འབྱོར་མངོན་སུམ་ཡིན་གྱི་དེའི་སྐབས་ན་རྟོག་པ་མེད་གསུང་ངོ་། །འབྲེ་དང་འདུལ་དཀར་སོགས་ནི། རྗེས་དཔག་གི་རྒྱུན་བཅད་ཤེས་ཡིན་པར་གསུང་ངོ་། །འཇམ་གསར་ནི། ཡུལ་སྟོང་ཉིད་སྣང་བའི་ཚོགས་དོན་ལ་རྗེས་དཔག་དང་བཅད་ཤེས་གཉིས་སུ་ཡོད་དེ། གཅིག་དང་དུ་བྲལ་ལ་སོགས་ཀྱི་རྟགས་ལ་བརྟེན་པའི་རྗེས་དཔག་དང་དེས་རྟོགས་ཟིན་ལ་ཕྱིས་འཇུག་པ་བཅད་ཤེས་སོ་གསུང་ངོ་། །བཅོམ་རལ་ནི། ཚད་མིན་གྱི་ནང་ནས་སྔར་འདྲིས་པའི་ཡུལ་བདག་མེད་མ་བརྗེད་པར་འཛིན་པའི་དྲན་པ་ཡིན་ནོ་ཞེས་སོ། །ཆུ་མིག་པ་ནི། རྗེས་དཔག་དང་རྟོག་པ་བཅད་ཤེས་དང་ཡིད་དཔྱོད་ཅི་རིགས་ཡིན་ཞེས་དང༌། སྒྲ་དོན་འཛིན་པའི་རྟོག་པ་ཡིན་ཞེས་སོ། ཞེས་གསུངས་སོ། །རང་ལུགས་ཀྱི་བཞེད་པ་ནི། སྦྱོར་ལམ་ལ་རྟོག་པ་རྟོག་མེད་མངོན་སུམ་རྗེས་དཔག་དུ་མ་དང། སྦྱོར་ལམ་མཉམ་བཞག་ཡེ་ཤེས་ནི་དོན་སྤྱི་ཙམ་གྱི་ཆ་ནས་རྟོག་པ་ཡིན་སྙམ།
གཉིས་པ་ཡན་ལག་གི་དོན་བཤད་པ་ལ། ཆོས་དྲུག་མདོར་བསྟན་པའི་སྒོ་ནས་ཁྱད་པར་གྱི་ཆོས་བཞིའི་ཉན་རང་ལས་འཕགས་པར་བསྟན་པ་དང་། ངོ་བོ་ངོས་བཟུང་བའི་སྒོ་ནས་དྲུག་པོ་སོ་སོར་ཕྱེ་སྟེ་རྒྱས་པར་བཤད་པ་གཉིས།
དང་པོ་ནི། རྩ་བར། དམིགས་པ་དང་ནི་རྣམ་པ་དང༌། །རྒྱུ་དང་ཡོངས་སུ་འཛིན་པ་ཡིས། །བྱང་ཆུབ་སེམས་དཔའ་སྐྱོབ་པ་ཡི། །དྲོད་སོགས་བདག་ཉིད་ཇི་བཞིན་དུ། །རྣམ་རྟོག་བཞི་བོ་ལྡན་རྟེན་པ། །ཆུང་དང་འབྲིང་དང་ཆེན་པོ་རྣམས། །ཉན་ཐོས་བསེ་རུ་ལྟ་བུ་དང་། །བཅས་པ་དག་ལས་ཁྱད་པར་འཕགས། །ཞེས་གསུངས་སོ། བྱང་ཆུབ་སེམས་དཔའི་ངེས་པར་འབྱེད་པའི་ཆ་མཐུན་པ་དྲོད་སོགས་ནི། ཉན་རང་གི་ངེས་པར་འབྱེད་པའི་ཆ་དང་མཐུན་པའི་དྲོད་སོགས་ལས་ཆོས་སྤྱོད་དམ་ཁྱད་ཆོས་བཞིས་ཁྱད་པར་དུ་འཕགས་པ་ཡིན་ལ། ཁྱད་གཞི་བྱང་ཆུབ་སེམས་དཔའི་ངེས་འབྱེད་ཆ་མཐུན་ནི་གང་ཞེ་ན། བྱང་ཆུབ་སེམས་དཔའ་འགྲོ་བ་ཐམས་ཅད་སྐྱོབ་པའི་བསམ་པ་ཅན་དེའི་སྦྱོར་ལམ་དྲོད་དང་སོགས་པའི་སྒྲས་བསྡུས་པ་རྩེ་མོ་དང་བཟོད་པ་དང་ཆོས་མཆོག་གི་བདག་ཉིད་བཞི་པོ་གོ་རིམ་ཇི་ལྟ་བ་བཞིན་དུ་ལྡོག་པའི་གཟུང་རྟོག་དང་འཇུག་པའི་གཟུང་རྟོག་དང་རྫས་སུ་འཛིན་པའི་རྣམ་རྟོག་དང་། བརྟགས་པར་འཛིན་པའི་རྣམ་རྟོག་བཞི་པོ་སྤང་བྱར་ལྡན་ཞིང༌། དེའི་གཉེན་པོ་བྱང་ཆུབ་སེམས་དཔའི་རྒྱུད་ལ་བརྟེན་པ་དྲོད་སོགས་རེ་རེ་ཡང་ཆུང་དང་འབྲིང་དང་ཆེན་པོར་ཕྱེ་བ་བཅུ་གཉིས་པོ་རྣམས་ཡིན་ལ། དེ་རྣམས་ཁྱད་པར་དུ་འཕགས་པ་ཡིན་ནོ། །ཁྱད་པར་འཕགས་བྱེད་ཀྱི་ཁྱད་ཆོས་ནི། དམིགས་པ་དང་རྣམ་པ་དང་རྒྱུ་དང་ཡོངས་སུ་འཛིན་པ་བཞི་ཡིན་ལ། དེ་བཞིས་ཁྱད་པར་དུ་འཕགས་པའོ། །གང་ལས་ཁྱད་པར་འཕགས་ན། ཉན་ཐོས་དང་རང་རྒྱལ་ལ་སོགས་པའི་དྲོ་བ་དང་རྩེ་མོ་ལ་སོགས་པ་ལས་འཕགས་སོ། །
