རྒྱུད་བླ་མའི་འགྲེལ་བ་ལེགས་བཤད་ཉི་མའི་འོད་ཟིན་བྲིས་བླ་མའི་ཞལ་ལུང་།

རྒྱུད་བླ་མའི་འགྲེལ་བ་ལེགས་བཤད་ཉི་མའི་འོད་ཟེར་གྱི་ལུང་ཞུས་སྐབས་ཀྱི་ཟིན་བྲིས་བླ་མའི་ཞལ་ལུང་།

ཤེས་རབ་གྲགས་པ།

སྤྱི་ལོ་ 2026 ལོའི་ཟླ་ 9 ཚེས་ 6 རེས་གཟའ་ཉི་མ་སྟེ། ཞོགས་པའི་དུས་ཚོད་བརྒྱད་པའི་སྟེང་བཀའ་བརྒྱུད་མཁན་པོ་བདེ་ཆེན་ཕུན་ཚོགས་ཞུས་ངོར་མཁན་ཆེན་དགེ་འདུན་རྒྱ་མཚོ་མཆོག་གིས་བཀའ་བརྒྱུད་མཁན་པོ་དང་རང་དགོན་གྱི་སློབ་མ་སྐྱ་སེར་བཞི་བཅུ་ལྷག་ལ་<རྒྱུད་བླ་མའི་འགྲེལ་བ་ལེགས་བཤད་ཉི་མའི་འོད་ཟེར་གྱི་ལུང་>གིས་དབུ་བཟུང་ནས་<བཀའ་བསྡུ་བཞི་བ་>དང་<དཔལ་དུས་ཀྱི་འཁོར་ལོའི་བསྟོད་པའམ་མངོན་རྟོགས་ཉེ་བར་བསྡུས་པ>འི་ལུང་བཅས་གནང་བར་མཛད་ལ།

<རྒྱུད་བླ་མའི་འགྲེལ་བ་ལེགས་བཤད་ཉི་མའི་འོད་ཟེར།>

དེ་དག་ལས་དང་པོ་རྒྱུད་བླ་མའི་འགྲེལ་བ་ལེགས་བཤད་ཉི་མའི་འོད་ཟེར་གྱི་ལུང་ནི་མཁན་སངས་རྒྱས་རྣམ་རྒྱལ་གྱི་མདུན་ནས་མཁན་ཆེན་ཡིད་བཞིན་ནོར་བུ་མཆོག་གིས་ཞུས་པར་གསུངས་ལ། ཁོང་གི་དྲུང་ནས་བདག་ཅག་ལ་ལུང་དངོས་སུ་ཐོབ་པའི་ཉིན་བཟང་ལ་རང་གིས་ཀྱང་འགའ་ཞིག་ལ་ཕན་སྲིད་དམ་སྙམ་ནས་མཁན་ཆེན་ཡིད་བཞིན་ནོར་བུ་མཆོག་གི་ཞལ་རྒྱུན་གྱི་གཞིར་བྱས་ཏེ་རང་གིས་ཀྱང་ཅུང་ཟད་ཁ་བསྐངས་ཏེ་ཟིན་བྲིས་ཉུང་ཙམ་ཞིག་བྲི་བར་བྱ།

《རྒྱུད་བླ་མ་འདི་དུས་ནམ་ཞིག་ལ་བརྩམས་མིན་ལ་དཔྱད་པ།》

རྩ་བ་རྒྱུད་བླ་མ་འདི་ནི་རྒྱལ་བའི་རྒྱལ་ཚབ་ཆེན་པོ་རྗེ་བཙུན་བྱམས་པ་མགོན་པོས་མཛད་པ་ཞིག་ཡིན་ལ། འདི་དུས་ནམ་བརྩམས་མིན་ལ་འདོད་པ་མི་འདྲ་བ་གཉིས་སུ་སྣང་སྟེ། སློབ་དཔོན་སེང་གེ་བཟང་པོས་ནི་འཕགས་པ་ཐོགས་མེད་ཀྱི་ཆེད་དུ་རྒྱལ་ཚབ་བྱམས་པ་མགོན་པོས་མཛད་པར་འདོད་ལ། དེ་ཡང་རྒྱན་སྣང་ལས། “དེ་ཡང་འདི་སྐད་དུ། འཕགས་པ་ཐོགས་མེད་ཀྱིས་གསུང་རབ་མ་ལུས་པའི་དོན་ཐུགས་སུ་ཆུད་ཅིང་རྟོགས་པ་ཐོབ་པ་ཡིན་དུ་ཟིན་ཀྱང་། ཟློས་ཏེ་གསུངས་པ་མང་བ་དང་ཟློས་ཏེ་གསུངས་པ་མ་ཡིན་པའི་ཕྱོགས་ལ་ཡང་ཚིག་སོ་སོར་རྣམ་པར་བཅད་པ་མ་གཟིགས་པ་དང་ཟབ་པ་ཉིད་ཀྱིས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་དཔོག་པར་མ་དཔྱོད་ནས། ཡིད་མི་བདེ་བ་རྗེས་སུ་འཐོབ་པར་གྱུར་ཏོ། །དེ་ནས་དེའི་དོན་དུ་བཅོམ་ལྡན་འདས་འཕགས་པ་བྱམས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོའི་བཤད་པ་དང་མངོན་པར་རྟོགས་པའི་རྒྱན་གྱི་ཚིག་ལེའུར་བྱས་པ་མཛད་དོ། །དེ་གསན་ནས་སློབ་དཔོན་འཕགས་པ་ཐོགས་མེད་དང་སློབ་དཔོན་དབྱིག་གཉེན་ལ་སོགས་པ་རྣམས་ཀྱིས་ཀྱང་བཤད་པ་ཡིན་ནོ་ཞེས་རྗེས་སུ་ཐོས་ཏེ།”ཞེས་གསུངས་སོ། །

