རྣམ་རྟོག་དྲི་མའི་རྡུལ་དང་བྲལ་ཡང་དངོས་པོ་ཀུན་གྱི་གཤིས་བཞུགས་པ། །
རྣམ་བཞག་རིག་པས་མཚོན་དུ་མེད་ཀྱང་ཆོས་འཁོར་གསུམ་ཀའི་བརྗོད་བྱ་ཉིད།།
མཁས་སོ་ཟེར་ཡང་ཁྱོད་རང་གླེང་དུས་མཁས་པའི་ཐ་སྙད་ཟད་པའི་གཞི།།
འཁོར་འདས་ཀུན་གྱི་བདག་ཉིད་དམ་པ་རྒྱལ་ཡུམ་ཤེར་ཕྱིན་དེ་ལ་འདུད།།
གདོད་མའི་གནས་ལུགས་རྟག་བརྟན་གཡུང་དྲུང་རྣམ་བཞག་རིགས་པས་མཚོན་མེད་ཅིང་།།
རྣམ་བཞག་ཉིད་ལ་ལྟོས་པ་མེད་པར་འདུལ་བྱའི་བློ་ལ་འཆར་མེད་གང་།།
ཐམས་ཅད་འགལ་མེད་གཅིག་ཅར་མ་ལུས་འདུལ་བྱར་འཚམས་པོར་སྟོན་མཛད་པའི་།།
ཐབས་མཁས་ཐུགས་རྗེའི་བདག་ཉིད་དམ་པ་ཤཀྱའི་རྒྱལ་པོར་སྙིང་ནས་གུས།།
གདོད་མའི་ངོ་བོ་བྱམས་པའི་རང་བཞིན་བཅུ་དྲུག་ལང་ཚོའི་གཟི་དཔལ་ཅན།།
རྒྱལ་གསུང་ཟབ་མོའི་དགོངས་དོན་མཐའ་དག་ཐུགས་ཀྱི་མཚོ་མོར་རབ་བསྐྱིལ་བའི་།།
ས་ལམ་མངོན་རྟོགས་རྒྱལ་བ་ཉིད་ཀྱིས་མན་ངག་འཇོ་བའི་སྲས་པོ་མཆོག།
རྒྱལ་ཚབ་དམ་པ་བྱམས་པའི་མཚན་གྱིས་ལས་འདི་བགྱིད་པའི་སྤོབས་པ་སྩོལ།།
ས་ལམ་མངོན་རྟོགས་རིམ་གྱིས་བགྲོད་ནས་ཤེར་ཕྱིན་ཟབ་མོའི་དེ་ཉིད་དོན།།
རྒྱལ་བ་དངོས་ཀྱི་གསུང་རྒྱུན་མ་ཆད་འཆད་མཁས་དམ་པ་གང་བཞུགས་དང་།།
སྟོན་པའི་ཞལ་ནས་བསྟན་པ་གསལ་བར་ཡང་ཡང་ལུང་གིས་རབ་བསྔགས་པའི་།།
འགྲན་པའི་ཟླ་བྲལ་རྟོན་པ་བཞི་ལྡན་ཀུན་མཁྱེན་དོལ་པོས་བྱིན་གྱིས་རློབས།།
ཟབ་མོ་མདོ་ཡི་དགོངས་འགྲེལ་དམ་པ་ཤེར་ཕྱིན་མངོན་པར་རྟོགས་པའི་རྒྱན། །
ཐོགས་མེད་ཡབ་སྲས་ཉིད་ཀྱིས་མཛད་པའི་དགོངས་འགྲེལ་བསྟན་བཅོས་ལ་བརྟེན་ནས།།
གཞན་སྟོང་ཆེན་པོའི་ལུགས་སུ་འགྲེལ་བའི་ཀུན་མཁྱེན་སྒྲོལ་མགོན་ཡབ་སྲས་ཀྱིས།།
མན་ངག་འཇོ་མཛད་བླ་རྒྱུད་བཅས་རྣམས་བདག་གི་སྙིང་དབུས་བཞུགས་སུ་གསོལ།།
ཆོས་གཅིག་ཉིད་ལ་རྣམ་བཞག་དུ་མ་ཡིས།།
རྣམ་བཞག་ཉིད་ལས་རྣམ་བཞག་ཐོར་ཚུལ་ཞིག།།
དཔལ་ལྡན་བླ་མའི་མན་ངག་རྒྱ་མཚོ་ལས།།
སྤུར་རྩེའི་ལོངས་ཚོད་ཙམ་ཞིག་བཤད་པར་སྤྲོ།།
གླེང་སློང་བའི་གཞི།
མངོན་རྟོགས་རྒྱན་ལས།
སྦྱིན་པ་ལ་སོགས་རེ་རེས་ཀྱང་། །
ཟག་མེད་ཆོས་ཀུན་བསྡུས་པའི་ཕྱིར། །
ཐུབ་པའི་སྐད་ཅིག་གཅིག་པ་ཡི། །
རྟོགས་པ་འདི་ནི་ཤེས་པར་བྱ། ། ཞེས་པ་སྟེ།།
དེ་ལ་འདིར་སྐབས་ཐོབ་ཀྱི་བཤད་པར་བྱ་བ་ནི་ཤེར་ཕྱིན་གྱི་མདོ་ལས་དངོས་བསྟན་སྟོང་ཉིད་ཀྱི་རིམ་པ་གསལ་བར་བསྟན་ཀྱང་། འདུལ་བྱའི་རྒྱུད་ལ་ལམ་མངོན་རྟོགས་ཀྱི་རིམ་པ་སྐྱེ་ཚུལ་རྣམས་སྦས་ནས་གསལ་བོར་མ་གསུངས་པ་དེས་ན། ཤེར་ཕྱིན་གྱི་མདོའི་སྦས་དོན་མངོན་རྟོགས་ཀྱི་རིམ་པ་ལས་འཕྲོས་ཏེ། གང་ཟག་གཅིག་ལམ་རིམ་གྱིས་བགྲོད་ནས་སྐུ་བཞིའི་གོ་འཕང་འཐོབ་པར་བྱེད་པ་ལ་ལམ་གྱི་ངོ་བོ་དང་། དབྱེ་བ། རྒྱུད་ལ་སྐྱེ་ཚུལ་གྱི་རིམ་པ་རྣམས་ངེས་པར་ཤེས་དགོས་ལ། མ་ཤེས་ན་དེ་ཐོབ་པར་མི་ནུས་པས། རྒྱལ་བའི་རྒྱལ་ཚབ་ཆེན་མོ་རྗེ་བཙུན་བྱམས་པ་མགོན་པོས་སྦས་དོན་མངོན་རྟོགས་ཀྱི་རིམ་པ་གསལ་བར་བྱེད་པའི་ཡུམ་གྱི་འགྲེལ་བ་བསྟན་བཅོས་མངོན་རྟོགས་རྒྱན་མཛད་པ་ཡིན་ལ། བསྟན་བཅོས་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་ཡི་སྦས་དོན་མངོན་རྟོགས་ཀྱི་རིམ་པ་གསལ་བར་བྱེད་པའི་བསྟན་བཅོས་མཆོག་ཏུ་གྱུར་པ་དེ་ཡིན་པས། དེའི་ནང་གི་དངོས་པོ་བརྒྱད་ཀྱི་བདུན་པ་སྐད་ཅིག་མའི་སྦྱོར་བ་ནི། བྱང་ཆུབ་སེམས་དཔའི་ལམ་གྱི་མཐར་ཐུག་པ་དང་འབྲས་བུ་ཆོས་སྐུའི་དངོས་རྒྱུ་ཡིན་པས། འདིའི་ངོས་འཛིན་དང་རྟོགས་བྱ་རྟོགས་ཚུལ་ལ་གྲུབ་མཐའ་སོ་སོར་བཞེད་པ་ཅུང་ཟད་མི་འདྲ་བ་རེ་ཡོད་ན་ཡང་། དེ་དག་མང་ཆེ་བ་སློབ་དཔོན་སེང་བཟང་ལྟར་དབུ་མ་རང་རྒྱུད་པའི་ལུགས་སུ་འཆད་ལ།
དེ་ལས་གཞན་དུ་ཇོ་ནང་རང་ལུགས་སམ་ཀུན་མཁྱེན་དོལ་པོ་སངས་རྒྱས་ཀྱི་ལུགས་ནི་སློབ་དཔོན་སེང་བཟང་གི་ལུགས་ལས་བརྒལ་ཏེ། ཤིན་ཏུ་ཟབ་པའི་མདོའི་[དངོས་བསྟན་བྱའི་གཙོ་བོའི་སྟོང་ཉིད]་བསྟན་དོན་དངོས་ངེས་དོན་གྱི་གནད་རྣམས་ཚང་ལ་མ་ནོར་བ་[གཞན་སྟོང་དབུ་མའི་ལུགས་]སུ་འཆད་པས་འདིར་དེའི་ཐོག་ཅུང་ཟད་དཔྱད་པའི་སྒོ་ནས་འབྲི་བར་བྱའོ། །
དེ་ལ་དང་པོ་ནི།།
སྐད་ཅིག་མའི་སྦྱོར་བའི་ངོ་བོ་བཤད་པ་དང་དབྱེ་བ་བཤད་པའོ།།
དང་པོ། སྐད་ཅིག་མའི་སྦྱོར་བའི་ངོ་བོ་བཤད་པ་ལ།
མདོར་བསྟན་དང་རྒྱས་པར་བཤད་པ་གཉིས་ལས།
དང་པོ་ནི།
དེ་ཡང་གོང་དུ་བཤད་པ་ལྟར་སྐད་གཅིག་མའི་སྦྱོར་བ་ནི་བྱང་ཆུབ་སེམས་དཔའི་ལམ་གྱི་མཐར་ཐུག་པ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་གི་དངོས་རྒྱུ། འབྲས་བུ་ཆོས་སྐུ་རྫོགས་པར་མངོན་དུ་བྱེད་པ་ལ་སྦྱོར་བ་སྐད་གཅིག་མ་ཙམ་ལས་མི་ཐོགས་པ་ཞིག་ཡིན་པར་གཅིག་མཚུངས་ལྟར་དང་། །ཀུན་རྫོབ་ཀྱི་སྣང་བ་ཡོངས་སུ་འགགས་ནས་དོན་དམ་འབའ་ཞིག་གི་སྣང་བ་འཆར་བའི་དངོས་རྒྱུ་ཐུན་མོང་མ་ཡིན་པའོ་། ། { འདིར་དངོས་རྒྱུ་ཞེས་པ་ནི་ཆོས་ཉིད་ཀྱི་བཤད་པ་མིན་པར་དེ་རྫོགས་པར་མངོན་དུ་གྱུར་པའི་ཀུན་རྫོབ་གཞན་བྱུང་གི་རྣམ་མཁྱེན་གྱི་ཡིན་པ་གོ་དགོས་སོ།།}
