༄༅། །བདག་འཛིན་གཤེད་མའི་སྲོག་རྩ་གཅོད་པའི་མན་ངག །

མཛད་པ་པོ། རྗེ་བཙུན་ངག་དབང་ཡོན་ཏན་བཟང་པོ།

དེ་ཡང་རྒྱ་གར་ཕ་དམ་པ་དང་མ་ཅིག་ལབ་ཀྱི་སྒྲོན་མའི་གདམས་པ་ལྟར། ཇོ་ནང་རྗེ་བཙུན་སྒྲོལ་བའི་མགོན་པོ་སོགས་དམ་པ་གོང་མའི་མན་ངག་ལྟར་ཆུ་མིག་བརྒྱ་རྩ་འགྲིམ་དུས་ལ། བདག་འཛིན་གཤེད་མའི་སྲོག་རྩ་གཅོད་པའི་མན་ངག །མགོ་ལོག་ཁང་རྒན་ངང་བ་ཆོས་རྡོར་གྱིས་ཞུས་པ་ལྟར་བཀའ་བསྩལ་པ་ཡང་།

སྤྱིར་ངན་སོང་གསུམ་དུ་སྐྱེ་བའི་རྩ་བ་དང་། གཅོད་པས་འདུལ་རྒྱུའི་ལྷ་འདྲེ་ནི། ཕྱི་ཡུལ་ན་ཡོད་པ་མ་ཡིན་པར་ནང་སེམས་ལས་འབྱུང་བ་ཡིན། ཕྱི་འཁྲུལ་སྣང་ལྷ་འདྲེའི་གཟུགས་སུ་སྣང་བ་ཐམས་ཅད་ཀྱང་ནང་རྣམ་རྟོག་དང་ང་བདག་ཏུ་འཛིན་པའི་སྙེམ་བྱེད་ཀྱི་རྩ་བ་མ་ཆོད་པ་ལས་བྱུང་བ་ཡིན་ཏེ། མ་ཅིག་གི་ཞལ་ནས་ཀྱང་། ཐོགས་བཅས་བདུད་དང་ཐོགས་མེད་བདུད། །དགའ་བྲོད་བདུད་དང་སྙེམ་བྱེད་བདུད། །དེ་ཡང་སྙེམ་བྱེད་བདུད་ལ་ཐུག །ཅེས་གསུངས་པ་ལྟར་འདྲེ་ཞེས་བྱ་བ་དེ་བདག་འཛིན་སྙེམ་བྱེད་འདི་ལ་འདུས་པ་ཡིན།

གཞན་ཡང་། འདྲེ་མང་པོ་བྱ་བ་འདུ་ཤེས་ཡིན། །འདྲེ་ངར་མ་བྱ་བ་ངར་འཛིན་ཡིན། །འདྲེ་རྒོད་པོ་བྱ་བ་རྣམ་རྟོག་ཡིན། །འདྲེ་དེ་དག་ཆོད་ན་གཅོད་པ་ཟེར། །ཞེས་གསུངས་པ་ལྟར་མ་རིག་པ་དང་འཁྲུལ་སྣང་ཐམས་ཅད་ཀྱི་རྩ་བ་བདག་འཛིན་ལས་བྱུང་བ་ཡིན་པས། བདག་གཅེས་འཛིན་རྩ་བ་ནས་གཅོད་པ་ལ། ཉག་གཅིག་རྩད་ནས་གཅོད་པ་དོན་གྱི་གཅོད་ཅེས་གསུངས་པ་ལྟར། བདག་གཅེས་འཛིན་གྱི་རྩ་བ་མ་ཆོད་པར་ཕྱི་འཁྲུལ་སྣང་ལས་ཤར་བའི་འདྲེ་བསད་པས་མི་སོད། བརྡུངས་པས་མི་ཐུབ། མནན་པས་མི་ནོན། བསྐྲད་པས་མི་འགྲོ་སྟེ། དཔེར་ན་མེ་མ་སྤངས་བར་དུ་བ་སྤང་མི་ནུས་པ་ལྟར། ནང་སྙེམ་བྱེད་ཀྱི་རྩ་བ་མ་ཆོད་པར་དེའི་རྩལ་ལས་ཤར་བའི་ཕྱི་འཁྲུལ་སྣང་གི་ལྷ་འདྲེ་མེད་པར་མི་འགྱུར་ཏེ། བྲག་སྲིན་མོས་ཀྱང་རྗེ་བཙུན་ལ། འདྲེ་སེམས་ཀྱི་རྩ་བར་མ་ཤེས་ན། །འདྲེ་ང་བས་མི་ཚད་གཞན་ཡང་ཡོད། །ཁྱོད་སོང་ཞིག་བྱས་པས་ང་མི་འགྲོ། །ཞེས་དང་། འདྲེ་འདྲེ་རུ་བཟུང་ན་གནོད་པ་ཡིན། །འདྲེ་སེམས་སུ་ཤེས་ན་གྲོལ་བ་ཡིན། །ཞེས་སོགས་གསུངས་པ་ལྟར། ནང་འདྲེར་འཛིན་གྱི་རྣམ་རྟོག་འདི་རྩ་བ་ནས་གཅོད་པ་གལ་ཆེ་བ་མ་གཏོགས། འདྲེ་གསོད་པ་མིན། འདྲེ་རྡུང་པ་མིན། འདྲེ་སྐྲོད་པ་མིན། འདྲེ་གནོན་པ་མིན། འདྲེ་རླག་པ་མིན། དེས་ན་གཅད་བྱ་ཕྱི་ན་མེད་པར་ནང་ན་ཡོད་པར་ཤེས་པ་འདི་གནད་དམ་པ་ཡིན།