གཉིས་པ་ངོ་བོ་ངོས་བཟུང་བའི་སྒོ་ནས་དྲུག་པོ་སོ་སོར་ཕྱེ་སྟེ་རྒྱས་པར་བཤད་པ་ནི། དམིགས་པ་དང་། རྣམ་པ་དང་། རྒྱུ་དང། ཆུང་འབྲིང་ཆེ་གསུམ་དང་། རྣམ་རྟོག་བཞི་དང༌། ཡོངས་འཛིན་རྒྱས་པར་བཤད་པ་དང་དྲུག།
དང་པོ་དམིགས་ནི། རྩ་བར། དམིགས་པ་མི་རྟག་ལ་སོགས་པ། །བདེན་པའི་རྟེན་ཅན། ཞེས་གསུངས་ལ། འདིས་ངེས་འབྱེད་ཡན་ལག་རྣམ་བཞི་པོ་ཐམས་ཅད་ཀྱི་དམིགས་པ་བསྟན་ཏོ། །དམིགས་པའི་ངོ་བོ་གང་ཞེ་ན། དྲོད་སོགས་བཞི་པོའི་དམིགས་པ་གཟུགས་སོགས་མི་རྟག་པ་དང་སྡུག་བསྔལ་བ་དང༌། བདག་མེད་པ་དང་། མི་སྡུག་པ་དང་། ཞི་བ་དང་། སྟོང་པ་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་སྟེ། འཕགས་པའི་བདེན་པ་བཞིའི་རྟེན་ཅན་གྱི་ཆོས་རྣམས་སོ། །ཐེག་ཆེན་སྦྱོར་ལམ་བདེན་མེད་སྒྱུ་མ་ལྟར་རྟོགས་པའི་སྒོ་ནས་སམ་བདེན་མེད་ཀྱིས་ཁྱད་པར་དུ་བྱས་ནས་བདེན་པ་བཞིའི་དངོས་པོ་ལ་དམིགས་པ་ཡིན་ནོ། །
གཉིས་པ་རྣམ་པ་ནི། མདོ་ལུགས་མ་ལས། རྩ་བར། དེ་ཡིས་ནི། །རྣམ་པ་མངོན་ཞེན་ལ་སོགས་འགོག །ཅེས་པ་འདིས་ངེས་འབྱེད་ཡན་ལག་རྣམ་བཞི་པོ་ཐམས་ཅད་ཀྱི་རྣམ་པ་བསྟན་ཏོ། ། རྣམ་པའི་ངོ་བོ་གང་ཞེ་ན་བདེན་བཞིའི་ཆོས་མི་རྟག་པ་ལ་སོགས་པ་དེ་དག་བདེན་པར་མེད་པའི་ཆོས་ཉིད་ནི་དོན་རྣམ་ཡིན་ལ། དེ་རྟོགས་པའི་ཐེག་ཆེན་སྦྱོར་ལམ་ནི་ཤེས་རྣམ་ཡིན་ལ། དེས་ནི་རྣམ་པ་མི་རྟག་ལ་སོགས་ལ་མངོན་པར་ཞེན་པ་དང་། ལ་སོགས་པའི་སྒྲས་བསྡུས་པ། གནས་པ་དང། ཀུན་ཏུ་ཤེས་པ་སྟེ། རིམ་པ་ལྟར་ལྟ་བ་ཕྱིན་ཅི་ལོག་དང་། སེམས་ཕྱིན་ཅི་ལོག་དང་། འདུ་ཤེས་ཕྱིན་ཅི་ལོག་གསུམ་པོ་ཡིན་པས། དེ་གསུམ་འགོག་ཅིང་མེད་པའི་རྣམ་པ་གང་ཡིན་པ་དེ་ཡིན་ནོ། །མངོན་ཞེན་སོགས་ཀྱི་དོན་ནི་ཡུམ་གསུམ་གནོད་འཇོམས་ལས། མངོན་པར་ཞེན་ཅིང་གནས་པ་དེ་དུན་ཏུ་ཤེས་པ་ཞེས་བྱ་བ་ནི། ཆེན་པོར་གྱུར་པའི་གནས་སྐབས་ན། རྣམ་པར་རྟོག་པ་བཅས་པའི་ལྟ་བས་མངོན་པར་ཞེན་པར་བྱེད་དོ། །འབྲིང་གི་གནས་སྐབས་ན་སེམས་ཀྱི་གནས་པར་བྱེད་དོ། །ཆུང་ངུའི་གནས་སྐབས་ན་འདུ་ཤེས་ཀྱིས་ཀུན་ཏུ་ཤེས་པར་བྱེད་དོ། །ཞེས་གསུངས་སོ།། དམིགས་པ་དང་། རྣམ་པའི་དགག་བྱ་ལྷན་གཅིག་ཏུ་གསུངས་པ་ནི། མདོ་ལས། བྱང་ཆུབ་སེམས་དཔའ་གཟུགས་ལ་མི་རྟག་པ་དང༌། སྡུག་བསྔལ་བ་དང་། བདག་མེད་པ་དང་། མི་སྡུག་པ་དང་། ཞི་བ་དང༌། སྟོང་པ་དང༌། མཚན་མ་མེད་པ་དང་། སྨོན་པ་མེད་པ་ཞེས་བྱ་བར་མངོན་པར་ཞེན་ཅིང་གནས་ཏེ་ཀུན་ཏུ་ཤེས་པ་དེ་ནི་བྱང་ཆུབ་སེམས་དཔའི་མཐུན་པའི་ཆོས་ལ་སྲེད་པ་སྟེ་སྐྱོན་ནོ། །ཞེས་གསུངས་སོ། །