གཉིས་པ་རྒྱས་པར་བཤད་པ་ལ། ཇི་ལྟར་སྟོན་པ་དང་བསྟན་པའི་མཚན་ཉིད་བཤད་པ་གཉིས་ལས།
དང་པོ།
དེ་ཡང་བདག་ཅག་གི་སྟོན་པ་མཉམ་མེད་ཟས་གཙང་གི་སྲས་པོས་ཉམ་ཐག་པའི་འགྲོ་བ་འདི་རྣམས་གནས་དང་གནས་མིན་མི་མཁྱེན་པའི་དབང་གིས་རྒྱུ་གང་གིས་འབྲས་བུ་བདེ་བ་སྟེར་བ་དང་རྒྱུ་གང་གིས་འབྲས་བུ་སྡུག་བསྔལ་སྟེར་བར་མ་རྟོགས་པས་བདེ་བ་དོན་དུ་གཉེར་ནས་ཇི་ཙམ་འབད་ན་ཡང་ཐོབ་བྱ་སྡུག་བསྔལ་མ་གཏོགས་པ་ཅི་ཡང་མེད་པ་ནི། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས། “བདེ་བ་འདོད་ཀྱང་གཏི་མུག་པས།། རང་གི་བདེ་བ་དགྲ་ལྟར་འཇོམས། །སྡུག་བསྔལ་འདོར་འདོད་སེམས་ཡོད་ཀྱང་།། སྡུག་བསྔལ་ཉིད་ལ་མངོན་པར་རྒྱུགས། །” ཞེས་གསུངས་པ་བཞིན་བདེ་བའི་དོན་དུ་འབད་འབད་པའི་འབྲས་བུ་སྡུག་བསྔལ་ཁོ་ན་མྱོང་བར་གཟིགས་པའི་ཐུགས་སྙིང་རྗེའི་གཞན་དབང་གིས་མ་བཟོད་པར་འགྲོ་བ་རྣམས་འདི་ལྟ་བུའི་སྡུག་བསྔལ་གྱི་འཁོར་ལོ་ལས་བསྒྲལ་བའི་དོན་དུ་དཀའ་བ་དྭངས་བླངས་དང་ངལ་བ་ཁྱད་གསོད་ཀྱིས་བསྐལ་ཆེན་གྲངས་མེད་གསུམ་དུ་ཚོགས་གཉིས་བསགས་ནས་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་མངོན་དུ་བྱས་ཏེ། ཆོས་ཐམས་ཅད་ཀྱི་གནས་ལུགས་ནི་[ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ]་དོན་དམ་བདེ་བར་གཤེགས་པའི་སྙིང་བོ་འདི་ཉིད་ལས་གཞན་པ་[ཆོས་ཅན་ཀུན་རྫོབ་པ་]ཐམས་ཅད་ནི་རྟོག་པས་བརྟགས་ཙམ་དང་མིང་བརྡས་བཞག་ཙམ་ལས་སེམས་ཅན་གྱི་བློ་ངོའི་བཟུང་བ་ལྟར་དོན་གནས་ལུགས་སུ་གྲུབ་པ་གཅིག་ཀྱང་མེད་པར་རྟོགས་པ་ཡིན་ལ། སེམས་ཅན་རྣམས་ཀྱིས་ནི་དེ་ལྟར་མ་རྟོགས་པ་ཁོ་ནས་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོར་ལྟུང་བ་སྟེ།། དབུ་མ་ཐེག་མཆོག་ལས། “འཛིན་པ་གཉིས་ཀྱིས་རབ་འཇུག་སྟེ།། ཡོངས་སུ་ཤེས་པས་ལྡོག་པར་འགྱུར།།”ཞེས་དང “འདི་དོན་མ་རྟོགས་རྨོངས་ཤིང་འཁྲུལ་བ་ལས། །གཞི་དུས་གློ་བུར་འཁོར་བའི་ཆོས་རྣམས་ཤར།།” ཞེས་གསུངས་པའི་ཕྱིར་དང་། བདག་ཅག་གི་སྟོན་པ་གང་ཉིད་ཀྱིས་སངས་རྒྱས་མ་ཐག་ཐོག་མར་། {མདོ་རྒྱ་ཆེར་རོལ་པ།།} “ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །བདུད་རྩི་ལྟ་བུའི་ཆོས་ཤིག་ཁོ་བོའི་རྙེད། །སུ་ལ་བསྟན་ཀྱང་གོ་བར་མི་ནུས་པས། །མི་སྨྲ་ནགས་འདབ་ཉིད་དུ་གནས་པར་བྱ། །” ཞེས་ཆོས་ཐམས་ཅད་ཀྱི་གནས་ལུགས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་”ཟབ་པ་”་”ཞི་བ”་”སྤྲོས་པ་དང་བྲལ་བ”་འོད་གསལ་ཡིན་པ་”འདུས་མ་བྱས་ཡིན་པ”་བཅས་ཁྱད་ཆོས་ལྔ་དང་ལྡན་པའི་ཆོས་ཉིད་ཤེར་ཕྱིན་ནི་གནས་ལུགས་དམ་པ་སྟེ་འཚང་རྒྱ་བ་ལ་ངེས་པར་འདི་ཉིད་ཁོ་ན་རྫོགས་པར་རྟོགས་མ་རྟོགས་ལ་རགས་ལས་པ་ཡིན་པ་དེའི་ཕྱིར། ཁྱད་ཆོས་ལྔ་ལྡན་གྱི་སྒོ་ནས་ཆོས་ཉིད་དོན་དམ་བདེ་བར་གཤེགས་པའི་སྙིང་བོ་དེ་སངས་རྒྱས་མ་ཐག་བདུད་རྩི་ལྟ་བུའི་ཆོས་ཤིག་གི་ཚུལ་དུ་བསྟན་པ་དེས་ཀྱང་[རྒྱུན་མཐའི་སྐད་གཅིག་མའི་སྦྱོར་བས་དེ་མ་ཉིད་ཀྱི་རྫོགས་པར་རྟོགས་བྱ་ཡང་འདི་ཉིད་ཡིན་པ་]ཤེས་ནུས། [དེས་ན་འདི་ནི་ཆོས་འཁོར་གསུམ་ཀའི་བརྗོད་བྱ་དངོས་སམ་དོན་གྱི་བརྗོད་བྱའི་གཙོ་བོ་ཡིན་ནོ།]
དེ་ལྟར་འདུལ་བྱ་རྣམས་ཀྱིས་སྟོན་པ་རང་ཉིད་ཀྱིས་གང་རྟོགས་པའི་གནས་ལུགས་ཁ་ཐུག་གིས་རྟོགས་མི་ནུས་པར་གཟིགས་ནས་འདུལ་བྱའི་བློ་དང་འཚམས་པར་ཆོས་བསྟན་པ་ལས་གང་ཟག་གཅིག་གི་རྒྱུད་སྦྱོངས་ཚུལ་གྱི་དབང་དུ་བྱས་ནས། དུས་དང་པོར་བདེན་པ་བཞིའི་ཆོས་ཀྱི་འཁོར་ལོ་དང་། བར་བ་ཤེར་ཕྱིན་གྱི་ཆོས་ཀྱི་འཁོར་ལོ་དང་། མཐའ་མར་ལེགས་པར་རྣམ་པར་ཕྱེ་བའི་ཆོས་ཀྱི་འཁོར་ལོ་བཅས་འཁོར་ལོ་རིམ་པ་གསུམ་འདུལ་བྱར་ཐུན་སྣང་དུ་བསྐོར་བ་ལས་ཡུལ་བྱ་རྒོད་ཕུང་པོའི་རི་སོགས་སུ་བཀའ་བར་བ་ཤེར་ཕྱིན་གྱི་མདོ་[ཟབ་མདོ་དང་ཤེར་ཕྱིན་བྱམས་བཞུས་]སོགས་ནས་དངོས་བསྟན་སྟོང་ཉིད་ཀྱི་རིམ་པའི་སྒོ་ནས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་རྣམ་པར་མི་རྟོག་པ་དོན་དམ་པའི་ཡེ་ཤེས་ཆོས་ཐམས་ཅད་ཀྱི་གནས་ལུགས་སུ་བསྟན་པ་དང་། དེའི་འགྲེལ་བར་རྒྱལ་བའི་རྒྱལ་ཚབ་རྗེ་བཙུན་བྱམས་པ་མགོན་པོས་སྦས་དོན་མངོན་རྟོགས་ཀྱི་རིམ་པའི་སྒོ་ནས་དོན་དམ་པའི་གནས་ལུགས་དེ་ཁོ་ན་ཉིད་མངོན་དུ་བྱེད་པའི་ཚུལ་གསལ་བོར་སྟོན་པའི་བསྟན་འཅོས་མངོན་པར་རྟོགས་པའི་རྒྱན་ལས་དངོས་པོ་བརྒྱད་དང་དོན་བདུན་ཅུའི་སྒོ་ནས་ལམ་མཁྱེན་པ་གསུམ་དང་ཉམས་སུ་ལེན་པའི་སྦྱོར་བ་བཞིའི་སྒོ་ནས་གང་ཟག་གཅིག་འཚང་རྒྱ་བའི་ལམ་གྱི་རིམ་པ་གསལ་བོར་བསྟན་པ་ཡིན་ལ།