གཞན་ཡང་འཕྲིན་ལས་ཀྱི་རྣོ་སོ། དྲག་ཤུལ་གྱི་ནུས་མཐུ། གཏོར་ཟོར། རྡོ་ཟོར། རྭ་ཟོར། མདའ་ཟོར་སོགས་ཀྱི་རྩེ་ཐམས་ཅད་ཕྱིར་ལ་མི་སྐོར་བར། ནང་ཉོན་མོངས་པའི་དམག་དཔུང་སྟེང་དུ་བསྐོར་ནས། ལས་ཉོན་འདི་བཅོམ་པའི་ཐབས་ཁོ་ནར་འབད་པ་ནི་རང་རེའི་ཆོས་ལུགས་ཡིན་ཏེ། མི་ལའི་ཞལ་ནས། ངའི་ཆོས་ལུགས་འདི་བདག་འཛིན་རྩད་ནས་བཅད་དེ་ཆོས་བརྒྱད་རླུང་ལ་བསྐུར་ནས། བདུད་བཞི་ཁ་སྐྱེངས་སུ་འཇུག་པའི་ཆོས་ལུགས་འདི་ང་ཡི་ཆོས་ལུགས་ཡིན་གསུངས་པ་ལྟར། ཆོས་ཉམས་སུ་བླངས་ཚད་ཀྱི་བློ་ཁ་ནང་ལ་བསྐོར་ནས། ནང་ངར་འཛིན་དང་ཉོན་མོངས་པ་དུག་གསུམ་གྱི་རྟོག་ཚོགས་ཐམས་ཅད་བཅོམ་པའི་ཐབས་མཐུ་རྩལ་ནུས་པ་ཡོད་དགུ་རྩལ་སྤྲུགས་སུ་བྱེད་པ་ནི་གལ་གནད་ཆེ་བ་ཡིན་ཏེ། སྲུངས་ཤིག་སྐྱོབས་ཤིག་བརྒྱ་ཟེར་བ་ལས་ཀྱང་། ཟོ་ཞིག་ཁྱེར་ཅིག་གཅིག་གིས་ དགའ་བ་ཡིན། ལྷ་སྲུང་བརྒྱ་ར་མདར་སྦྲན་པ་ལས་ཀྱང་ལྷ་འདྲེ་བརྒྱ་ལ་ཤ་ཁྲག་གིས་སྦྱིན་པ་བྱས་པས་དགའ་བ་ཡིན།

ཇི་སྐད་དུ། ནད་པ་འདྲེ་ལ་གཏད་པ་ཡིན། །སྐྱེལ་མ་དགྲ་ལ་བཅོལ་བ་ཡིན། །སྲུངས་ཤིག་སྐྱོབས་ཤིག་བརྒྱ་ལས་ཀྱང་། །ཟོ་ཞིག་ཁྱེར་ཅིག་གཅིག་གིས་དགའ། །ཨ་མ་ཇོ་མོའི་ཆོས་ལུགས་ཡིན། །ཞེས་གསུངས་པ་ལྟར། ནང་རྣམ་རྟོག་གི་རྩ་བ་གཅོད་ཕྱིར། བྱིང་རྒོད་སྐྱོན་གྱིས་ནམ་ཡང་མ་གོས་པར་རང་བབས་བསམ་མེད་ཀྱི་རྣལ་འབྱོར་འདི་འཛིན་གཏད་ཀྱི་སྒྲོག་གིས་མ་བཅིངས་པར། རྒྱ་ཡན་གྱི་རིག་པ་རང་བབས་སུ་མ་བཅོས་ལྷུག་གེར་གནས་པ་ན། ཕྱི་ཡུལ་ལ་ཆེད་དུ་མི་གཏད། ནང་དུ་སེམས་པ་དང་ཡང་བྲལ་བ་སོགས། མདོར་ན་བློས་བྱས་ཀྱི་ཆ་ཐམས་ཅད་དང་བྲལ་བའི་གསལ་སྟོང་ནམ་མཁའ་ལྟ་བུའི་རྣལ་འབྱོར་འདི་ཡང་ཀུན་གཞིའི་གཉུག་མའི་ཡེ་ཤེས་སམ། ཆོས་ཉིད་བདེ་གཤེགས་སྙིང་པོ་བདེ་སྟོང་ཟུང་འཇུག་ཕྱོགས་ལ་བློ་ཁ་ཕྱོགས་པ་ཙམ་གྱིས། འཁོར་རྩ་བདག་གཅེས་འཛིན་བློས་བྱས་ཀྱི་རྣམ་རྟོག་འདི་གཞོམ་པའི་ཐབས་མཆོག་ཁྱད་པར་དུ་འཕགས་པ་ཡིན་པར་གསུངས་པ་སོགས། བླ་མའི་མན་ངག་ལ་བརྟེན་ནས། ནང་རྡོ་རྗེ་ལུས་ལ་གནད་དུ་བསྣུན་ཏེ། ལམ་ཉམས་ལེན་ལ་འབད་ནུས་ན། ཉི་ཟླའི་རྒྱུ་བ་རང་འགགས་སུ་འགྲོ་བ་དང་། རླུང་སེམས་སོགས་དབུ་མར་ འཇུག་པས། འཕྲལ་དུ་བདེ་གསལ་མི་རྟོག་པའི་ཉམས་མྱོང་རྒྱུན་ཆད་མེད་པར་འོང་བ་ཡིན།