གསུམ་པ་རྒྱུ་ནི། རྩ་བར། ཐེག་པ་གསུམ་ཆར་འཐོབ་པའི་རྒྱུ། ཞེས་པ་འདིས་ངེས་འབྱེད་ཡན་ལག་རྣམ་བཞི་པོ་ཐམས་ཅད་ཐེག་པ་གསུམ་ཆར་གྱི་སྤངས་རྟོགས་ཀྱི་རིགས་རྫོགས་པར་འཐོབ་བྱེད་ཀྱི་རྒྱུ་ཡིན་པར་བསྟན་ཏོ། །མདོ་ལས་ཀྱང་། བྱང་ཆུབ་སེམས་དཔའ་ཉན་ཐོས་ཀྱི་ས་དང་། རང་སངས་རྒྱས་ཀྱི་ས་དང་། བྱང་ཆུབ་སེམས་དཔའི་ས་ལ་སློབ་པར་འདོད་པས་ཤེར་ཕྱིན་ལ་བསླབ་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་བྱང་ཆུབ་སེམས་དཔའ་ཉན་ཐོས་དང་། རང་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་དང་། སངས་རྒྱས་ཀྱི་ས་གང་ལ་བསླབ་པར་བྱ་བའི་ཐེག་པ་གསུམ་པོ་དག་ཤེར་ཕྱིན་འདི་ལས་རྒྱ་ཆེར་བསྟན་པའི་ཕྱིར་རོ། །ཞེས་གསུངས་སོ། །
བཞི་པ་ཆུང་འབྲིང་ཆེ་གསུམ་བཤད་པ་ལ། ཐེག་ཆེན་དྲོད་རྩེ་མོ་བཟོད་པ་ཆོས་མཆོག་བཞི་པོ་རེ་རེ་ལ་ཆུང་འབྲིང་ཆེ་གསུམ་སྟེ་བཅུ་གཉིས་ཡོད་དོ། །དེ་ཡང་མདོ་ལུགས་མ་ལས། ད་ནི་བརྩོན་པའི་རབ་ཏུ་དབྱེ་བ་ཞེས་བྱ་བ་སྟོན་ཅིང་བཞི་པ་ཆུང་འབྲིང་ཆེ་གསུམ་དུ་དབྱེ་བ་འཆད་པ་ནི་འདི་ལྟ་སྟེ། གཟུགས་སོགས་འདུ་འགོད་གནས་བྲལ་དང༌། །ཞེས་པས་དྲོད་ཆུང་ངུ་དང༌། གནས་དང་བརྟགས་དང་བརྗོད་དུ་མེད། །ཅེས་པས་དྲོད་འབྲིང་པོ་དང་། གཟུགས་སོགས་མི་གནས་དེ་དག་ནི། །དེ་ཡི་ངོ་བོར་རང་བཞིན་མེད། །དེ་དག་གཅིག་གི་རང་བཞིན་གཅིག །ཅེས་པས་དྲོད་ཆེན་པོ་རྣམས་བསྟན་ཏོ། དེ་མི་རྟག་སོགས་པར་མི་གནས། །དེ་རྣམས་དེ་ཡི་ངོ་བོས་སྟོང༌། །དེ་དག་གཅིག་གི་རང་བཞིན་གཅིག །ཅེས་པས་རྩེ་མོ་ཆུང་ངུ་དང༌། །ཆོས་རྣམས་མི་འཛིན་གང་ཡིན་དང༌། །དེ་དག་མཚན་མར་མི་མཐོང་ཕྱིར། །ཞེས་པས་རྩེ་མོ་འབྲིང་དང་། ཤེས་རབ་ཀྱིས་ནི་ཡོངས་རྟོག་པ། །ཐམས་ཅད་དམིགས་སུ་མེད་པར་རོ། །ཞེས་རྩེ་མོ་ཆེན་པོ་རྣམས་བསྟན་ཏོ། །གཟུགས་སོགས་ངོ་བོ་ཉིད་མེད་ཉིད། ། དེ་མེད་པ་ཉིད་ངོ་བོ་ཉིད། །ཅེས་པས་བཟོད་པ་ཆུང་ངུ་དང༌། །དེ་དག་སྐྱེ་མེད་ངེས་འབྱུང་མེད། །དག་དང་། ཞེས་པས་བཟོད་པ་འབྲིང་དང་། །དེ་དག་མཚན་མ་མེད། དེའི་མཚན་མར་མི་རྟེན་པས། །མོས་མིན་འདུ་ཤེས་མེད་པ་ཡིན། །ཞེས་པས་བཟོད་པ་ཆེན་པོ་རྣམས་བསྟན་ཏོ། །ཏིང་འཛིན་དེའི་བྱེད་པ་ཉིད། །ཅེས་པས་ཆོས་མཆོག་ཆུང་ངུ་དང༌། ལུང་སྟོན་པ་དང་རློམ་པ་ཟད། །ཅེས་པས་ཆོས་མཆོག་འབྲིང་དང༌། གསུམ་པོ་ཕན་ཚུན་ངོ་བོ་གཅིག། །ཏིང་འཛིན་རྣམ་པར་མི་རྟོག་པ། །ཞེས་པས་ཆོས་མཆོག་ཆེན་པོ་རྣམས་བསྟན་ཏོ། །དེ་ལྟར་ངེས་འབྱེད་ཆ་མཐུན་ནི། །ཆུང་དང་འབྲིང་དང་ཆེན་པོ་ཡིན། །ཞེས་པས་རེ་རེ་ཡང་ཆུང་འབྲིང་ཆེན་པོ་གསུམ་གསུམ་ཡིན་པར་མཇུག་བསྡུས་ཏེ་བསྟན་པ་ཡིན་ནོ། །ཞེས་གསུངས་སོ། །
ལྔ་བ་རྣམ་རྟོག་བཞི་བཤད་པ་ལ། གཟུང་རྟོག་བཤད་པ་དང༌། འཛིན་རྟོག་བཤད་པ་དང་གཉིས། དང་པོ་ལ།མཚན་ཉིད། དབྱེ་བ་གཉིས། དང་པོ། གཟུང་རྟོག་གི་མཚན་ཉིད་ནི། རང་ཡུལ་གཟུང་བ་ལ་དམིགས་ནས་བདེན་པར་ཞེན་པ་དེ་ཡིན་ཏེ། མདོ་ལུགས་མ་ལས། དེ་ལ་གཟུང་བར་འཛིན་པ་ནི། གཟུང་རྟོག་དང་། ཞེས་གསུངས་སོ། ། གཉིས་པ་གཟུང་རྟོག་ལ་དབྱེ་ན་གཉིས། ལྡོག་པ་གཟུང་རྟོག་དང་འཇུག་པ་གཟུང་རྟོག་གཉིས་ཡོད་དེ། མདོ་ལུགས་མ་ལས། རྩ་བར། གཞི་དང་དེ་ཡི་གཉེན་པོ་ཡིས། །གཟུང་བར་རྟོག་པ་རྣམ་པ་གཉིས། །ཞེས་པ་ལ་གཞི་ཀུན་ནས་ཉོན་མོངས་པ་སྐྱོན་ཅན་དུ་འཛིན་པ་དང་། ཀུན་ནས་ཉོན་མོངས་པ་དེའི་གཉེན་པོ་རྣམ་བྱང་ཡོན་ཏན་ཅན་དུ་འཛིན་པའི་ཁྱད་པར་དེ་ཡིས་རིམ་པ་ལྟར་ལྡོག་པའི་གཟུང་བར་རྟོག་པར་དང་། འཇུག་པའི་གཟུང་བར་རྟོག་པ་རྣམ་པ་གཉིས་བསྟན་ཏོ། །ཞེས་གསུངས་སོ། །དེ་གཉིས་ཀྱི་མཚན་ཉིད་རིམ་བཞིན། གང་གཟུང་བྱའི་ཡུལ་སྐྱོན་ཅན་དུ་བདེན་པར་ཞེན་པའི་རིགས་སུ་གནས་པའི་རྟོག་པ་དང༌། གང་གཟུང་བྱའི་ཡུལ་ཡོན་ཏན་ཅན་དུ་བདེན་པར་ཞེན་པའི་རིགས་སུ་གནས་པའི་རྟོག་པའོ། །དེ་ལྟར་འཐད་དེ། མདོ་ལུགས་མ་ལས། གཟུང་རྟོག་ལ་ཡང་ལྡོག་པའི་གཟུང་རྟོག་དང་། འཇུག་པའི་གཟུང་རྟོག་གཉིས་སོ། །དེ་ལ་གང་གཟུང་བྱའི་ཡུལ་སྐྱོན་ཅན་དུ་མཐོང་ཞིང་དེར་ཞེན་པའི་བློ་ནི་ལྡོག་པའི་གཟུང་རྟོག་དང་། གང་གཟུང་བྱའི་ཡུལ་ཡོན་ཏན་ཅན་དུ་མཐོང་ཞིང་དེར་ཞེན་པའི་བློ་ནི་འཇུག་པའི་གཟུང་རྟོག་གོ །ཞེས་གསུངས་སོ། །ལྡོག་པའི་གཟུང་རྟོག་དེ་ལ་དམིགས་ཡུལ་གྱི་སྒོ་ནས་བྱེ་ན། དམིགས་ཡུལ་རྨོངས་པ་མ་རིག་པ་དང༌། ཀུན་ཉོན་གྱིས་བསྡུས་པའི་ཕུང་པོ་དང༌། མིང་གཟུགས་ལ་མངོན་ཞེན་གྱི་བློ་དང༌། རྟག་ཆད་ཀྱི་མཐའ་གཉིས་ལ་ཆགས་པ་དང༌། ཀུན་བྱང་མི་ཤེས་པ་དང༌། འཕགས་པའི་ལམ་ལ་མི་གནས་པ་དང༌། ཕྱིན་ཅི་ལོག་ཏུ་དམིགས་ནས་ཞེན་པ་དང༌། བདག་ལ་སོགས་པ་ལ་ཞེན་པ་དང་། གདོད་ནས་དག་པའི་ཉོན་མོངས་པའི་འབྲས་བུ་བསྐྱེད་པ་དང་དགུས་དབྱེ་བ་དགུ་དང་།