པཎྜི་ཏ་ཆེན་པོ་འཇིགས་མེད་འབྱུང་གནས་སྦས་པའམ་ཨ་བྷྱ་ཀ་རས་ནི་ཤེར་མདོའི་བཀའ་བསྡུ་བའི་རྗེས་ལ་མཛད་པར་འདོད་དེ། གནད་ཀྱི་ཟླ་འོད་ལས། “བསྡུས་པའི་རྗེས་ལ་དུས་དེར་གནས་པ་ཉིད་ན། མཆོག་ཏུ་ཟབ་ཅིང་རྗེས་སུ་རྟོགས་པར་དཀའ་ལ་རྟོགས་པར་མི་ནུས་ཞེས་པས་ཐུགས་རྗེས་དེ་རྟོགས་པའི་དོན་དུ་འཕགས་པ་བྱམས་པས་མངོན་པར་རྟོགས་པའི་རྒྱན་གྱི་ཚིག་ལེའུར་བྱས་པའི་བསྟན་བཅོས་ཀྱིས་གསལ་བར་མཛད་ཀྱི། འཕགས་པ་ཐོགས་མེད་ཀྱིས་བྱས་ནས་དུས་ཕྱིས་བྱས་ཞེས་པ་ནི་སེང་གེ་བཟང་པོ་ལ་སོགས་པ་རྣམས་ཀྱི་འཁྲུལ་པ་སྟེ། སྔོན་དུ་བྱས་པ་ལ་མ་བཤད་ཅེས་པ་ནི་གཞན་དག་གིའོ། །”ཞེས་བསྟན་བཅོས་མངོན་རྟོགས་རྒྱན་དུས་ནམ་ཞིག་ལ་མཛད་མིན་འདོད་ཚུལ་མི་འདྲ་བ་རྣམ་པ་གཉིས་བྱུང་བ་བཞིན་རྟོགས་པར་བྱ་ལ། རྗེ་ཙོང་ཁ་བས་གཉིས་ཀར་རྒྱུ་མཚན་མེད་མཉམ་ཡིན་པ་མཚུངས་པར་གསུངས་ཀྱང་།
ཕྱི་མ་འཐད་ལྡན་དུ་འདོད་པ་དག་གིས་འགྲེལ་ཆེན་དྲི་མེད་འོད་དུ། “དེ་བཞིན་དུ་མངོན་པར་རྟོགས་པའི་རྒྱན་གྱི་ཚིག་ལེའུར་བྱས་པ་ལས་མཛད་པ་དང་བཞིར་ངེས་པར་བྱམས་པས་གསུངས་པ།
ངོ་བོ་ཉིད་ལོངས་རྫོགས་བཅས་དང་། །
དེ་བཞིན་གཞན་པ་སྤྲུལ་པ་ནི། །
ཆོས་སྐུ་མཛད་པར་བཅས་པ་སྟེ། །
རྣམ་པ་བཞིར་ནི་ཡང་དག་བརྗོད། །”
ཅེས་མངོན་རྟོགས་རྒྱན་གྱི་ལུང་ཚན་ཞིག་གནང་ཞིང་། དེ་ལྟ་ན་འགྲེལ་ཆེན་དྲི་མེད་འོད་རྩོམ་པ་པོ་རིགས་ལྡན་པདྨ་དཀར་པོ་ནི་སློབ་དཔོན་ཐོགས་མེད་ཀྱི་སྔ་རོལ་ཏུ་བྱུང་དགོས་ཏེ། རིགས་ལྡན་འཇམ་དཔལ་གྲགས་པ་ནི་སངས་རྒྱས་སྐུ་མྱ་ངན་ལས་འདས་ལོ་དྲུག་བརྒྱའི་མཚམས་སུ་དང་སློབ་དཔོན་ཐོགས་མེད་ནི་སངས་རྒྱས་སྐུ་མྱ་ངན་ལས་འདས་ནས་ལོ་དགུ་བརྒྱའི་མཚམས་སུ་བྱོན་པར་གསུངས་ལ། དེ་ལྟར་བརྩིས་ན་འགྲེལ་ཆེན་དྲི་མེད་འོད་རྩོམ་པ་པོ་རིགས་ལྡན་པདྨ་དཀར་པོ་སངས་རྒྱས་སྐུ་མྱ་ངན་ལས་འདས་ནས་ལོ་བདུན་བརྒྱ་དང་བརྒྱད་བརྒྱའི་ནང་དུ་བྱོན་དགོས་པས་བྱམས་ཆོས་སྡེ་ལྔ་ཐོགས་མེད་དོན་དུ་གསར་དུ་རྩོམ་པ་མིན་པར་འདོད།
དེ་ལ་དེང་དུས་ཀྱི་ཉམས་ཞིབ་པ་འགའ་ཞིག་གིས་དེ་ལྟར་བརྟག་པ་བྱེད་བཞིན་འདུག་སྟེ། སློབ་དཔོན་ཐོགས་མེད་ནི་སེམས་ཙམ་པའི་ཤིང་རྟའི་སྲོལ་འབྱེད་ཡིན་པས་དེའི་སྔ་རོལ་ཏུ་སེམས་ཙམ་པའི་ལྟ་གྲུབ་ཀྱི་དགག་བཞག་བྱུང་དོན་མེད་པའི་ཕྱིར་ན། འགྲེལ་ཆེན་དྲི་མེད་འོད་སློབ་དཔོན་ཐོགས་མེད་ཀྱི་རྗེས་སུ་བྱུང་བར་འདོད་ཅེས་པ་ནི་མ་བརྟགས་པའི་གཏམ་སྟེ། སེམས་ཙམ་པའི་ལྟ་གྲུབ་ཀྱི་རྣམ་བཞག་ནི་སློབ་དཔོན་ཐོགས་མེད་ཀྱི་སྔ་རོལ་ཏུ་ཆེས་གསལ་ཞིང་རྒྱས་པ་བྱུང་བར་སློབ་དཔོན་ཀླུ་སྒྲུབ་ཡབ་སྲས་ཀྱི་གཞུང་ལུགས་ན་སེམས་ཙམ་པའི་ལྟ་གྲུབ་ཀྱི་དགག་བཞག་སོགས་གསལ་བར་བྱུང་བ་དང་རིས་མེད་ཀྱིས་གཙུག་ཏུ་འཛིན་པའི་བསྟན་བཅོས་རྒྱ་གར་ཆོས་འབྱུང་དུའང་དེའི་སྐོར་ལ་སྔོན་མེད་པའི་ལེགས་བཤད་དུ་མའི་སྒོ་ནས་གསལ་བར་གསུངས། དེའི་ཕྱིར་རིགས་པ་དེས་འགྲེལ་ཆེན་དྲི་མེད་འོད་སློབ་དཔོན་ཐོགས་མེད་ཀྱི་སྔ་རོལ་ཏུ་བྱུང་བར་འགོག་པ་ནི་རང་གི་གྲུབ་མཐའ་ལ་གྲགས་པ་ཙམ་ལས་རྒྱུ་མཚན་ཡང་དག་ཏུ་མ་མཐོང་།
རྒྱུ་མཚན་གཞན་ཞིག་ཡོད་པ་ནི། འགྲེལ་ཆེན་དྲི་མེད་འོད་ནང་གི་ལེའུར། “དེ་ཕྱིར་ཤེས་རབ་མཁས་པར་གྱུར་པའི་མི་རྣམས་དག་ལ་རིག་བྱེད་དག་ནི་ཚད་མར་མི་འགྱུར་རོ་ཞེས་པ་ནི་མདོར་བསྡུས་པས་རིག་བྱེད་བྱས་པར་འགྲུབ་པ་སྟེ་རྒྱ་ཆེར་ཚད་མའི་བསྟན་བཅོས་ལས་ཤེས་པར་བྱའོ་ཞེས་བྱ་བ་འཇམ་དཔལ་གྱི་ངེས་པའོ། །”ཞེས་དང་། “རྒྱ་ཆེ་དུ་མར་ཚད་མའི་བསྟན་བཅོས་དུ་མ་དང་དབུ་མ་པས་མུ་སྟེགས་པ་རྣམས་ཀྱི་གྲུབ་པའི་མཐའ་སུན་དབྱུང་བར་བྱ་སྟེ།” ཞེས་ཚད་མའི་བསྟན་བཅོས་སོགས་ལ་ཁ་འཕངས་པས་སློབ་དཔོན་ཐོགས་མེད་ཙམ་དུ་མ་ཟད། སློབ་དཔོན་ཕྱོགས་གླང་གི་ཡང་རྗེས་སུ་བྱུང་བར་འདོད་པ་ནི་དཔྱད་རིན་ཆེན་པོར་མཐོང་། འོན་ཀྱང་ཕྱོགས་གླང་ཡབ་སྲས་ཀྱི་གོང་རོལ་སོགས་ན་ནང་བསྟན་གྱི་ཚད་མའི་བསྟན་བཅོས་རང་རྐྱ་བ་བྱོན་མིན་ལ་སྔར་མཁས་པ་འགས་བརྟག་པ་བྱེད་པ་ལྟར་རིགས་པ་སྨྲ་བའི་སྡེ་རྣམས་ཀྱིས་སླར་ཡང་དཔྱད་པར་ཞུ། དེ་ལ་རང་རེ་ཇོ་ནང་པ་དག་གིས་ཀྱང་ལན་ཡིད་ཚིམས་པ་ཞིག་འཚོལ་བར་འབད་དགོས་སྙམ་ཏེ། འགྲེལ་ཆེན་དྲི་མེད་འོད་རྩོམ་པ་པོ་རིགས་ལྡན་པདྨ་དཀར་པོ་ཡིན་པ་དང་། ཕྱོགས་གླང་ཡབ་སྲས་བྱོན་དུས་ནི་ཁྱབ་འཇུག་སྦས་པའི་དུས་སྐབས་ཡིན་པར་དུས་འཁོར་ཆོས་འབྱུང་དུ་གསུངས་ཤིང་། རིགས་ལྡན་པདྨ་དཀར་པོ་དང་འདི་གཉིས་བར་ལ་རིགས་ལྡན་ཉི་ཤུ་རྩ་བཞི་ཙམ་ཆོད་པས་འགྲེལ་ཆེན་དེར་ཚད་མའི་ཁ་འཕངས་དག་ཕྱོགས་གླང་ཡབ་སྲས་ཀྱི་གཞུང་ལུགས་ལ་གོ་ན་ནི་སྐྱོན་དུ་མ་འཇུག་པ་ནི་ལྡོག་ཏུ་མེད་པས་སོ། །འོན་ཀྱང་འདིའི་འཐད་ཀྱི་ཀུན་མཁྱེན་གྱི་འགྲེལ་མཆན་དང་ཕྱོགས་མཆན་སོགས་ན་དེའི་སྐོར་བརྟག་པ་གང་ཡང་མི་སྣང་བར་མ་ཟད་ཕྱོགས་མཆན་དུ་འདིའི་འཐད་ཕྱོགས་གླང་ཡབ་སྲས་ཀྱི་ཚད་མའི་ལུང་འདྲེན་དྲངས་པར་མཛད་པས་དཔྱད།