དེ་ཡང་བཀའ་བར་བ་ཤེར་ཕྱིན་གྱི་མདོ་ལས་དངོས་སུ་བསྟན་པའི་སྟོང་ཉིད་ནི་ཡུམ་ཤེར་ཕྱིན་དོན་དམ་པ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཉིད་ཡིན་ཏེ།། 1ཉ་ཊིཀ་ལས། “འཁོར་ལོ་རིམ་པ་གསུམ་གྱི་སྒོ་ནས་བརྒྱད་ཁྲི་བཞི་སྟོང་གི་ཆོས་ཀྱི་ཕུང་པོ་གསུངས་ཤིང་དེ་རྣམས་ལས་ཀྱང་ཆོས་ཀྱི་རང་སྤྱིའི་མཚན་ཉིད་བདེན་པའི་རང་བཞིན་མེད་པར་སྟོན་པའི་མཚན་ཉིད་མེད་པའི་ཆོས་ཀྱི་འཁོར་ལོ་རྒྱས་འབྲིང་བསྡུས་གསུམ་སོགས་ཤེར་ཕྱིན་གྱི་མདོ་རྣམས་ཁྱད་པར་དུ་འཕགས་ལ། དེ་རྣམས་ཀྱི་དགོངས་པ་འགྲེལ་པའི་བསྟན་བཅོས་ལ་ཤིང་རྟའི་སྲོལ་འབྱེད་བཞིར་གྲགས་ཏེ། འཕགས་པ་ཀླུ་སྒྲུབ་ཀྱིས་རྒྱལ་བའི་ཡུམ་གྱི་སྙིང་པོའི་དོན་གཙོ་བོར་སྟོན་པ་དབུ་མ་རིགས་ཚོགས་མཛད་དེ། རྩ་ཤེས། སྟོང་ཉིད་བདུན་ཅུ་པ། རིགས་པ་དྲུག་ཅུ་པ། ཞིབ་མོ་རྣམ་འཐག རྩོད་བཟློག ཐ་སྙད་གྲུབ་པ་སྟེ་དྲུག་ལས་ཕྱི་མ་བོད་དུ་མ་འགྱུར་རོ། །དེ་ཡང་སྙིང་པོའི་དོན་ནི་ཀུན་རྫོབ་འདི་ཀུན་དཔྱད་ན་བདེན་པའི་རང་བཞིན་མེད་པར་གྱུར་པའི་ཆོས་ཉིད་རང་བཞིན་གྱིས་འོད་གསལ་བ་སྟེ་ཆད་སྟོང་མིན་ཅིང་ཡོན་ཏན་གྱི་ཆོས་བསམ་གྱིས་མི་ཁྱབ་པ་ཅན་ཞིག་སྟེ་བདེར་གཤེགས་སྙིང་པོ་ཡིན་ནོ། །“ཞེས་ཡུམ་བར་བ་ནས་དངོས་སུ་བསྟན་པའི་དངོས་བསྟན་བསྟན་བྱའི་གཙོ་བོའི་སྟོང་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོ་དེ་གཞན་སྟོང་ཡིན་པར་བསྟན་པ་དང་།
དེ་ཡང་ཉི་ཁྲི་སོགས་ལ་ཁུངས་གཏུགས་པ་ཡིན་ཏེ།
2 ཉི་ཁྲིའི་ལེའུ་དྲུག་བཅུ་པ་ལས། “ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་ཡང་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གལ་ཏེ་ཆོས་ཐམས་ཅད་དངོས་པོ་མ་མཆིས་པའི་ངོ་བོ་ཉིད་ལགས་ན། དོན་ཅི་ཞིག་མཐོང་ཞིང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་རྣམས་ཀྱི་དོན་གྱི་སླད་དུ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འཇུག་པ་ལགས། ཞེས་དྲིས་པའི་ལན་དུ་།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཇི་ལྟར་ཆོས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་ཡིན་པ་དེ་ལྟར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འཇུག་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དམིགས་པ་ནི་རྒྱ་ཆུང་བ་སྟེ། དམིགས་པའི་འདུ་ཤེས་ཅན་ཐོབ་པ་མེད་དོ། །མངོན་པར་རྟོགས་པ་མེད་དོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མེད་དོ། ། ཞེས་པ་སོགས་ནས། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་དེ་ལྟར་སྤྱོད་པ་ནི། སེམས་བསྐྱེད་པ་གཅིག་གིས་ཕ་རོལ་དུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱེད་དོ། །” ཞེས་སོགས་ནས་སྐད་གཅིག་མའི་སྦྱོར་བ་འདི་བྱུང་བ་ཡིན་ཏེ།
ཀུན་མཁྱེན་ཆེན་པོའི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་གྱི་འགྲེལ་བ་ཕར་ཕྱིན་མདོ་ལུགས་མ་ལས། “ཉི་ཁྲིའི་ལེའུ་དྲུག་ཅུ་པར། སེམས་བསྐྱེད་པ་གཅིག་གིས་སྦྱིན་སོགས་ནས་མཚན་དཔེའི་བར་རྫོགས་པར་བྱེད། ཅེས་དང་། ཟག་པ་མེད་པའི་སེམས་ལ་གནས་ཤིང་སྦྱིན་པ་གཏོང་ཞེས་སོགས་ཀྱི་དོན། སྦྱིན་པ་ལ་སོགས་རེ་རེས་ཀྱང་། །ཟག་མེད་ཆོས་ཀུན་བསྡུས་པའི་ཕྱིར། །ཐུབ་པའི་སྐད་ཅིག་གཅིག་པ་ཡི། །རྟོགས་པ་འདི་ནི་ཤེས་པར་བྱ། །ཇི་ལྟར་སྐྱེས་བུས་ཟོ་ཆུན་རྒྱུད། །རྡོག་ཐབས་གཅིག་གིས་བསྐྱོད་པ་ན། །ཐམས་ཅད་གཅིག་ཆར་འགུལ་བ་ལྟར། །སྐད་ཅིག་གཅིག་ཤེས་དེ་བཞིན་ནོ། །ཞེས་པ་ལ། །” ཞེས་དང།། 3 ཡང་ཀུན་མཁྱེན་ཆེན་པོའི་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པའི་བཤད་པ་ཞེས་བྱ་བ་ལས་ཀྱང་། །”སྦྱིན་པ་ལ་སོགས་རེ་རེས་ཀྱང་། །ཟག་མེད་ཆོས་ཀུན་བསྡུས་པའི་ཕྱིར། །ཐུབ་པའི་སྐད་ཅིག་གཅིག་པ་ཡི། །རྟོགས་པ་འདི་ནི་ཤེས་པར་བྱ། །ཇི་ལྟར་སྐྱེས་བུས་ཟོ་ཆུན་རྒྱུད། །རྡོག་ཐབས་གཅིག་གི་བསྐྱོད་པ་ན། །ཐམས་ཅད་གཅིག་ཆར་འགུལ་བ་ལྟར། །སྐད་ཅིག་གཅིག་ཤེས་དེ་བཞིན་ནོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། ཕྲེང་གཉིས་ན། ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་འཛིན་པ་ལགས། ཞེས་བྱ་བ་ལ་སོགས་པ་ཞུས་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་ཟིན་པར་སྦྱིན་པ་བྱིན་ན། ཞེས་བྱ་བ་བརྗོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་ཟིན་པའི་ཕྱིར། སེམས་ཅན་ཐམས་ཅད་ཀྱང་གཅིག་ཏུ་འགྱུར་རོ། །ཞེས་བསྟན་པའོ། །ཞེས་དབུ་མ་པ་གསུངས།” ཞེས་གསུངས་སོ།།