འཇུག་པའི་གཟུང་རྟོག་ལ་ཡང་དམིགས་ཡུལ་གྱི་སྒོ་ནས་དབྱེ་ན། དམིགས་ཡུལ་རྣམ་བྱང་གི་ཕུང་བོ་དང༌། རྣམ་བྱང་གི་སྐྱེ་མཆེད་དང༌། རྣམ་བྱང་གི་རིགས་དང༌། སྐྱེ་བ་རྣམ་བྱང་གི་རྟེན་འབྲེལ་དང༌། སྟོང་བ་ཉིད་དང༌། ཕ་རོལ་ཏུ་ཕྱིན་པའི་དོན་དང་། མཐོང་ལམ་དང་། སྒོམ་ལམ་དང་། མི་སློབ་ལམ་དང་དགུས་དབྱེ་བ་དགུ་སྟེ། མདོ་ལུགས་མ་ལས། དེ་དག་རེ་རེ་ཡང་དགུ་དགུར་དབྱེ་བ་ནི། རྨོངས་དང་ཕུང་སོགས་བྱེ་བྲག་གིས། །དེ་ནི་སོ་སོར་རྣམ་པ་དགུ །ཞེས་པ་ལ་རྨོངས་པ་སྟེ་མ་རིག་པ་དང༌། ཕུང་པོ་དང་སོགས་པའི་སྒྲས་ཁམས་དང་སྐྱེ་མཆེད་ལ་སོགས་པའི་བྱེ་བྲག་གིས་གཟུང་རྟོག་གཉིས་པོ་དེ་ནི་སོ་སོར་དབྱེ་བ་རྣམ་པ་དགུ་དགུ་ཡིན་ནོ། །མདོ་ལས། ཤཱ་རིའི་བུ། ཆོས་འདི་དག་ནི་ཇི་ལྟར་བྱིས་པ་སོ་སོའི་སྐྱེ་བོ་རྣམས་མངོན་པར་ཞེན་པ་དེ་ལྟ་བུར་ཡོད་པ་མ་ཡིན་པའི་ཕྱིར་རོ། །གསོལ་པ། ཆོས་འདི་དག་ཇི་ལྟ་བུར་ཡོད་པ་ལགས། བཀའ་སྩལ་པ། ཇི་ལྟར་མེད་པ་དེ་ལྟར་ཡོད་ལ་དེ་ལྟར་ཡོད་པ་མ་ཡིན་དེའི་ཕྱིར་མ་རིག་པ་ཞེས་བྱའོ། །ཞེས་སོགས་དང་དེ་ལ་བྱིས་པ་གང་དག་མ་རིག་པ་དང་། སྲེད་པ་དག་གི་མངོན་པར་ཞེན་པ་དེ་དག་གིས་ཡོད་པ་མ་ཡིན་པ་ལ་བཏགས་ཏེ། ཡོད་པ་མ་ཡིན་པ་ལ་མངོན་པར་ཞེན་ནམ། འདི་ལྟ་སྟེ། རྟག་པ་དང་ཆད་པའི་མཐའ་གཉིས་ལ་ཆགས་པ་ནས། དེ་དག་ནི་མི་ཤེས་མི་མཐོང་བ་སྟེ། དེ་དག་གིས་ཆོས་གང་དག་ཡོད་པ་མ་ཡིན་པའི་ཆོས་དེ་དག་ཡོངས་སུ་བཏགས་པ་མིང་དང་གཟུགས་ལ་མངོན་པར་ཞེན་ཅིང་། ཞེས་པ་ནས། མ་འདྲེས་པ་བཅོ་བརྒྱད་ཀྱི་བར་དག་ལ་ཡང་མངོན་པར་ཞེན་ཏོ། །ཞེས་སོགསགསུངས་སོ། ། འདིར་ཡང་། རྟོག་པ་འདི་དག་མ་རིག་པ་དང་། སྲེད་པ་མཐའ་གཉིས་ལ་ཞེན་པ་དང་། ཡོད་པ་མ་ཡིན་པ་ལ་ཡོད་པར་ཞེན་པའི་ངོ་བོ་ཡིན་པར་གསུངས་པ། འདིས་ཀྱང་ངེས་འབྱེད་ཡན་ལག་བཞི་པོ་རྟོག་པ་འདི་དག་ཡིན་པ་དང༌། དགག་རྟོག་ཡིན་པ་བསལ་བ་ཡིན་ནོ། །ཞེས་གསུངས་སོ། །
གཉིས་པ་འཛིན་རྟོག་ལ། མཚན་ཉིད་དང་དབྱེ་བ་གཉིས། དང་པོ་འཛིན་རྟོག་གི་མཚན་ཉིད། རང་ཡུལ་འཛིན་པ་ལ་དམིགས་ནས་བདེན་པར་ཞེན་པའི་རིགས་གནས་ཀྱི་རྟོག་པ་དེ་ཡིན་ཏེ། མདོ་ལུགས་མ་ལས།འཛིན་པར་འཛིན་པ་ནི་འཛིན་རྟོག་གོ ། ཞེས་གསུངས་སོ། །གཉིས་པ་དབྱེ་བ་ལ། རྫས་འཛིན་རྟོག་པ་དང༌། བཏགས་འཛིན་རྟོག་པ་གཉིས། དེ་གཉིས་ཀྱི་མཚན་ཉིད་རིམ་བཞིན། རང་གི་དམིགས་ཡུལ་སེམས་ཅན་རྫས་སུ་བདེན་པར་ཞེན་པའི་རིགས་གནས་ཀྱི་རྟོག་པ་དང༌། རང་གི་དམིགས་ཡུལ་སེམས་ཅན་བཏགས་པར་བདེན་པར་ཞེན་པའི་རིགས་གནས་ཀྱི་རྟོག་པའོ། །དེ་ལྟར་འཐད་དེ། མདོ་ལུགས་མ་ལས། སེམས་