གོང་གི་དེ་ལྟ་བུའི་རྒྱུ་མཚན་འགའ་ཞིག་འདྲེན་ཏེ་འགྲེལ་ཆེན་དྲི་མེད་འོད་རྩོམ་པ་པོ་རིགས་ལྡན་པདྨ་དཀར་པོ་སློབ་དཔོན་ཐོགས་མེད་ཀྱི་རྗེས་སུ་བྱུང་བར་སྒྲུབ་པར་བྱེད་པ་ནི་གཞན་འགོག་ཙམ་ལས་རང་གིས་བྱམས་ཆོས་སྡེ་ལྔ་སློབ་དཔོན་ཐོགས་མེད་དོན་དུ་བརྩམས་པར་འདོད་པ་ལ་ནི་སྒྲུབ་བྱེད་རྣམ་དག་ཏུ་མི་འགྱུར་རོ། །
ཡིན་ཡང་ཐོགས་མེད་ཀྱི་དོན་དུ་བརྩམས་པར་འདོད་པ་དག་གིས་ནི་ཐོགས་མེད་ཀྱི་སྔོན་དུ་མངོན་རྟོགས་རྒྱན་དང་རྒྱུད་བླ་མའི་འགྲེལ་བ་འགྲེལ་བཤད་གཅིག་ཀྱང་མེད་པས་དེའི་རིགས་པས་གྲུབ་ཅེ་ན། དེའི་རྒྱུ་མཚན་གཞན་དུ་འཚོལ་བར་བྱ། རང་གི་འཆར་སྣང་ལ་བྱམས་ཆོས་སྡེ་ལྔ་བཀའ་བསྡུ་བའི་རྗེས་ལ་བརྩམས་ནའང་གླིང་འདིར་དར་བའི་དུས་ནི་ཐོགས་མེད་ཀྱི་དུས་ནས་ཡིན་པར་མངོན་ཏེ། རྒྱ་གར་ཆོས་འབྱུང་ལས། “དེར་བྱམས་པའི་ཆོས་ལྔ་ཡང་ཡི་གེར་བཀོད།” ཅེས་གསུངས་སོ། །
དེ་ནས་བྱམས་ཆོས་ཕྱི་མ་གཉིས་ཅུང་ཟད་ཅིག་དར་ནའང་མི་རིང་བར་རྒྱུ་རྐྱེན་དུ་མའི་དབང་གིས་རིང་མོ་ཞིག་ཏུ་ནུབ་ནས་རྗེ་མེ་ཏྲི་བས་མཆོད་རྟེན་ཞིག་གི་སེར་ཁ་ནས་འོད་བྱུང་བར་གཟིགས་པས་དཔེ་དེ་གཉིས་བྱུང་། དེ་ནས་རྗེ་བཙུན་བྱམས་པ་མགོན་པོ་ལ་གསོལ་བ་བཏབ་པས་སྤྲིན་གྱི་མཐོངས་སུ་བྱོན་ཏེ། དེ་གཉིས་ལེགས་པར་གནང་ཞེས་བཙན་ལུགས་ཀྱི་ལོ་རྒྱུས་ལ་བྱུང་བར་དེབ་ཐེར་སྔོན་པོ་སོགས་ལས་གསུངས་ཤིང་། རྗེ་བཙུན་ཆེན་པོ་ཏཱ་ར་ནཱ་ཐས་ཟབ་མོ་གཞན་སྟོང་དབུ་མའི་བརྒྱུད་འདེབས་ལས།
“ཕྲ་ཞིང་རྟོགས་དཀའ་དྲང་སྲོང་ཆེན་པོའི་ལམ། །
བདེ་གཤེགས་སྙིང་པོའི་ལེགས་བཤད་སེང་གེའི་སྒྲ། །
རིང་ནས་ནུབ་པ་སླར་ཡང་གསལ་མཛད་པའི། །
གངྒཱ་མཻ་ཏྲིའི་ཞབས་ལ་གསོལ་བ་འདེབས། །”ཞེས་གསུངས་སོ། །དེ་ལས་པནྚི་ཏ་དགའ་བའི་གྲགས་པ་ཞེས་པས་ཞུས། དེས་བླ་མ་སཛྫ་ནར་བཤད། དེ་ལས་ལོ་ཙཱ་བ་ཆེན་པོ་བློ་ལྡན་ཤེས་རབ་དང་བཙན་ཁ་བོ་ཆེ་གཉིས་ཞུས་པས་བྱམས་ཆོས་རིང་ལུགས་མཚན་ཉིད་པ་དང་སྒོམ་ལུགས་པ་གཉིས་སུ་གྱེས་པ་ལས་རང་ལུགས་བྱམས་ཆོས་སྒོམ་ལུགས་པའི་ཁོངས་སུ་གཏོགས་པར་ཐ་སྙད་དང་བཅས་པ་གཞན་སྟོང་སྙིང་པོར་གསལ་ལོ། །དེའི་སྐོར་གཞན་དུ་ཤེས་པར་བྱ།
གང་ལྟར་ཀྱང་རང་ལུགས་ལ་བྱམས་ཆོས་སྡེ་ལྔ་དུས་ནམ་བརྩམས་མིན་ལ་རང་ལུགས་ཀྱི་སྔོན་བྱོན་མཁས་པས་གསལ་ཁ་ཆེར་མ་མཛད་ནའང་གཞུང་གོང་འོག་ཞིབ་བསྡུར་གནང་ན་སློབ་དཔོན་ཨ་བྷྱ་ཀ་རའམ་འཇིགས་མེད་འབྱུང་གནས་ཀྱི་རྗེས་སུ་འབྲང་དགོས་པར་སྣང་ངོ་།། ད་དུང་དཔྱད་རྒྱུ་སྣང་ནའང་མང་དུ་དོགས་ནས་མ་བྲིས་སོ།།