དེ་ཡང་སྐད་གཅིག་མའི་་སྦྱོར་བ་ནི་རྣམ་རྫོགས་སྦྱོར་བ་སོགས་ནས་ཙམ་སྟེ་སྒོམ་པའི་མཁྱེན་གསུམ་གྱིས་བསྡུས་པའི་ཆོས་ཐམས་ཀྱི་རྣམ་པ་མ་ལུས་པ་སྤྲོས་བྲལ་དུ་བསྡུས་ནས་སྒོམ་པ་མཐར་ཐུག་པ་སྟེ་ཆོས་གཅིག་ཡིད་ལ་བྱས་མ་ཐག་གཞན་ཀུན་གྱི་རྣམ་པ་ཡང་རྩོལ་མེད་དུ་གཅིག་ཅར་སྤྲོས་བྲལ་དུ་ཤར་འོང་བའི་བློ་ཞིག་ཡིན་པར་བཤད་པ་སྟེ། ཉི་ཁྲི་ལས། “རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་དེ་ལྟར་སྤྱོད་པ་ནི། སེམས་བསྐྱེད་པ་གཅིག་གིས་ཕ་རོལ་དུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱེད་དོ། །” ཞེས་སོ། །
དེའི་ཕྱིར་བཀའ་འཁོར་ལོ་བར་བ་ནས་ཀྱང་ཆོས་ཉིད་སྟོན་ཀྱང་མཐའ་མའི་སྟོན་ཚུལ་དང་མི་འདྲ་བར་བཀའ་བར་བའི་སྐབས་ཆོས་ཉིད་དོན་དམ་ཤེར་ཕྱིན་ཉིད་སྤྲོས་པ་དང་བྲལ་བའི་ཆ་ནས་གཙོ་བོར་བསྟན་པ་དང་མཐའ་མར་ཆོས་ཉིད་སྤྲོས་པ་དང་བྲལ་བའི་གཞིའི་ཆ་ནས་གཙོ་བོར་བསྟན་པས། ཇོ་ནང་བའི་ཡིག་ཆ་དག་ལས་ཆོས་ཉིད་ལ་སྟོང་གཞི་ཞེས་ཐ་སྙད་སྤྱོད་པ་ཡིན་ནོ། ། སྤྲོས་པ་ཞེས་པ་ནི་ཡུལ་རང་ངོས་ནས་མ་ཡིན་པར་བློ་རྣམ་རྟོག་གིས་ཕར་སྤྲོས་པ་སྟེ་ཕར་བརྟགས་པ་ཙམ་ཞིག་ལ་འཇོག་པ་ཡིན་པ་སྟེ། དེ་ཡང་ཕྱོགས་རྒྱལ་བའི་འཁྲུལ་འཇོམས་ཆེ་བ་ལས། ། སྤྲོས་པ་དང་བྲལ་བའི་དེ་བཞིན་ཉིད་རང་གི་ངོ་བོས་མི་སྟོང་ཞེས་པ་ནས་གདོད་མ་ཉིད་ནས་དབེན་པའམ་སྟོང་པ་ནི་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་ཞེས་བྱ་བ་ཡིན་ཏེ། ཐེག་བསྡུས་ཀྱི་བཤད་སྦྱར་ལས།། སྤྲོས་པ་ཞེས་བྱ་བ་ནི་ཀུན་རྫོབ་སྟེ་སྒྲ་དང་འཇིག་རྟེན་པའི་ཤེས་པས་བསྡུས་པ་སྟེ་ཞེས་སོགས་ནས། དེ་མེད་པའི་ཕྱིར་སྤྲོས་པ་མེད་པ་ཉིད་དེ་ཞེས་བཤད་པ་ལྟར་རོ། ། ཞེས་གསུང་པ་དེས་ན་སྤྲོས་པ་ནི་གཞན་སྟོང་ཞེས་པའི་གཞན་དང་བྲལ་བ་ནི་སྟོང་ཞེས་པ་དེའི་དོན་ཡིན་པས། སྤྲོས་བྲལ་ཞེས་པ་ནི་གཞན་སྟོང་དང་གཞན་སྟོང་ཞེས་པ་ཡང་སྤྲོས་བྲལ་ཞེས་པའི་དོན་དུ་གནད་གཅིག་གོ །སྤྱིར་གཞན་སྟོང་གི་ངོ་བོ་ནི། རྒྱུད་བླ་མའི་གསུང་ལྟར་གོ་བར་བྱ་ལ། དེ་ཡང་། “རྣམ་དབྱེར་བཅས་པའི་མཚན་ཉིད་ཅན།། གློ་བུར་དག་གིས་ཁམས་སྟོང་གི །རྣམ་དབྱེར་མེད་པའི་མཚན་ཉིད་ཅན། །བླ་མེད་ཆོས་ཀྱིས་སྟོང་མ་ཡིན། །”ཞེས་པ་འདིའོ་།། དེ་ལྟར་སྐད་གཅིག་མའི་སྦྱོར་བས་ནི་ཀུན་རྫོབ་ཆོས་ཅན་པ་ཐམས་ཅད་དོན་དམ་པའི་དངོས་པོ་མ་མཆིས་པར་ཆོས་ཉིད་ཁོ་ན་དོན་དམ་པའི་གནས་ལུགས་སུ་གྲུབ་པར་སྐད་ཅིག་མ་ཅིག་གིས་རྫོགས་པར་རྟོགས་པར་བྱེད་པ་ཡིན། འོ་ན་སྐད་ཅིག་མའི་སྦྱོར་བའི་སྐད་ཅིག་མ་གཅིག་གིས་རྫོགས་པར་མངོན་དུ་བྱེད་པའི་ཆོས་ཉིད་དེ་ཇི་ལྟར་གཞན་སྟོང་ཡིན་ཞེ་ན། ཀུན་མཁྱེན་ཆེན་པོས་རི་ཆོས་སུ། 4 དེ་བཞིན་དུ་ཐར་བ་ཐམས་ཅད་ཀྱིས་སྟོང་བ་མ་ཡིན་གྱི་ཉེས་པ་ཐམས་ཅད་དང་བྲལ་བའི་ཕྱིར་ཐར་བ་སྟོང་བ་ཞེས་བྱའོ་། །ཞེས་གསུངས་སོ།།
དེས་ན་སྐད་ཅིག་མའི་སྦྱོར་བ་འདིས་བདུད་བཞི་ཕྲ་རགས་དང་བཅས་པ་འཇོམས་ཞིང་དེས་ན་འདི་སྒོམ་སྤང་ཕྲ་མོའི་ཕྲ་མོ་འཇོམས་པའི་དངོས་གཉེན་བར་ཆད་མེད་ལམ་ཡིན་ལ། དེ་དུས་ཀུན་གཞིའི་བག་ཆགས་ཀྱི་སྣང་བ་ཡོངས་སུ་ལྡོག་པར་བྱས་ནས་དོན་དམ་འབའ་ཞིག་གི་སྣང་བ་ལུས་པར་བྱེད་དོ། །དེ་ཡང་དབུ་མ་ཐེག་མཆོག་ལས། “དེ་ཕྱིར་འདི་སྤངས་རྫོགས་ན་སངས་རྒྱས་ཉིད།།”ཞེས་དང་ “ཤེལ་གྱི་སྔོན་པོ་བཅོམ་པས་ཤེལ་ཞིག་ལྟར་། །དེ་ཚེ་ཆོས་ཉིད་འབའ་ཞིག་ལུས་པར་ཟད། །ཞེས་དང་། ཆོས་ཉིད་རྣམ་འབྱེད་ལས། དེ་སྣང་ཆོས་ཉིད་མི་སྣང་ཞིང་། །དེ་མི་སྣང་བས་ཆོས་ཉིད་སྣང་། །”ཞེས་པ་སོགས་ཀྱིས་གསལ་ལོ། །དེ་ལྟ་བུའི་སྐད་གཅིག་མའི་སྦྱོར་བ་དེས་སྤྲོས་པ་ཐམས་ཅད་དང་བྲལ་བའི་ཆོད་ཉིད་དེ་སྐད་ཅིག་མ་གཅིག་གིས་རྟོགས་ཚུལ་ནི། སྔར་སྒོམ་ལམ་གྱི་སྐབས་དག་ནས་ཀྱང་འདི་ཉིད་བསྒོམས་པས་ཡིན་པ་ནི།
5 མདོ་ལུགས་མ། ༈ སྐབས་བཞི་པའི་འགྲེལ་པ་ལས། “རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པའི་དངོས་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་བཤད་པ།༈ ད་ནི་རྣམ་པ་ཀུན་མངོན་པར་རྫོགས་པར་རྟོགས་པའི་དངོས་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་བཤད་པར་བྱ་སྟེ། འདི་ལ་བཅུ་ཡོད་པ་ལས། དང་པོ་རྣམ་པ་སྟོན་པ་ལ་མདོར་བསྟན་པ་དང་། རྒྱས་པར་བཤད་པ་གཉིས་ལས།༈ རྣམ་པ་སྟོན་པ་ལ་མདོར་བསྟན་པ།༆ དང་པོ་ནི། གཞི་ཤེས་པ་ཡི་བྱེ་བྲག་རྣམས། །རྣམ་པ་ཞེས་བྱ་མཚན་ཉིད་དེ། །ཀུན་མཁྱེན་ཉིད་ནི་རྣམ་གསུམ་ཕྱིར། །དེ་ནི་རྣམ་པ་གསུམ་དུ་འདོད། །ཞེས་སོ། །རྣམ་པ་འདི་རྣམས་སྦྱོར་བ་བཞིས་གང་ལ་བསླབ་པར་བྱ་བའི་ཡུལ་མཁྱེན་པ་གསུམ་གྱི་བདག་ཉིད། གཞི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆོས་དབྱིངས་ཟབ་མོ་གཅིག་གི་རྣམ་པ་ཡིན་པའི་ཕྱིར། ལམ་ཆོས་སུ་འཆད་པ་དང་། བཟང་ངན་དུ་མར་འབྱེད་པ་དང་། སྒོམ་ཚུལ་སྣ་ཚོགས་ཀྱི་ཆོས་སུ་འཆད་པ་ནི་མདོ་དང་མི་མཐུན་ནོ། །མདོ་ལས། རབ་འབྱོར་གྱི་དམ་བཅས་པ་དང་བཅོམ་ལྡན་འདས་ཀྱིས་གཏན་ཚིགས་གསུངས་པའི་སྒོ་ནས་ཤེར་ཕྱིན་གཅིག་འབའ་ཞིག་གི་རྣམ་པ་བསྟན་པའི་ཕྱིར་རོ། །” ཞེས་དང་། ཡང་མདོ་ལུགས་མ་ལས། སྒོམ་ལམ་གྱི་རང་བཞིན་བསྟན་པའི་སྐབས། “དང་པོ་སྒོམ་ལམ་ཟབ་པར་བསྟན་པ་ནི། ཉི་ཁྲིའི་ལེའུ་ཞེ་གཅིག་པར། བྱང་ཆུབ་སེམས་དཔའ་གང་ལ་གནས་ནས་སངས་རྒྱས་ཀྱི་ཆོས་ཐམས་ཅད་རྫོགས་པར་བྱེད་པའི་གནས་ཟབ་མོ་ནི་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། འདུ་བྱ་བ་མེད་པ་དང་། སྐྱེ་བ་མེད་པ་དང་། འདོད་ཆགས་དང་བྲལ་བ་དང་། འགོག་པ་དང་། མྱང་འདས་དང་། ཞི་བ་དང་། དེ་བཞིན་ཉིད་དང་། ཡང་དག་པའི་མཐའ་དང་། ཆོས་ཀྱི་དབྱིངས་ཀྱི་ཚིག་བླ་དྭགས་སོ། །ཞེས་སོགས་ཀྱི་དོན། སྒོམ་པའི་ལམ་ནི་ཟབ་པ་སྟེ། །ཟབ་མོ་སྟོང་པ་ཉིད་ལ་སོགས། །ཟབ་པ་དེ་ནི་སྒྲོ་འདོགས་དང་། །སྐུར་བའི་མཐའ་ལས་གྲོལ་བ་ཉིད། །”ཞེས་སྒོམ་ལམ་གྱི་ངོ་བོ་ཟབ་པར་བསྟན་ནས། དེ་ཉིད་ཇི་ལྟར་བསྒོམ་པའི་ཚུལ་ནི། ཡང་འདི་ཉིད་ལས། “གཉིས་པ་ཇི་ལྟར་བསྒོམ་པའི་ཚུལ་ནི། མདོ་ལས། ཤེར་ཕྱིན་ལ་ཇི་སྐད་བསྟན་པ་བཞིན་དུ་ཤེར་ཕྱིན་དང་ལྡན་པའི་གནས་ཟབ་མོ་འདི་དག་སེམས་པ་དང་འཇལ་བ་དང་རྟོགས་པར་བྱེད་ན་གྲངས་མེད་ཚད་མེད་དཔག་ཏུ་མེད་པའི་དགེ་བ་འཛིན་ཞེས་སོགས་ཀྱི་དོན། ངེས་འབྱེད་ཡན་ལག་དང་མཐོང་བའི། །ལམ་དང་སྒོམ་པའི་ལམ་ཉིད་ལ། །ཡང་དང་ཡང་དུ་སེམས་པ་དང་། །འཇལ་དང་ངེས་རྟོག་སྒོམ་པའི་ལམ། །ཞེས་པ་ལ། མདོ་ལས། རབ་འབྱོར་ཁྱོད་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དོན་དུ་དེ་བཞིན་གཤེགས་པ་ལ་གནས་ཟབ་མོ་རྣམས་འདྲི་བར་སེམས་པ་ལེགས་སོ། །ཞེས་གསུངས་པའི་ཕྱིར། ངེས་འབྱེད་ཡན་ལག་ནས་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་བསྟན་པས། ཟབ་མོ་སྒོམ་ཚུལ་ཡང་དེ་ནས་གཟུང་སྟེ་བསྟན་དགོས་པ་དེས་ན་ངེ༷ས་འབྱེ༷ད་ཡ༷ན་ལ༷ག་གི་གནས་སྐབས་ཉིད་ལ་ཟབ་མོ་དེ་དག་ལ་ཡང་དང་ཡང་དུ་སེ༷མས་པ༷་ད༷ང་། མཐོ༷ང་བ༷འི་ལ༷མ་གྱི་གནས་སྐབས་སུ་ཟབ་མོ་དེ་དག་ཉིད་ལ་ཡང་དང་ཡང་དུ་འཇ༷ལ་བ་ད༷ང་། སྒོ༷མ་པ༷འི་ལ༷མ་གྱི་གནས་སྐབས་སུ་ཟབ་མོ་དེ་དག་ཉི༷ད་ལ༷་ཡ༷ང་ད༷ང་ཡ༷ང་དུ༷་ངེ༷ས་པར་རྟོ༷ག་པའི་བྱེད་པ་ནི། གནས་སྐབས་དེ་དག་ཏུ་ཚུལ་ཇི་ལྟར་བསྒོམ་ན། དེ་ལྟར་སྒོ༷མ་པ༷འི་ལ༷མ་ཡིན་ནོ། །” ཞེས་དང་།
6 རྗེ་བཙུན་ཏཱ་ར་ནཱ་ཐའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོའི་མདོ་རྣམ་པར་བཤད་པ་སྔོན་མེད་ལེགས་བཤད་ལས།
“སྒོམ་ལམ་ལམ་ཤེས་དེ་ཡང་ཇི་ལྟ་བུ་སྙམ་ན། ཇི་སྐད་དུ། དེ་ཡི་ངོ་བོ་ཉིད་མཆོག་ཉིད། །ཀུན་ལ་མངོན་པར་འདུ་མི་བྱེད། །ཆོས་རྣམས་དམིགས་སུ་མེད་པར་ནི། །གཏོད་བར་བྱེད་པ་དོན་ཆེན་ཉིད། །ཅེས་གསུངས་ཏེ། མདོ་ལས་ཀྱང་། ཤེར་ཕྱིན་ནི་ཤིན་ཏུ་རྣམ་པར་དག་པའི་སླད་དུ་སྣང་བར་བགྱིད་པའོ། །ཞེས་སོགས་དང་། སྒྲུབ་པ་མེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒྲུབ་པར་བྱའོ། །ཞེས་སོགས་གསུངས་པ་ལྟར། མུན་པ་ལྟ་བུའི་གཟུང་འཛིན་གྱི་སྣང་བ་སངས་ཤིང་། ཡེ་ཤེས་ཀྱི་སྣང་བ་རྒྱས་པའི་ཆོས་དབྱིངས་རྣམ་པ་ཀུན་ལྡན་ལ་མཉམ་པར་འཇོག་པ་ནི། སྒོམ་ལམ་མཉམ་གཞག་དེའི་ངོ་བོ་ཉིད་ཡིན་ལ། དེ་ནི་དགེ་ཆོས་རྣམས་ཐམས་ཅད་ཀྱི་མཆོག་ཡིན་ཅིང་། གཟུགས་སོགས་ཀུན་རྫོབ་ཀུན་ལ་སྒྲུབ་པ་མངོན་པར་འདུ་མི་བྱེད་ཅིང་ཐོབ་པར་ཡང་མི་བྱེད་ལ། ཆོས་དེ་རྣམས་དམིགས་པ་མེད་པའི་དབྱིངས་སུ་གཏད་པས། དོན་དམ་གྱི་དབྱིངས་དེར་ཐིམ་པར་བྱེད་པའི་ཁྱད་ཆོས་དང་ལྡན་པ་སྟེ། འདི་ནི་མཉམ་གཞག་སྒྲུབ་པ་སྒོམ་ལམ་ཞེས་བྱ་ཞིང་། རྗེས་ཐོབ་ཏུ་མོས་པ་དང་། བསྔོ་བ་དང་རྗེས་སུ་ཡི་རང་གསུམ་ལ་སློབ་དགོས་པ་དེ་ནི་མཚོན་བྱེད་དེ། ཐབས་མཁས་ཀྱི་སྒོ་ཐམས་ཅད་ལ་ཡང་བསླབ་པར་བྱའོ། །”ཞེས་གསུང་པ་དང་།
དེ་ཡང་ཐེག་པ་གསུམ་ཀའི་རྟོགས་རིགས་སྒོམ་པ་མཐར་ཕྱིན་་པར་བྱས་ནས་ཆོས་ཀུན་སྦྱོར་བ་བཞིའི་སྒོ་ནས་རང་བཞིན་གྱིས་མ་གྲུབ་པར་མཁྱེན་གསུམ་གྱི་རྣམ་པ་སྤྲོས་བྲལ་དུ་བསྡུས་ནས་སྒོམ་པའི་སྒོ་ནས་བསྒོམ་པ་མཐར་ཕྱིན་པ་སྟེ། ཆོས་ཐམས་ཅད་སྐད་ཅིག་མ་གཅིག་ལ་ཅིག་ཅར་དུ་རྟོགས་པར་བྱེད་པའི་བློ་ཞིག་བསྐྲུན་པར་འབད་པ་ཡིན། ། དེ་ཡང་རྣམ་འགྲེལ་ལས། “དེ་ཕྱིར་ཡང་དག་ཡང་དག་མིན། །གང་གང་ཤིན་ཏུ་གོམས་གྱུར་པ། །གོམས་པ་ཡོས་སུ་རྫོགས་པ་ན། །དེ་གསལ་མི་རྟོག་བློ་འབྲས་ཅན། །”ཞེས་གསུངས་པ་ལྟར།། སྐད་གཅིག་མའི་སྦྱོར་བ་ནི། །སྤང་བྱ་མེད་ཀྱང་སྤངས་རྟོགས་ཡོངས་སུ་མ་རྫོགས་པའི་དུས་ཏེ་རང་དོན་རྟོགས་པ་རྫོགས་པར་འབད་པ་ཕྲ་མོ་སྐད་གཅིག་མ་གཅིག་གིས་རྫོགས་ནུས་པ་ཡིན། དེ་རྫོགསས་པའི་བློ་ནམ་རྒྱུད་ལ་སྐྱེས་པ་དེའི་ཚེ་སངས་རྒྱས་པ་ཞེས་བརྗོད།