ཅན་རྫས་སུ་ཡོད་པར་ཞེན་པ་རྫས་འཛིན་དང་། སེམས་ཅན་བཏགས་པར་ཡོད་པར་ཞེན་པ་བཏགས་འཛིན་གཉིས་སོ། །གཉིས་པོ་དེ་དག་སྟོན་པ་ནི། རྫས་དང་བཏགས་པའི་རྟེན་ཅན་གྱི། །འཛིན་པའང་རྣམ་པ་གཉིས་སུ་འདོད། །ཅེས་པ་ལ་སེམས་ཅན་རྫས་སུ་ཡོད་པའི་རྟེན་གྱི་འཛིན་པ་དང་། སེམས་ཅན་བཏགས་པར་ཡོད་པའི་རྟེན་ཅན་གྱི་འཛིན་པ་རྣམ་པ་གཉིས་སུ་འདོད་དེ་བསྟན་ཏོ། །འང་གི་སྒྲ་ནི་སྔ་མ་ལྟར་གཉིས་སུ་སྟོན་པའོ། །ཞེས་གསུངས་སོ། །
རྫས་འཛིན་རྟོག་པ་ལ་རྟེན་ནམ་དམིགས་ཡུལ་གྱི་སྒོ་ནས་དབྱེ་ན། དམིགས་ཡུལ་རང་དབང་བའི་བདག་དང༌། ཆ་ཤས་མེད་པའི་གཅིག་པུའི་བདག་དང༌། རྣམ་ཤེས་སོགས་ཀྱི་རྒྱུའི་བདག་དང༌། ལྟ་བ་པོའི་བདག་དང༌། ཀུན་ནས་ཉོན་མོངས་པའི་རྟེན་གྱི་བདག་དང༌། འདོད་ཆགས་དང་བྲལ་བའི་རྟེན་གྱི་བདག་དང་། མཐོང་བའི་རྟེན་གྱི་བདག་དང་། སྒོམ་པའི་རྟེན་གྱི་བདག་དང༌། རང་གཞན་གྱི་དོན་བྱས་པའི་རྟེན་གྱི་བདག་དང་དགུས་དབྱེ་བ་དགུ་དང། །
བཏགས་འཛིན་རྟོག་པ་ལ་ཡང་རྟེན་ནམ་དམིགས་ཡུལ་གྱི་སྒོ་ནས་དབྱེ་ན། རྟེན་ནམ་དམིགས་ཡུལ་བཏགས་ཡོད་ཀྱི་ཕུང་པོ་དང༌། བཏགས་ཡོད་ཀྱི་སྐྱེ་མཆེད་དང༌། བཏགས་ཡོད་ཀྱི་ཁམས་དང༌། བཏགས་ཡོད་ཀྱི་རྟེན་ཅིང་འབྲེལ་བར་འབྱུང་བ་དང༌། བཏགས་ཡོད་ཀྱི་རྣམ་པར་བྱང་བ་དང༌། བཏགས་ཡོད་ཀྱི་མཐོང་བའི་ལམ་དང༌། བཏགས་ཡོད་ཀྱི་སྒོམ་པའི་ལམ་དང༌། བཏགས་ཡོད་ཀྱི་ཁྱད་པར་ཅན་དང༌། བཏགས་ཡོད་ཀྱི་མི་སློབ་པའི་ལམ་དང་དགུས་དབྱེ་བ་དགུ་ཡིན་ནོ། །མདོ་ལུགས་མ་ལས། འཛིན་རྟོག་དེ་དག་རེ་རེ་ཡང་དགུ་དགུར་དབྱེ་བ་ནི། རང་དབང་བདག་སོགས་ངོ་བོ་དང༌། །ཕུང་སོགས་རྟེན་ལས་དེ་བཞིན་ནོ། །ཞེས་པ་ལ་རང་དབང་ཅན་དང་། བདག་དང་སོགས་པའི་སྒྲས་སེམས་ཅན་ལ་སོགས་ངོ་བོ་རྟེན་གྱི་དབྱེ་བ་དགུ་ལས་དང༌། ཕུང་པོ་དང་སོགས་པའི་སྒྲས་ཁམས་དང་སྐྱེ་མཆེད་ལ་སོགས་རྟེན་གྱི་དབྱེ་བ་དགུ་ལས། རྟེན་ཅན་འཛིན་རྟོག་གཉིས་པོ་ཡང་སོ་སོར་དགུ་དགུར་དབྱེ་བ་ནི་ཇི་ལྟར་གཟུང་རྟོག་དབྱེ་བ་དེ་བཞིན་ནོ། །ཞེས་གསུངས་སོ། །མདོ་ལས་ཅི་སྒྱུ་མའི་སྐྱེས་བུ་འདི་ཤེར་ཕྱིན་ལ་བསླབས་ནས་རྣམ་མཁྱེན་དུ་ངེས་པར་འབྱུང་བར་འགྱུར་རམ། ཞེས་པ་ནས། སྒྱུ་མ་ཡང་གཞན་ལ་གཟུགས་ཀྱང་གཞན་ཞིག་ཡིན་སྙམ་མམ། ཞེས་སོགས་དང་། ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་འདི་དག་ལ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཞེས་བྱ་བར་མིང་དང་བརྡས་ཐ་སྙད་དུ་གདགས་སུ་ཡོད་དམ། ཞེས་པ་ནས། བཅོམ་ལྡན་འདས་འདི་ལྟར་ཕུང་པོ་ལྔ་པོ་གང་དག་ལགས་པ་དེ་ཉིད་སྒྱུ་མའི་སྐྱེས་བུར་རིག་པར་བགྱི་བ་ལགས་པའི་སླད་དུའོ། ཞེས་གསུངས་སོ།།