དེའི་འགྲེལ་བ་རྒྱུད་བླ་མའི་འགྲེལ་བ་ལེགས་བཤད་ཉི་མའི་འོད་ཟེར་དེའོ། །

ཀུན་མཁྱེན་དོལ་པོ་སངས་རྒྱས།
རྒྱུད་བླ་མའི་འགྲེལ་བ་ལེགས་བཤད་ཉི་མའི་འོད་ཟེར་མཛད་པ་པོ་ཆོས་རྗེ་ཀུན་མཁྱེན་ཆེན་པོ་ནི་(༡༢༩༢-༡༣༦༡) མདོ་རྒྱུད་དུ་མར་ལུང་གིས་བསྔགས་པའི་གངས་ཅན་ལྗོངས་ཀྱི་མདོ་སྔགས་ཟུང་འབྲེལ་གྱི་གཞན་སྟོང་དབུ་མའི་ཤིང་རྟ་བ་གཅིག་པུར་ངེས། ཁོང་ནི་རབ་བྱུང་ལྔ་བའི་ཆུ་ཕོ་འབྲུག་ལ་སྐུ་འཁྲུངས་ཤིང་བླ་མ་སུམ་ཅུ་ལྷག་ཚུལ་བཞིན་དུ་བརྟེན་ནས་དབུས་གཙང་གཉིས་སུ་གྲྭ་སྐོར་མཛད་པས་ཀུན་མཁྱེན་ཞེས་པའི་མཚན་གྱི་སྙན་པ་ས་ཁྱབ་རྡོ་ཁྱབ་ཏུ་གྱུར། དགུང་ལོ་སོ་ལྔ་པར་ཇོ་ནང་གི་གདན་རབས་སུ་བཞུགས་ཏེ་ལོ་གཉིས་ཙམ་ནས་ཆོས་ཀྱི་རྗེ་བོ་མཁས་བཙུན་ཡོན་ཏན་རྒྱ་མཚོ་དགོངས་པ་གཞན་དོན་དུ་རྫོགས། དེའི་གཤེགས་རྫོངས་ལ་སྐུ་འབུམ་མཐོང་གྲོལ་ཆེན་མོ་བརྗིད་ཆགས་ཤིང་ལྟ་ན་སྡུག་པ་ཞིག་གསར་བཞེངས་མཛད་པས་མདོ་སྔགས་ཟུང་འབྲེལ་གྱི་གཞན་སྟོང་དབུ་མའི་ལྟ་བ་ཇི་བཞིན་ཐུགས་ལ་འཁྲུངས་ནས་བཤེས་གཉེན་དམ་པ་བཅུ་ལྷག་ལ་སྙིང་པོའི་མདོ་བཅུའི་བཤད་པ་རང་བཞེད་རྩལ་དུ་བཏོན་ནས་རྒྱས་པར་གསུངས། གཞན་སྟོང་སྟོན་པའི་དཔེ་རྣམས་ཕྱོགས་ཕྱོགས་སུ་ཁྱབ་པས་ཕལ་གྱི་བློར་མ་ཤོང་བས་དངོས་སུ་འབེལ་གཏམ་དང་རྩོད་པ་ཞུས་པ་རྣམས་རྒྱ་མཚོ་ལ་ཁ་བ་བབས་པ་བཞིན་དུ་སོང་བས་གྲུབ་མཐའ་ལ་ངེས་ཤེས་དང་། བླ་མ་ལ་དད་པ་ཐོབ། རིང་ནས་ངག་ལན་དང་རྩོད་ཡིག་བསྐུར་བ་རྣམས་ལ་ཆོས་དང་མཐུན་པའི་ལན་མཛད་པས་ངེས་པ་རྙེད། ཕྱིས་གྲུབ་མཐའ་དེ་རྩོད་བྲལ་དུ་སོང་ནས་ཕྱོགས་བཞིའི་དགེ་བཤེས་དུ་མས་བསྐུལ་ནས་རི་ཆོས་ངེས་དོན་རྒྱ་མཚོ་དང་བཀའ་བསྡུ་བཞི་བ། རྒྱུད་བླའི་འགྲེལ་བ་ལེགས་བཤད་ཉི་མའི་འོད་ཟེར་དང་དུས་འཁོར་མཆན་འགྲེལ་ཆེན་མོ་སོགས་གསུང་རྩོམ་པོད་ཆེན་བཅུ་དྲུག་ལྷག་མཛད་དེ་བསྟན་པ་ལ་དག་ཐེར་མཛད་པ་སོགས་ཀྱི་རྣམ་ཐར་རྒྱསཔར་གཞན་ལས་ཤེས་པར་བྱའོ། །