གཉིས་པ་ནི་མཚན་ཉིད་བཤད་པ་དང་དེའི་དོན་དང་ས་མཚམས་བཤད་པའོ། །
དང་པོ།
སྐད་ཅིག་མའི་སྦྱོར་བའི་མཚན་ཉིད་ནི། མཁྱེན་གསུམ་བསྡུས་ནས་སྒོམ་པའི་མཐར་ཐུག་པའི་སྦྱོར་བ་དེ་དེའི་མཚན་ཉིད་ལ་འཇོག་པ་ཡིན་ཏེ། ཕར་ཕྱིན་ཉ་ཊྰིཀ་ཡིད་ཀྱི་མུན་གསེལ་ལས། “དེས་ན་མཚན་ཉིད། མཚོན་བྱ། གཞི་གསུམ་ལས། དང་པོ་ནི་། གསུམ་བསྡུས་སྒོམ་མཐར་ཐུག་པའི་སྦྱོར་བའོ་། །” ཞེས་གསུངས་པའི་ཕྱིར་རོ།།
གཉིས་པ་དེའི་དོན་བཤད་པ་ལ། དེ་ལ་སྐད་གཅིག་མའི་སྦྱོར་བའི་ཚིག་ཟུར་གྱི་སྐད་གཅིག་མ་བཤད་པ་དང་། དེའི་ཚིག་ཟུར་གྱི་སྦྱོར་བ་བཤད་པ་དང་གཉིས་ལས། དང་པོ་ནི་སྤྱིར་སྐད་གཅིག་མ་ཞེས་པ་དེ་ལ་བྱ་རྫོགས་ཀྱི་སྐད་གཅིག་མ་དང་དུས་མཐའི་སྐད་གཅིག་མ་གཉིས་ཡོད་པ་ཡིན་ཞིང་།
འདིར་སྐད་གཅིག་མའི་སྦྱོར་བའི་ཚིག་ཟུར་གྱི་སྐད་གཅིག་མ་ཞེས་པ་ནི་དུས་མཐའི་སྐད་གཅིག་མ་དང་བྱ་རྫོགས་ཀྱི་སྐད་གཅིག་མ་སོགས་གང་ལ་ངོས་འཛིན་བྱེད་མིན་ཐད་ལ་མཁས་པ་སོ་སོའི་འདོད་ཚུལ་ཆེན་པོ་ཡོད་མིན་ནི་ཁོ་བོས་མ་མཐོང་ལ། སྤྱིར་བྱ་རྫོགས་ཀྱི་སྐད་གཅིག་མ་ནི་བྱ་བ་ཞིག་མགོ་བརྩམས་ནས་མཇུག་མ་རྫོགས་ཀྱི་བར་ལ་འཇོག་པ་དང་། དུས་མཐའི་སྐད་གཅིག་མ་ནི་སྐྱེས་བུ་སྟོབས་ལྡན་གྱིས་ལན་གཅིག་སེ་གོལ་གཏོགས་པའི་ཡུན་ལ་སྐད་ཅིག་མ་དྲུག་ཅུ་རྩ་ལྔ་ཕྱེ་བའི་མཐའ་མའི་ཡུན་ལ་འཇོག་ན་ཡང་། །
དེ་གཉིས་མི་འགལ་བ་ཡིན་པ་ནི་འདི་ལྟར་ཏེ། སངས་རྒྱས་ཀྱི་རྒྱུད་ཀྱི་རྣམ་མཁྱེན་སྐད་གཅིག་མ་དང་པོ་ལྟ་བུ་དེ་བྱ་རྫོགས་ཀྱི་སྐད་གཅིག་མ་དང་དུས་མཐའི་སྐད་གཅིག་མ་གཉིས་ཀ་ཡིན་པའི་ཕྱིར་རོ། །
ཇོ་ནང་རང་ལུགས་སམ་ཀུན་མཁྱེན་དོལ་པོ་ཡབ་སྲས་ཀྱིས་བཞེད་པ་ལྟར་ན། འདིའི་[སྐད་ཅིག་མ]་ཞེས་པ་ནི་[བྱ་རྫོགས་ཀྱི་སྐད་ཅིག་མ་ལ]་ངོས་འཛིན་དགོས་ཏེ། དེ་ནི་དབང་ཐོབ་པའི་བྱང་ཆུབ་སེམས་དཔའི་བསམ་པའི་དབང་ལས་སྐད་ཅིག་མ་གཅིག་ལ་བསྐལ་པར་བྱིན་གྱིས་བརླབ་ནུས་པས། བསྒྲུབ་བྱའི་བྱ་བ་ཡོངས་སུ་རྫོགས་པའི་ཡུན་ལ་གོ་དགོས་པའི་ཕྱིར། དེ་ལས་གཞན་དུ་གྱུར་པའི་དུས་མཐའི་སྐད་ཅིག་མ་(དུས་ཡུན་ཤིན་ཏུ་ཐུང་བའི་ཆ་)ཙམ་དང་མི་འདྲ་བའི་ཁྱད་པར་གལ་ཆེན་ཞིག་ཡིན། དེའི་ཕྱིར་ས་བཅུའི་རྒྱུན་མཐའི་སྐད་གཅིག་མ་དེ་ལ་གཉིས་ཀ་ཡོད་ན་ཡང་བྱ་རྫོགས་ཀྱི་སྐད་གཅིག་མར་ངོས་འཛིན་བྱེད་པ་ནི་དབང་ཐོབ་པའི་བྱང་ཆུབ་སེམས་དཔའ་དེའི་ཀུན་སློང་ལ་རག་ལས་པའི་ཚུལ་གྱིས་ཡིན་པ་ནི་གོང་དུ་བཤད་པ་ལྟར། ཉ་ཊྰིག་ལས་ཀྱང་། “འོ་ན་སྐད་གཅིག་མ་གང་རྡུལ་ཕྲ་བའི་མཐར་ཐུག་པ་གཅིག་གོ་ས་གཅིག་ནས་གཞན་གཅིག་དུ་ལན་གཅིག་འཕོས་པའི་ཡུན་དུས་མཐའི་འམ་སྐྱེས་བུ་སྟོབས་ལྡན་གྱིས་ལན་གཅིག་སེ་གོལ་གཏོགས་པའི་ཡུན་ལ་སྐད་ཅིག་མ་དྲུག་ཅུ་རྩ་ལྔ་འདའ་བའི་འམ། ཆོས་ཤེས་སུམ་བརྒྱ་དྲུག་ཅུ་རྩ་བརྒྱད་ཟེར་རོ། སྐྱེས་བུའི་འདོད་དོན་སྒྲུབ་པའི་བྱ་བ་བརྩམས་ནས་དེ་གྲུབ་ཀྱི་བར་ལྟ་བུ་བྱ་རྫོགས་ཀྱི་སྐད་ཅིག་ལ་བྱེད། དང་པོ་གཉིས་ལྟར་ན་ཧ་ཅང་ཡུན་ཐུང་བས་ཇི་ལྟར་དེ་རྫོགས་པར་ནུས། གསུམ་པ་ལྟར་ན་ཏིང་ངེ་འཛིན་འདིའི་དུས་ངེས་པ་མེད་དེ། སྙིང་བོ་བྱང་ཆུབ་དེར་ཡུན་ཇི་སྙེད་ཅིག་བཞུགས་པར་འགྱུར་ཞེ་ན། དང་པོ་གཉིས་ལྟར་ནའང་ཉེས་པ་ཆེན་པོ་མེད་དེ། དུས་མཐའ་གཅིག་ཏུ་བདེན་པ་མེད་ཅིང་རང་གི་བསམ་པའི་དབང་ལ་རག་ལས་ཞེས་བསྟན་ཟིན་པས་འདི་ལྟ་བུའི་རྟོག་པ་སྐྱེ་བ་མ་མཐོང་ངོ་། །ཞེས་སོ། འོན་ཀྱང་དེ་ལྟར་བསྟན་ཟིན་ཀྱང་དབང་ཐོབ་པས་སྐད་ཅིག་བསྐལ་བར་བྱིན་གྱིས་རློབ་ནུས་པས་སོ།། འདིར་ཕྱོགས་གསུམ་པ་བཟུང་སྟེ་བྱང་ཆུབ་སྙིང་བོར་བཞུགས་ནས་བར་ཆད་མེད་པའི་ཏིང་ངེ་འཛིན་མ་བསྐྱེད་པར་ལྡང་མི་སྲིད་ཅེས་གསུང་པས།” ཞེས་གསུངས་པ་དང་།
7 རྗེ་བཙུན་ཏཱ་ར་ནཱ་ཐའི་འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱ་ཆེར་འགྲེལ་པ་ལས།
“གང་ཡང་བསྐལ་པ་སྔོན་འདས་པ་ཐམས་ཅད་དང་། ད་ལྟར་དང་མ་འོངས་པ་འབྱུང་འགྱུར་ཏེ་དུས་གསུམ་ཇི་ཙམ་ཡོད་པ་དང་ཚད་མཉམ་པའི་བསྐལ་པ་དེ་དག་ཐམས་ཅད་སྐད་ཅིག་གཅིག་གི་ཆ་ཤས་སུ་འཇུག་ཅིང་བསྒྱུར་ནུས་པའི་སྟོབས་ཀྱིས་ནི། བསྐལ་པ་གཅིག་ནས་བསྐལ་པ་མཐའ་མེད་པའི་བར་ཇི་ལྟར་འོས་འོས་སུ་སྐད་ཅིག་གི་ནང་དུ་ཞུགས་པར་བྱས་ནས། །བྱང་ཆུབ་ཀྱི་སྤྱད་པ་སྤྱོད་པར་གྱུར་ཅིག་པའོ། །འདི་ནི་དབང་ཐོབ་པ་ན། བསྐལ་པའམ་བསྐལ་པ་མང་པོ་སྐད་ཅིག་ཏུ་སྡུད་པ་དང་། སྐད་ཅིག་རེ་རེ་ལ་ཡང་བསྐལ་པ་དུ་མ་སྟོན་པ་སྟེ། དཔེར་བགྱི་ན་སེམས་ཅན་སྤྱི་མཐུན་གྱི་རྩ་བའི་སྣང་བ་ལ། སྐད་ཅིག་གཅིག་གམ་ཡུད་ཙམ་གཅིག་ལ་སོགས་པར་སྣང་བའི་དུས་ཚོད་དེ་ལ། བྱང་ཆུབ་སེམས་དཔའ་རང་ཉིད་ཀྱི་སྣང་བ་ལ་ཡང་བསྐལ་པ་དང་སྐད་ཅིག་མི་འགལ་བར་འཆར་བ་དང་། རྣམ་པར་འཕྲུལ་པའི་སྟོབས་ཀྱིས་ཞིང་ཁམས་འདིའི་གོ་ས་དང་། ཕྱོགས་བཅུ་གཞན་གྱི་ཞིང་ཁམས་མང་པོར། དེ་དང་དེའི་སེམས་ཅན་ཀུན་ལ་བསྐལ་པ་མང་པོ་ཡང་དངོས་སུ་མྱོང་ཞིང་། དུས་དེ་སྙེད་དུ་ཆོས་སྤྱད་པས་ཚོགས་རྫོགས་ཤིང་སྒྲིབ་པ་བྱང་བར་གྱུར་པས་ཏེ། སྐད་ཅིག་གཅིག་ལ་བསྐལ་པ་མཐའ་ཡས་པའི་བར་དུ་སྒྲུབ་དགོས་པའི་ཚོགས་གསོག་ལོངས་ཡང་སྤྱོད། སྤྱོད་པ་སྤྱོད་ལོངས་ཡང་ཡོད་ཅིང་། གསོག་པ་དང་སྤྱོད་ནུས་པའོ། །ཡང་སྤྱི་མཐུན་སྣང་བ་རྩ་བ་དེ་ལ་བསྐལ་བ་མང་པོ་ཡོད་ཀྱང་ཡུན་རིང་དུ་ཐོགས་པར་མ་ངེས་ཏེ། བསྐལ་པ་སྐད་ཅིག་མར་སྡུད་པའི་ཕྱིར་དང་། བསྐལ་པ་མང་པོའི་བྱ་བ་ཉམས་སུ་མྱོང་བས་ཡུད་ཙམ་གཅིག་ལ་གྲུབ་པར་ཡང་ནུས་ལ། བྱ་བ་ཡུད་ཙམ་གཅིག་པུ་ལན་གཅིག་གིས་བསྐལ་པའམ་བསྐལ་པ་མང་པོ་འཁྱོངས་པར་ཡང་བྱེད་དོ། །དེ་ལྟར་ན་དུས་ཐམས་ཅད་མཉམ་པ་ཉིད་དུ་རྟོགས་པའི་ཡེ་ཤེས་ཀྱིས། དུས་རིང་ཐུང་དབྱེ་བ་མེད་པར་སྤྱོད་པ་སྟེ། འདིའི་དགོས་པ་ནི་སྐད་ཅིག་ལ་ཡང་མཐའ་ཡས་པའི་བྱེད་ལོང་ཡོད་ལ། བསྐལ་པ་ལ་ཡང་ཡུན་རིང་བསྒུག་མི་དགོས་པའི་ཕྱིར་ཏེ། དུས་ཐུང་ངུ་ལ་བྱ་བ་རྒྱ་ཆེན་པོ་མི་འགྲུབ་པར་དོགས་པས། བློ་ཙབ་ཙོབ་ཏུ་འགྱུར་་བ་དང་། རྒྱ་ཆེན་པོ་ལ་ཡུན་རིང་ཐོགས་པས་ངལ་ཞིང་སྐྱོ་བར་འགྱུར་བའི་གཉེན་པོའོ། །“ཞེས་གསུངས་པའི་ཕྱིར་ན་དེ་ལྟ་བུའི་སྐད་གཅིག་མའི་སྦྱོར་བའི་སྐད་གཅིག་མ་ཞེས་པ་དེ་ནི་སེམས་ཅན་གྱི་སྣང་ཚུལ་ལ་བསྐལ་བ་དང་དུས་མཐའི་སྐད་ཅིག་མ་གཉིས་ཆར་གྱི་སྣང་བ་འཆར་དུ་འཇུག་ནུས་པས་བསམ་གྱིས་མི་ཁྱབ་པ་ཡིན་ཚུལ་ནི་དབང་ཐོབ་པའི་དབང་ལས་སོ། །དེས་ན་ས་བཅུ་རྒྱུན་མཐའི་སྐད་གཅིག་མ་ནི་མཁྱེན་གསུམ་གྱི་རྣམ་པ་རྣམས་བསྡུས་ནས་སྒོམ་པའི་བརྟན་པ་མཐར་ཕྱིན་པ་སྟེ། དུས་སྐད་ཅིག་མ་གཅིག་ལ་ཅིག་ཅར་དུ་སྒོམ་པའི་མཐར་ཐུག་པའི་རྣལ་འབྱོར་དེ་ཡིན།
གཉིས་པ་དེའི་ཚིག་ཟུར་གྱི་སྦྱོར་བའི་དོན་ནི་ཉམས་ལེན་ཡིན་ནོ། །
གསུམ་པ་ས་མཚམས་ནི། འདི་ནི་ས་བཅུ་པའི་མཐར་ཐུག་པའི་བར་ཆད་མེད་ལམ་སྟེ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་གནས་སྐབས་ཁོ་ནར་ཡོད།
མཁྱེན་གསུམ་བསྡུས་སྒོམ་ཡིན་ཚུལ་དང་དེའི་དཔེ།
སྐད་ཅིག་མའི་སྦྱོར་བ་ནི་“བསྡུས་སྒོམ་”ཡིན་ཏེ། སྔར་མཐར་གྱིས་པའི་སྦྱོར་བའི་སྐབས་སུ་རིམ་ཅན་དུ་བསྒོམས་པའི་མཁྱེན་པ་གསུམ་གྱི་རྣམ་པ་བརྒྱ་རྩ་དོན་གསུམ་པོ། ད་ལྟ་སྐད་ཅིག་མ་གཅིག་གི་སྟེང་དུ་ཅིག་ཅར་དུ་བསྡུས་ནས་སྒོམ་པའི་ཕྱིར། དེ་ཡང་ཡོན་ཏན་གཅིག་མངོན་དུ་བྱས་པས་གཞན་ཐམས་ཅད་འབད་མེད་དུ་མངོན་དུ་འགྱུར་བའི་ཚུལ་ཡིན།
འདི་ལ་ཟོ་ཆུན་གྱི་དཔེ་དང་སྦྱར་ནས་གསུངས་པ་སྟེ། ཇི་ལྟར་སྐྱེས་བུས་ཟོ་ཆུན་གྱི་རྒྱུད་ལ་རྡོག་ཐབས་གཅིག་གིས་བསྐྱོད་པ་ན། ཟོ་ཆུན་ཐམས་ཅད་ཅིག་ཅར་འགུལ་ནས་ཆུ་ལེན་པ་ལྟར། རྒྱུན་མཐའི་ཡེ་ཤེས་སྐད་ཅིག་གཅིག་གིས་ཟག་མེད་ཀྱི་ཆོས་ཐམས་ཅད་ཅིག་ཅར་དུ་རྟོགས་པར་བྱེད་དོ། །ཀུན་མཁྱེན་དོལ་པོ་པས་འདི་ནི་ཆོས་ཀྱི་དབྱིངས་ཀྱི་རང་གི་ངོ་བོར། དངོས་གཅིག་དངོས་པོ་ཀུན་གྱི་ངོ་བོ་ཉིད་ཡིན་པའི་གནད་ལ་ཐུག་པར་བཤད་དེ། གང་གིས་དངོས་གཅིག་དེ་བཞིན་ཉིད་དུ་མཐོང་བ་དེ་ཡིས་དངོས་ཀུན་དེ་བཞིན་ཉིད་དུ་མཐོང་བར་བཞེད་པ་དང་མཚུངས་སོ།།
གཉིས་པ་དབྱེ་བ་ནི། ཆོས་སྐུ་རྫོགས་པར་རྟོགས་པའི་སྐད་གཅིག་སྦྱོར་དང་།། རྣམ་པར་སྨིན་པའི་སྐད་གཅིག་སྦྱོར།། མཚན་ཉིད་མེད་པའི་སྐད་གཅིག་སྦྱོར།། གཉིས་སུ་མེད་པའི་སྐད་གཅིག་སྦྱོར་དང་བཞིའོ་།།
འདི་དག་ཡུལ་རྟོགས་ཚུལ་ལས་ངོ་བོའི་དབྱེ་བ་ནི་མིན་ནོ།
མདོ་ལུགས་མ་ལས།། ཡེ་ཤེས་འདི་ནི་ངེས་འབྱུང་བསྒྲུབ་པའི་གནས་སྐབས་བར་ཆད་མེད་པའི་ཏིང་ངེ་འཛིན་ས་བཅུའི་རྒྱུན་མཐའི་སྐད་ཅིག་མ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ནི། ནམ་མཁའི་ཁམས་ཀྱི་མཐར་ཐུག་པ་ཡོངས་སུ་གང་བའི་འོད་གསལ་ཆོས་ཀྱི་སྐུ་སྔ་ཕྱི་མེད་པར་གཅིག་ཆར་དུ་རྟོགས་པར་བྱེད་པ་ཡིན་ནོ། །ཏིང་ངེ་འཛིན་གཅིག་པོ་འདི་ཉིད་རྟོགས་ཚུལ་གྱིས་སྒོ་ནས་བཞིར་བཤད་དོ། །ཡེ་ཤེས་འདིས་ཆོས་སྐུ་རྫོགས་པར་རྟོགས་པ་ནི་ཡེ་ཤེས་སྐད་ཅིག་མ་གཅིག་གིས་རྫོགས་པར་གཅིག་ཆར་དུ་རྟོགས་པ་ཡིན་གྱི། འདིར་རིམ་གྱིས་རྟོགས་པ་ནི་མ་ཡིན་ཏེ། ཆོས་སྐུའི་སྒྲིབ་པ་ཐམས་ཅད་ཟད་པས་སངས་རྒྱས་ཀྱི་ཆོས་ཐམས་ཅད་རྣམ་པར་དག་པའི་ངོ་བོར་ཡོངས་སུ་རྫོགས་པའི་ཕྱིར་རོ། །འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས། ནམ་ཞིག་ས་ཡི་མཐར་ཐུག་ན། །ཆོས་ཀྱི་སྐུ་ཡང་རྫོགས་ཤིང་གསལ། །ཞེས་དང་། གང་ཚེ་ཏིང་འཛིན་རྡོ་རྗེ་ཡིས། །བུམ་པ་དེ་ནི་བཅག་གྱུར་པ། །དེ་ཚེ་དེ་ནི་ནམ་མཁའ་ཡི། །མཐར་ཐུག་བར་དུ་སྣང་བར་བྱེད། །ཅེས་པའི་དོན་དང་། ས་ཡོངས་སུ་སྦྱོང་བའི་སྐབས་སུ་ཡང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པའི་ཕྱིར། ས་བཅུ་པ་ལ་ནི་བྱང་ཆུབ་སེམས་དཔས་དེ་བཞིན་གཤེགས་པ་ཉིད་དུ་བརྗོད་དོ། །ཞེས་སོགས་ཀྱི་དོན་ཏོ། ཞེས་སོ།།