དྲུག་པ་ཡོངས་འཛིན་བཤད་པ་ལ། ནང་གི་ཡོངས་འཛིན་ཐབས་མཁས། ཕྱིའི་ཡོངས་འཛིན་དགེ་བཤེས། དེའི་མི་མཐུན་ཕྱོགས་ངོས་བཟུང་བའོ། །
དང་པོ་ནི། ཆོས་ཐམས་ཅད་ཀྱི་རང་བཞིན་སྤྲོས་བྲལ་ཆོས་ཀྱི་དབྱིངས་ལ་སེམས་དང་པོར་མི་འགོང་པ་ཉིད་དང་བར་དུ་མི་དངངས། མཐར་ཤིན་ཏུ་སྐྲག་པར་མི་འགྱུར་བའི་བྱང་ཆུབ་སེམས་དཔའ་སྦྱོར་ལམ་པའི་ཐབས་མཁས་དེ་རང་རྒྱུད་ལྡན་གྱི་བྱང་སེམས་སྦྱོར་ལམ་པའི་གང་ཟག་དེ་སྲིད་ཞིའི་མཐའ་ལས་ཡོངས་སུ་འཛིན་པར་བྱེད་པའི་ཐབས་ཤེས་ཁྱད་པར་ཅན་དང་ལྡན་པའི་ལམ་ཡིན་པས་ན་བྱང་སེམས་སྦྱོར་ལམ་པའི་ནང་གི་ཡོངས་འཛིན་ཡིན་ནོ། །མདོར། བྱང་ཆེན་པོ་མི་འཇིགས་མི་དངང་སྐྲག་པར་མི་འགྱུར་རོ། །ཞེས་སོགས་སོ། །དེ་ཡང་མདོ་ལུགས་མ་ལས། དེས་ན་ཐབས་ལ་མཁས་པ་ཉིད་ཡོངས་འཛིན་ཡིན་ནོ། །འདི་ཉིད་ནི་རྣམ་པ་བཞི་སྟེ། སློབ་དཔོན་དབུ་མ་པ་ཆེན་པོ་དབྱིག་གཉེན་གྱི་ཞལ་སྔ་ནས། ཐབས་ལ་མཁས་པ་དེ་ཡང་རྣམ་བཞིར་བསྟན་ཏེ། ཆོས་ཐམས་ཅད་ལ་སོ་སོར་རྟོག་པའི་ཐབས་ལ་མཁས་པ་དང༌། ཕ་རོལ་ཕྱིན་དྲུག་ཡོངས་སུ་རྫོགས་པར་བྱ་བའི་ཐབས་ལ་མཁས་པ་དང༌། དགེ་བའི་བཤེས་གཉེན་ལ་བརྟེན་པའི་ཐབས་ལ་མཁས་པ་དང་། སྡིག་པའི་གྲོགས་པོ་སྤོང་པའི་ཐབས་ལ་མཁས་པའོ། །ཞེས་གསུངས་སོ། །འབུམ་ཊིཀ་ལས་ཀྱང་དེ་བཞིན་ནོ། །ཞེས་གསུངས་སོ། །
གཉིས་པ་ཕྱིའི་ཡོངས་འཛིན་ནི། བྱང་སེམས་སྦྱོར་ལམ་པ་ལ་ཐབས་ཤེས་ཁྱད་པར་ཅན་གྱི་ལམ་སྟོན་པའི་དགེ་བའི་བཤེས་གཉེན་དེ་ཡིན་ནོ། །
གསུམ་པ་དེའི་མི་མཐུན་ཕྱོགས་ལ། ནང་གི་ཡོངས་འཛིན་གྱི་མི་མཐུན་ཕྱོགས་དང་། ཕྱིའི་ཡོངས་འཛིན་གྱི་མི་མཐུན་ཕྱོགས་གཉིས་ལས།
དང་པོ། ནང་གི་ཡོངས་འཛིན་ཐབས་མཁས་ཀྱི་མི་མཐུན་ཕྱོགས་ནི། ཕར་ཕྱིན་ནས་མ་འདྲེས་པའི་བར་དུ་མཚན་མར་དམིགས་ཏེ་བསྒོམ་ཞིང་རློམ་པ་སོགས་ཐབས་མི་མཁས་པ་དེའོ། །ཐབས་མི་མཁས་པས་ཡུམ་ཟབ་མོ་འདི་ཐོས་ན་དངང་སྐྲག་ཀུན་ཏུ་སྐྲག་པས་ཟིན་པར་འགྱུར་རོ། །
གཉིས་པ། ཕྱིའི་ཡོངས་འཛིན་དགེ་བཤེས་ཀྱི་མི་མཐུན་ཕྱོགས་ནི། རྣམ་པ་གསུམ་སྟེ། མདོ་སྡེ་འདི་དག་ནི་རང་བཟོར་བྱས་པ་སྟེ་མཉན་པར་མི་བྱའོ་སོགས་གཞུང་སྤོང་བའི་སྡིག་གྲོགས་དང། ཕྱིན་དྲུག་ལས་བཟློག་ཅིང་མོས་པ་མེད་པར་བྱེད་སོགས་ལམ་སྤོང་བའི་སྡིག་གྲོགས་དང་། ཉན་ཐོས་ཀྱི་བྱང་ཆུབ་མངོན་དུ་གྱིས་བླ་མེད་བྱང་ཆུབ་ཀྱིས་ཁྱོད་ལ་ཅི་ཞིག་བྱ་ཞེས་ཟེར་