རྒྱུད་བླའི་འགྲེལ་བ་འདི་དང་འབྲེལ་ཏེ་ཁོང་གིས་རྒྱུད་བླར་བཞག་པའི་མཛད་པའི་ཆེན་གླེང་བ།

ཆོས་རྗེ་ཀུན་མཁྱེན་ཆེན་པོས། “བདག་གིས་ནི་དང་པོར་གཞུང་ལུགས་ཆེན་པོ་རྣམས་ལ་མང་དུ་ཐོས་པ་བགྱིས་ཤིང་། དེ་ནས་རྒྱ་བོད་ཀྱི་གདམས་ངག་ཟབ་པར་གྲགས་པ་རྣམས་ལ་ཉམས་ལེན་བགྱིས་ནས། སོ་སོའི་ཉམས་རྟོགས་ཀྱང་ཐད་ཀ་ཐད་ཀར་སྐྱེས་ལ། དེ་ནས་རྩ་རྒྱུད་ཆེན་པོ་རྣམས་ཀྱི་ངེས་དོན། དཔལ་ལྡན་ཀཱ་ལ་པའི་གདམས་ངག རིགས་ལྡན་ས་བཅུ་པ་རྣམས་ཀྱིས་སྙིང་གཏམ་ཟབ་མོ་ཐུན་མོང་མ་ཡིན་པ་དང་མཇལ་བའི་བྱིན་རླབས་ཅུང་ཟད་ཞུགས་པ་ལ་བརྟེན་ནས། བདག་འཛིན་ཅན་གྱི་མཁས་པ་པཎྜི་ཏ་རྣམས་དང་། ཉམས་རྟོགས་ཅན་གྱི་སྒོམ་ཆེན་ཕལ་དང་། སྔགས་འཆང་རིག་འཛིན་ཆེན་པོར་རློམ་པ་ཕལ་གྱིས་མ་རྙེད་ཅིང་མ་རྟོགས་ལ་ཁུངས་མ་ཆོད་པའི་གནད་ཟབ་མོ་མང་དུ་རྙེད་ཅིང་། རྟོགས་པ་བཟང་པོ་ནང་ནས་རྡོལ་བའི་ཕྱིར། དོན་འདི་ལ་སངས་རྒྱས་ཀྱིས་ཀྱང་ངེས་པར་བཟློག་པར་མི་སྤྱོད་ཅིང་། ཐེ་ཚོམ་དྲི་རྒྱུ་མེད་པ་ཙམ་གྱི་ངེས་ཤེས་ཁྱད་པར་ཅན་མཆིས་པའི་ཕྱིར་རོ། །”ཞེས་གསུངས་པ་ལྟར། དང་པོར་སྐྱི་སྟོན་འཇམ་དབྱངས་ཁུ་དབོན་རྣམས་དང་རྟ་ནག་རིན་ཆེན་ཡེ་ཤེས་སོགས་བཤེས་གཉེན་དུ་མའི་མདུན་དུ་བྱམས་ཆོས་སྡེ་ལྔ་དང་། ས་སྡེ་ལྔ། ཚད་མའི་སྐོར་སོགས་ཆོས་སྐོར་དཔག་ཏུ་མེད་པ་ཞུས། བར་སྐབས་ཤིག་ནས་མཁས་བཙུན་ཡོན་ཏན་རྒྱ་མཚོའི་དྲུང་དུ་སྦྱོར་དྲུག་ཟབ་ཆོས་སྣ་ཚོགས་པ་གསན་ཅིང་། གསན་པ་ལྟར་ཟབ་ཆོས་དེ་དག་ཉམས་སུ་བླངས་ནས། རྟོགས་པ་རྣམས་ཀྱང་ཐད་སོར་ཐད་སོར་སྐྱེས་ནས། སེམས་འགྲེལ་སྐོར་གསུམ་གྱི་མན་ངག་ལ་མཇལ་བའི་བྱིན་རླབས་བཞུགས་པས་གཞན་སྟོང་གི་ལྟ་བ་ཇི་བཞིན་ཐུགས་ལ་འཁྲུངས་ནས་སངས་རྒྱས་ཀྱིས་ཀྱང་བཟློག་ཏུ་མེད་པའི་ངེས་ཤེས་འཁྲུངས་ཕྱིར། ཕྱིས་སུ་བྱམས་ཆོས་ལྔ་ཀ་སེམས་འགྲེལ་སྐོར་གསུམ་དང་གནད་གཅིག་པར་གཟིགས་ནས་གཞན་སྟོང་དབུ་མར་གོ་ཞིང་བཀའ་དང་མཉམ་པའི་འགྲེལ་བ་ཞེས་གདེངས་འཇོག་བླ་ན་མེད་པ་མཛད། དེ་ཙམ་དུ་མ་ཟད་དུས་རྒྱུན་དུ་བསྟན་བཅོས་དེ་དག་སྙིང་པོར་བཟུང་ནས་གཞན་ལ་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་བསྟན་པ་བསྐྱངས་པར་མཛད་པའི་ཚུལ་ནི། དུས་འཁོར་ཆོས་འབྱུང་ལས། “གདམས་ངག་འཁྲིད་ཚུལ་ཐ་དད་པ་ཡང་མང་དུ་གསུང་མོད་ཀྱི། གཙོ་བོར་ཤེར་ཕྱིན་གྱི་མདོ་དང་། མངོན་རྟོགས་རྒྱན། སྙིང་པོའི་མདོ་དང་རྒྱུད་བླ་མ། དུས་ཀྱི་འཁོར་ལོའི་དབང་ཁྲིད། སེམས་འགྲེལ་སྐོར་གསུམ་གྱི་བཤད་པ་དང་བཅས་པ་རྣམས་རྟག་ཏུ་གསུང་བ་ལྟ་བུ་ཡིན་ཞིང་། ཐེག་པ་མཐའ་དག་གི་ངེས་པའི་དོན་ཡང་དེ་དག་ལས་བརྩམས་ཏེ་གསུང་ངོ་། །”ཞེས་གསུངས་སོ། །

དེ་དག་འབྲེལ་བའི་བསྟན་བཅོས་ཀྱང་མང་དུ་མཛད།
དེའི་ནང་ནས་རྒྱུད་བླའི་འགྲེལ་བའི་སྐོར་ལ། <ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་ཀྱི་རྣམ་པར་བཤད་པ་ཐོགས་མེད་ཀྱིས་མཛད་པ་ལ་དོལ་པོ་པ་ཤེས་རབ་རྒྱལ་མཚན་གྱིས་མཆན་བུས་གསལ་བར་ཕྱེ་བ་>དང་<རྒྱུད་བླ་མའི་འགྲེལ་བ་ལེགས་བཤད་ཉི་མའི་འོད་ཟེར་>ཞེས་བྱ་བའི་བསྟན་བཅོས་གཉིས་ཙམ་མཛད་དེ་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་གཏན་ལ་ཕབ།

ཞུ་བ་པོ་དང་བརྩམས་པའི་ཡུལ་ནི།
རྒྱུད་བླའི་འགྲེལ་བ་ལེགས་བཤད་ཉི་མའི་འོད་ཟེར་འདི་ནི། ཀུན་མཁྱེན་ཆོས་རྗེ་མཆོག་གི་བུ་ཆེན་བཅུ་གསུམ་མམ་བཅུ་བཞིའི་ཡ་གྱལ་ཆོས་རྗེ་ཕུན་ཚོགས་དཔལ་བཟང་སོགས་ཀྱིས་བསྐུལ་ངོར་ཇོ་ནང་དཔལ་གྱི་རི་ཁྲོད་དུ་བརྩམས་པར་མཇུག་བྱང་རང་ན་གསལ་ཏེ།
གཞུང་དེ་ཉིད་ལས།
“མ་རྟོགས་ལོག་པར་རྟོག་དང་ཐེ་ཚོམ་གྱི། །
མུན་པ་ཐམས་ཅད་དྲུངས་ནས་འབྱིན་བྱེད་པ། །ལེགས་བཤད་འདི་ནི་ཉི་མའི་འོད་ཟེར་ཡིན། །
དགེ་བས་འགྲོ་ཀུན་མུན་པ་སེལ་བར་ཤོག །
སྡེ་སྣོད་འཛིན་པ་དཔལ་ལྡན་བརྩོན་འགྲུས་དང་། ཕུན་ཚོགས་དཔལ་གཉིས་ཀྱིས་གསོལ་བ་བཏབ་པའི་ངོར། ཇོ་ནང་དཔལ་གྱི་རི་ཁྲོད་དུ། རྒྱལ་ཁམས་ཕྱོགས་མེད་རིས་མེད་པ་རྟོན་པ་བཞི་ལྡན་གྱིས་སྦྱར་བའོ།། །།” ཞེས་གསུངས་པ་ལྟར་རོ།།