དེས་ན་ཕྱི་འཁྲུལ་སྣང་ལྷ་འདྲེ་བགེགས་ཀྱི་རྣམ་པ་ལྟར་སྣང་བ་ལ། བདེན་བདེན་དང་ཡིན་ཡིན་གྱིས་རྒྱབ་སྐྱོར་མི་བྱ་བར། ཐམས་ཅད་ཀྱང་རྨི་ལམ་དང་སྒྱུ་མ་ལྟ་བུའི་རྣམ་རོལ་ཏུ་རྩལ་སྦྱང་། གནས་སྐབས་སུ་གནོད་བྱ་དང་གནོད་བྱེད་ལྟར་སྣང་བའི་ནད་པ་དང་ལྷ་འདྲེ་གཉིས་ཀ་ཡང་། སྔོན་ལས་ངན་པ་དང་འཁྲུལ་སྣང་གི་རྒྱུ་ལས་བྱུང་ཞིང་། གནོད་བྱ་དང་གནོད་བྱེད་དུ་འབྲེལ་བ་ཡིན་པས་ན། ཉེ་རིང་ཆགས་སྡང་མི་བྱ་བར་བྱམས་པ་དང་སྙིང་རྗེ། བྱང་ཆུབ་ཀྱི་སེམས་བསྐྱེད་པའི་སྒོ་ནས་ཁོ་རང་གི་རྒྱུད་ཀྱི་ཞེ་སྡང་དང་གདུག་རྩུབ་ཞི་སྟེ། ཤེས་རྒྱུད་དམ་པའི་ཆོས་ལ་བཀོལ་བའི་ཐབས་ཆོས་བཤད་དང་སྨོན་ལམ་རྣམ་དག་གི་དགེ་རྩ་སྦྱིན་པར་བྱ་སྟེ། ཁེ་དང་རྒྱལ་ཁ་གཞན་ལ་བྱིན། །གྱོང་དང་བུབ་ཁ་རང་གིས་བླང་། །བདག་ལ་དེ་དག་སྡིག་སྨིན་ཅིང་། །བདག་དགེ་མ་ལུས་དེར་སྨིན་ཤོག །བྱ་བ་གང་བྱས་ཐམས་ཅད་གཞན་དོན་ཁོ་ན་མ་གཏོགས། རང་དོན་གྱི་བསླད་མ་ཞུགས་པ་ནི་གནད་འགག་ཆེ་བ་གཅིག་ཡིན།

ཇི་སྐད་དུ། ལྷ་མེད་འདྲེ་མེད་ལྟ་བའི་གདེང་། །ཡེངས་མེད་འཛིན་མེད་བསྒོམ་པའི་གནད། །བླང་མེད་དོར་མེད་སྤྱོད་པའི་གནད། །རེ་མེད་དོགས་མེད་འབྲས་བུའི་གནད། །ཟེར་བ་ལྟར། གཅད་བྱ་གཅོད་བྱེད་ཐམས་ཅད་ཆོས་ཉིད་མཉམ་པ་ཉིད་ཀྱི་ཀློང་དུ་གྱུར་ན། ནང་སྙེམ་བྱེད་གདོན་གྱི་རྩ་བ་མཐར་ཐུག་དོན་གྱི་ཆོད་ཚད་མངོན་དུ་འགྱུར་བ་ཡིན་ནོ། །

ཡོང་ཁུངས། «རྗེ་བཙུན་ངག་དབང་ཡོན་ཏན་བཟང་པོའི་མཛད་རྣམ་ཟླ་ཉི་བརྒྱ་ཡི་སྣང་བ།» སྨད་ཆ།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།