མདོར་བསྡུས་ནས་བཤད་ན།
ཀུན་མཁྱེན་དོལ་པོ་པའི་བཞེད་པའི་ཁྱད་ཆོས་ནི། སྐད་ཅིག་མའི་སྦྱོར་བ་འདིས་སྐད་ཅིག་མ་གཅིག་གིས་མངོན་དུ་བྱེད་པའི་ཡུམ་ཆེན་མོ་ཤེར་ཕྱིན་འཁོར་ལོ་ཐ་མའི་དགོངས་དོན་བདེ་གཤེགས་སྙིང་པོ་དང་སྦྱར་ནས་ངེས་དོན་དུ་འཆད་པ་དེ་ཡིན། ཁོང་གིས་གཞན་སྟོང་ནི་ཡེ་ཤེས་ཀྱི་གནས་ལུགས་ལ་སྦྱར་ཞིང་། རང་སྟོང་ནི་ཀུན་རྫོབ་འཁྲུལ་པའི་ཆོས་ལ་སྦྱར་ནས་སྐད་ཅིག་མའི་སྦྱོར་བའི་ཡེ་ཤེས་ཀྱི་ངོར་ཀུན་རྫོབ་ཀྱི་སྣང་བ་སྒྲོ་འདོགས་དང་བྲལ་བས། དེས་ནི་དོན་དམ་རྟག་བརྟན་གཡུང་དྲུང་གི་ངོ་བོ་གཞན་སྟོང་ཆེན་པོ་ཁོ་ན་རྫོགས་པར་སྦྱོར་བ་སྐད་གཅིག་མས་མངོན་དུ་བྱེད་པ་ཡིན། ཀུན་རྫོབ་ཀྱི་ཆོས་རྣམས་ནི་དོན་ལ་མེད་པས་རང་སྟོང་ཡིན་ལ། དེ་དག་རྣམ་ཤེས་ལ་སྣང་བ་ལས་ཡེ་ཤེས་ལ་མི་སྣང་བའི་འཁྲུལ་བའི་ཆོས་ཡིན་པས། རྒྱུན་མཐའི་ཡེ་ཤེས་ཀྱིས་དེ་དག་མཚན་ཉིད་མེད་པའི་རང་བཞིན་དུ་ཅིག་ཆར་དུ་མཐོང་ནས་སྤོང་བར་བྱེད་པས་གཉེན་པོ་བར་ཆད་མེད་ལམ་ཉིད་དོ། ། འདིས་ཀུན་རྫོབ་གཞན་བྱུང་གི་རྣམ་མཁྱེན་དང་དེ་དག་གནས་འགྱུར་མཐར་ཐུག་ཀྱང་འཐོབ་པར་བྱེད་པ་ཡིན་པས། སྐབས་འདིར་བཤད་པར་བྱ་བ་མང་དུ་མཆིས་ན་ཡང་བྱ་བ་ངན་ཞེན་གྱི་ལེ་ལོ་དང་རྣམ་གཡེང་གི་དབང་ལས་འདི་ཙམ་ལས་རྒྱས་པར་མ་བྱས་སོ།
མདོར་ན། སྐད་ཅིག་མའི་སྦྱོར་བ་ནི་ལམ་གྱི་མཐར་ཐུག་པ་དང་འབྲས་བུ་ཆོས་སྐུའི་སྒོ་འབྱེད་པའི་ལྡེ་མིག་ལྟ་བུ་ཞིག་ཡིན་པས། འདི་ལ་བརྟེན་ནས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་འབད་རྩོལ་ལས་འདས་པའི་འབད་མེད་ལྷུན་གྲུབ་ཀྱི་གོ་འཕང་མངོན་དུ་བྱེད་ཅིང་། ཤེས་བྱའི་ཆོས་ཐམས་ཅད་ཡེ་ཤེས་སྐད་ཅིག་མ་གཅིག་ལ་རོ་མཉམ་པ་ཆེན་པོའི་དབྱིངས་སུ་གཟིགས་པ་ཡིན་ནོ།།
སྤྱིར་སྦྱོར་བ་སྐད་ཅིག་མ་འདིས་ཅི་ཞིག་མངོན་དུ་བྱེད་མིན་འདི་ནི་གྲུབ་མཐའ་སོ་སོའི་བར་གྱི་དཔྱད་གཞི་ཆེན་པོ་ཞིག་ཡིན་སྲིད་ན་ཡང་ཁོ་བོ་ནི་སྐྱེས་སྟོབས་ཀྱི་ཤེས་རབ་དང་སྦྱངས་སྟོབས་ཀྱི་ཡོན་ཏན་གང་ཡང་ཡོད་པ་ཞིག་མིན་པས་མཁས་པ་ཆེན་པོ་རྣམས་ཀྱི་བཞེད་པ་གཤིབས་ནས་འགྲིག་མ་འགྲིག་ཤོད་པ་ལྟ་བུ་ནི་མ་ནུས་སོ།།
མཐའ་དོན་སྐྱེས་ཆེན་དམ་པ་གང་ན་སུ་བཞུགས་ཀུན་གྱི་སྐུ་ཚེ་ཞབས་པད་བརྟན་ཞིང་བསྐལ་བ་མ་སྟོང་གི་བར་དུ་བསྟན་པ་དང་འགྲོ་བའི་དོན་ཟད་པ་མེད་པར་བཞུགས་སུ་གསོལ།།
ཞེས་དང་།
འདིར་སྨྲས་པ།།
སྐྱེས་སྦྱངས་ཤེས་རབ་དམན་ཡང་ཆོས་དང་ཕྲད།།
དཔལ་ལྡན་བླ་མའི་རྗེས་བཟུང་གདམས་པ་བསྩལ།།
བདག་བློས་ཁྱོགས་པ་མིན་ཡང་ཟབ་མོའི་དོན།།
ཅུང་ཟད་འཆད་ནུས་འདི་ཡང་བླ་མའི་དྲིན།།
ལེགས་པའི་ཡོན་ཏན་བླ་མའི་དྲིན་གྱིས་བྱུང་།།
ཉེས་པ་མཐའ་དག་བདག་བློའི་ནོངས་པ་སྟེ།།
རྒྱ་མཚོའི་ཆུ་བོ་ཁྲོན་པར་བྱོ་ན་ཡང་།།
ཐམས་ཅད་མི་འཚོགས་ཁྲོན་པ་ཆུང་བས་ལན།།
འདི་བགྱིས་དགེ་བའི་མཐུ་ཡི་ས་བོན་གྱིས།།
རྣམ་སྨིན་ཐར་བའི་བག་ཆགས་རབ་བཞག་ནས།།
ས་ལམ་མངོན་རྟོགས་རིམ་གྱིས་བགྲོད་པ་ཡིས།།
བསྟན་པའི་གསལ་བྱེད་དམ་པར་བདག་གྱུར་ཅིག
ཅེས་བལ་ཡུལ་མཆོད་རྟེན་ཆེན་མོའི་ལྷོ་ནུབ་ཀྱི་ཕྱོགས་ཨ་སུ་ར་ཡི་སྒྲུབ་ཕུག་གི་ཉེ་འགྲམ་བལ་ཡུལ་ཇོ་ནང་གི་གདན་ས་ཆེན་མོ་ངེས་དོན་རྟག་བརྟན་བཤད་སྒྲུབ་ཆོས་འཁོར་གླིང་ནས་གྲལ་མཐའ་བ་བསྟན་འཛིན་བཟང་པོས་ཕྱི་ལོ་2026ཟླ་2་ཚེས་27ལ་རྫོགས་པར་བྱས་སོ། །
དཔྱད་གཞིའི་ཡིག་ཆ་ཁག་ནི།
རྗེ་བཙུན་བྱམས་པ་མགོན་པོའི་མཛད་པའི་མངོན་རྟོགས་རྒྱན།། མདོ་སྡེ་རྒྱན། རྒྱུད་བླ་མ། དབུས་མཐའ་རྣམ་འབྱེད། ཆོས་ཉིད་རྣམ་འབྱེད།། སློབ་དཔོན་དབྱིག་གཉེན་གྱི་ཡུམ་གསུམ་གནོད་འཇོམས།།
ཀུན་མཁྱེན་དོལ་པོ་སངས་རྒྱས་ཀྱི་མདོ་ལུགས་མ། འབུམ་རྫོགས་ལྡན་གྱི་བཤད་པ། ཉི་ཁྲི་ལྔ་སྟོང་གི་བཤད་པ། དབུ་མའི་མན་ངག་ཁྱད་འཕགས།
རི་ཆོས་ངེས་དོན་རྒྱ་མཚོ།།
ཀུན་མཁྱེན་ཉ་དབོན་པའི་ཕར་ཕྱིན་ཉ་ཊྰིཀ གཞི་ལམ་འབྲས་གསུམ་དྲིས་ལན་ཡིད་ཀྱི་མུན་སེལ། རྒྱུད་བླ་དོལ་ཊིཀ
རྒྱུད་བླ་ས་འགྲེལ་སོགས།
རྗེ་བཙུན་ཏཱ་ར་ནཱ་ཐའི་སྔོན་མེད་ལེགས་བཤད། དབུ་མ་ཐེག་མཆོག།
སེང་བཟང་གི་འགྲེལ་བ་དོན་གསལ།། ཀླུ་སྒྲུབ་ཀྱི་དབུ་མ་ཆོས་དབྱིངས་བསྟོད་པ།།
རྗེ་འབའ་མདའ་བླ་མ་ཐུབ་བསྟན་དགེ་ལེགས་རྒྱ་མོས་མཛད་པའི་།། ཡུམ་དོན་གསལ་བའི་མེ་ལོང་། ཕར་ཕྱིན་སྣང་བའི་རྒྱན།
རྗེ་བཙུན་ཏཱ་ར་ནཱ་ཐའི་གསུང་འབུམ།
JT350འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱ་ཆེར་འགྲེལ་པ་འཕགས་མཆོག་རྣམས་ཀྱི་གསང་བའི་མཛོད་ཅེས་བྱ་བ་བཞུགས་སོ།། 17-618