བ་དེ་ལྟ་བུའི་བདུད་ལས་མི་སྨྲ་མི་སྟོན་པ་འདི་ནི་འབྲས་བུ་སྤོང་བའི་སྡིག་གྲོགས་རྣམས་ཡིན་ནོ། རྩ་བར། སེམས་མི་འགོང་པ་ཉིད་ལ་སོགས། །ངོ་བོ་ཉིད་མེད་སོགས་སྟོན་བྱེད། །དེ་ཡི་མི་མཐུན་ཕྱོགས་བོར་བ། །རྣམ་པ་ཀུན་ཏུ་ཡོངས་འཛིན་ཡིན། །ཞེས་པའི་དོན་ནི། སེམས་མི་འགོང་པ་སྟེ་སྐྲག་པ་ཉིད་དང་ལ་སོགས་པའི་སྒྲས་དངང་བ་དང་ཤིན་ཏུ་དངང་བར་འགྱུར་བ་ནི་རིམ་པ་ལྟར་སྐྲག་པ་ཆུང་དང་འབྲིང་དང་ཆེན་པོའི་ངོ་བོར་གནོད་འཇོམས་ལས་གསུངས་སོ། །ཐབས་ལ་མི་མཁས་པ་སྐྲག་པ་ལ་སོགས་པར་འགྱུར་བའི་རྒྱུ་ནི་སྐབས་འདིར། ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་རང་བཞིན་ཤེར་ཕྱིན་ཟབ་མོའི་ཐེག་ཆེན་བསྟན་པ་འདི་ཐོས་པ་ཡིན་ནོ། །རྒྱུ་གཞན་ཡང་མེད་པ་ནི་མ་ཡིན་ཏེ། རིགས་མེད་པ་དང་གྲོགས་ངན་པ་དང་། སྔོན་དགེ་བ་མ་བསགས་པ་དང་། ཐེག་ཆེན་གྱི་ཆོས་ལ་བློ་གྲོས་མ་སྦྱངས་པ་སྟེ། བཞི་པོ་འདི་ཡང་ངོ་། ཉེས་དམིགས་ཡང་ཆེ་སྟེ། སྐྲག་མི་དགོས་པ་འདི་ལ་སྐྲག་པ་ནི། སྡིག་པའི་ཕུང་པོ་ཆེན་པོ་བསགས་པའི་ཕྱིར་དུས་ཡུན་རིང་དུ་ངན་སོང་དུ་གདུང་བར་བྱེད་པར་འགྱུར་རོ། །རང་བཞིན་སྟོང་པ་ཉིད་ཀྱི་ཤེར་ཕྱིན་བསྟན་པ་འདི་ཐོས་ན་སེམས་མི་འགོང་བ་ཉིད་ལ་སོགས་པའི་རྒྱུ་ཐབས་ལ་མཁས་པ་ནི་ཆོས་ཐམས་ཅད་ལ་ངོ་བོ་ཉིད་མེད་པར་སོ་སོར་རྟོག་པའི་དང༌ཐབས་ལ་མཁས་པ་། སོགས་པའི་སྒྲས་ཕར་ཕྱིན་དྲུག་རྫོགས་པར་བྱ་བའི་ཐབས་ལ་མཁས་པ་དང་། ཐེག་ཆེན་ཕྱིན་ཅི་མ་ལོག་པར་སྟོན་བྱེད་ཀྱི་དགེ་བའི་བཤེས་གཉེན་ལ་བརྟེན་པའི་ཐབས་ལ་མཁས་པ་དང། བཤེས་གཉེན་དེའི་མི་མཐུན་ཕྱོགས། སྡིག་པའི་གྲོགས་པོ་བོར་བའི་ཐབས་ལ་མཁས་པ་སྟེ། དུས་དང་རྣམ་པ་ཀུན་ཏུ་ཡོངས་འཛིན་གྱི་ངོ་བོར་གྱུར་པ་ནི་དེ་ཡིན་ནོ། །དེས་ན་དགེ་བའི་བཤེས་གཉེན་གྱི་ངོ་བོ་ཡོངས་སུ་འཛིན་པ་པོ་ཐུན་མོང་པ་ཡིན་ཡང་། ཉན་རང་ལས་ཁྱད་པར་དུ་འཕགས་པའི་ཡོངས་འཛིན་གྱི་ངོ་བོ་ནི་བྱང་ཆུབ་སེམས་དཔའི་ཐབས་ལ་མཁས་པ་གང་ཡིན་པ་དེ་ཡིན་པར་མདོ་ལུགས་མ་ལས་གསུངས་སོ། །ཕར་ཕྱིན་མདོ་ལུགས་མ་་དང་ཊཱིཀ་ལས་བཏུས་པའི་ངེས་འབྱེད་ཡན་ལག་གི་སྐོར་བློ་གསར་འཐད་ལྡན། ཞེས་བྱ་བ་བཤད་ཟིན་ཏོ། །མཁས་མཆོག་དེ་དག་གི་བཞེད་དགོངས་ནི་ཟབ་ཅིང་རྒྱ་ཆེ་བས་ཇི་བཞིན་དཔོག་དཀའ་བ་མ་ཟད་བློ་ལ་ཤར་བ་ཙམ་ཡང་དཀའ་མོད། ས་བཅད་མ་སྟོང་ཙམ་དུ་ཕར་ཕྱིན་མདོ་ལུགས་མ་དང་ཊཱིཀ་ལས་གསུངས་པ་རྣམས་འདིར་བ་བཀོད་པ་ཙམ་ཡིན་པས་གཟུར་གནས་མཁས་དབང་རྣམས་ཀྱིས་སླར་དཔྱད་པར་བྱའོ།། །།