ཆེན་པོ་ཧོར་ཕྱི་སོག་ཇོ་ནང་རྟག་བརྟན་ཆོས་འཕེལ་གླིང་དགོན་པ་ནི་བོད་རྒྱལ་ལོ་༢༡༣༧ ལོར་རབ་བྱུང་༡༧ སྟེ་༢༠༡༥ ལོར་ཟླ་༨ ཚེས་༢༩ཉིན་སྐར་བཟང་བོ་ལ་དགོན་པ་གསར་དུ་ཕྱག་བཏབ་པ་ཞིག་ཡིན།
དེ་ཡང་ཨ་མདོ་རྔ་ཡུལ་རྔ་སྨད་རྨུ་སྐུ་ནས་སྐུ་འཁྲུངས་པའི་འབྲོག་དགེ་འཇམ་དབྱངས་མཁྱེན་རབ་རྒྱ་མཚོའི་ཡང་སྤྲུལ་འཕགས་ཡུལ་ཇོ་ནང་མ་དགོན་མཁན་པོ་སྐྱབས་རྗེ་རིན་པོ་ཆེ་ཀུན་དགའ་ཆོས་འཕེལ་ལགས་ཀྱིས་དངོས་སུ་ཕྱག་བཏབ།
དེ་ཡང་ཁོང་གི་སློབ་བུ་མཁན་པོ་མོན་གྷོ་ཡར་གྱི་ལྷག་བསམ་རྣམ་དག་གིས་དགོན་པའི་ས་ཆ་དེ། སློབ་ཚོགས་བརྒྱ་ཕྲག་དུ་མ་འདུས་སར་མཁན་སྤྲུལ་སྐྱབས་རྗེ་རིན་པོ་ཆེ་མཆོག་གི་མཚན་ཐོག་ཏུ་ཕུལ་ཞིང་དགོན་པ་ཞིག་གསར་དུ་བཞེངས་པར་གསོལ་བ་བཏབ་པ་བཞིན་དུ། འདུ་ཁང་གསར་བཞེངས་དང་ནང་གི་ལྷ་རྟེན་ཆོས་གསུམ་ཡོངས་རྫོགས་བཞེངས་གནང་ཞིང་། སོག་པོ་གཞུང་གིས་ཀྱང་དགོན་དེའི་ཆོག་མཆན་དཔུང་ཡིག་ཐོབ་ཚད་ལྡན་གནང་། གཞན་ཡང་ད་ལྟ་དགོན་འདི་ནས་ཇོ་ནང་རྒྱལ་ཚབ་རིན་ཆེན་རྒྱ་མཚོའི་ཡང་སྤྲུལ་ངག་དབང་ཀུན་དགའ་རིན་ཆེན་རྒྱ་མཚོ་དང་། གྲྭ་མང་བཅས་ནས་སློབ་གཉེར་གནང་བཞིན་པ་དང་། དགོན་པའི་ལོ་གཅིག་གི་སྒྲུབ་མཆོད་སྐབས་སུ། དུས་འཁོར་ལྷ་དགུ། གཅོད་ལུས་སྦྱིན། སྒྲོལ་མའི་གཡང་སྒྲུབ་སོགས་ཇོ་ནང་བའི་ཐུན་མིན་གཞུང་ལུགས་ལ་ཐོས་བསམ་དང་སྒྲུབ་པ་ལ་ཉམས་ལེན་གནང་བཞིན་དེ་ག་ལགས་སོ།
ས་གནས། ཕྱི་སོག་ཨོ་ལན་བྷ་ཐུར་གྱི་བྷ་ཡན་ཧཱོ་ཤོལ་ལ་ཡོད།
ཅེས་པ་འདི་ནི་འབྲོག་དགེ་དགོན་པའི་དགོན་ལག་ཕྱི་སོག་ཇོ་ནང་རྟག་བརྟན་ཆོས་འཕེལ་གླིང་གི་ལོ་རྒྱུས་སྙིང་བསྡུས་སོ།།