བརྩམས་དུས་ནི། ཡོན་གོང་མ་ཐོ་གན་ཐེ་མུར་གྱིས་ཁོང་གི་མཚན་སྙན་ཐོས་ནས་གདན་འདྲེན་ཞུས་ཀྱང་བོད་ཀྱི་བསྟན་སྲིད་ལ་དགོངས་ནས་རྒྱ་ནག་ཏུ་མ་བྱོན་པར་ཡར་ཇོ་ནང་དུ་ཕེབས་རྗེས་སུ་བརྩམས་པ་ཡིན་དགོས་སྙམ་ཏེ། ཀུན་སྤངས་ཆོས་གྲགས་དཔལ་གྱིས་མཛད་པའི་སྐྱེ་རབས་ཁྱད་འཕགས་ལས། “དེ་ནས་རིམ་པ་བཞིན་དུ་ཡར་བྱོན་ནས། ཇོ་ནང་དུ་ཕེབས་པས། གཡའ་བཟང་རིན་པོ་ཆེས་བསྐུལ་ནས། སྒྲུབ་ཐབས་དཔག་བསམ་ལྗོན་ཤིང་ལ་སོགས་སྒྲུབ་ཐབས་མང་དུ་མཛད་དོ། །ཆོས་རྗེ་ཕུན་ཚོགས་དཔལ་གྱིས་བསྐུལ་ནས་རྒྱུད་བླ་མའི་འགྲེལ་པ་ལ་སོགས་བསྟན་ཆོས་མང་དུ་མཛད་དོ། །”ཞེས་གསུངས་སོ། །དེ་དུས་སྤྱི་ལོ་༡༣༤༤ ལོ་སྟེ་དགུང་ལོ་ལྔ་བཅུ་ང་གསུམ་པའི་རྗེས་སུ་ཡིན་པར་མངོན་ཏེ། ཧོར་གོང་མས་རྒྱ་ནག་ཏུ་གདན་འདྲེན་ཞུས་དུས་ནི་དགུང་ལོ་ང་གསུམ་ཡིན་པར། ཆོས་ཀྱི་རྗེ་ཀུན་མཁྱེན་ཆེན་པོ་ཡབ་སྲས་བཅོ་ལྔའི་རྣམ་ཐར་ལས། “ཆོས་རྗེས་ཀྱང་སྐུ་མཚམས་གཙོ་བོར་མཛད་ཅིང་སྐུའི་གྲགས་པ་རྒྱ་ནག་ཏུ་ཁྱབ་པས་དགུང་ལོ་ང་གསུམ་བཞེས་པའི་ཚེ། རྒྱལ་པོའི་གསེར་ཡིག་པ་གདན་འདྲེན་དུ་འོངས་སོ། །”ཞེས་དང་། སྐྱབས་མགོན་མ་ཏིས་མཛད་པའི་ཀུན་མཁྱེན་རྟོན་པ་བཞི་ལྡན་གྱི་སྐྱེས་རབས་རྣམ་ཐར་ཚིགས་བཅད་མ་ལས། “དེ་ལྟར་མཛད་རྒྱས་དགུང་གྲངས་ང་གསུམ་སྐབས། །”ཞེས་གསུངས་སོ། །སྤྱིར་ཁོང་གིས་དགུང་ལོ་སྨད་ལ་བརྩམས་པའི་གཞུང་ལུགས་གཞན་ནང་གཞན་སྟོང་ཞེས་པའི་ཐ་སྙད་བཀོལ་སྤྱོད་རྒྱ་ཆེར་གནང་འདུག་ཀྱང་གཞུང་ལུགས་འདིའི་ནང་དུ་ཐ་སྙད་འདི་གཅིག་ཀྱང་བཀོལ་མེད་པའི་རྒྱུ་མཚན་གྱིས། ཁ་ཅིག་གིས་གཞུང་ལུགས་འདི་ཁོང་ཇོ་ནང་མ་བྱོན་གོང་དུ་བརྩམས་པ་ཡིན་པར་འདོད་ཀྱང་དེ་ལྟར་མིན་པར་མཇུག་བྱང་རང་ན་གསལ་ཞེས་མཁན་ཆེན་ཡིད་བཞིན་ནོར་བུ་མཆོག་གིས་གསུངས་པ་ལྟར་གོང་དུའང་ལུང་རིགས་གཉིས་ཀྱིས་བསྒྲུབས་ཟིན།

འགྲེལ་ཚུལ་དང་བསྟན་བཅོས་འདིའི་ཤུགས་རྐྱེན་ནི། འཕྲོས་དོན་གྱི་སྤྲོས་པ་དོར་ཏེ་ས་བཅད་བཀྲལ་ཚུལ་དང་གཞུང་གི་ཚིག་འབྲུ་འགྲེལ་ཚུལ་སོགས་ཕུན་སུམ་ཚོགས་པ་གོ་སླ་ལ་དོན་རྫོགས་པར་མཛད་པས་མཁས་པ་ཀུན་གྱིས་ཡིད་སེམས་གཏིང་ནས་མགུ་བར་མཛད། དེ་ཡང་ཁོང་གི་དངོས་སློབ་ས་བཟང་ལོ་ཙཱ་བ་མ་ཏི་པཎ་ཆེན་གྱིས་ཀྱང་ས་བཅད་དང་ཚིག་གི་འགྲེལ་ཚུལ་ཀུན་མཁྱེན་གྱི་རྒྱུད་བླའི་འགྲེལ་བ་བཞིན་སོར་བཞག་བྱས་ནས། སྤྱི་དོན་དང་འཕྲོས་དོན་གྱི་འགལ་བརྟག་སོགས་ཚང་བར་བྱས་ཏེ་<ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་ཀྱི་རྣམ་པར་བཤད་པ་ངེས་དོན་རབ་གསལ་སྣང་བ་>ཞེས་བྱ་བའི་འགྲེལ་བ་ཁྱད་འཕགས་ཤིག་མཛད་ཅིང་། ད་དུང་ས་བཟང་ལོ་ཙཱ་བས་རྔོག་བསྒྱུར་ལ་བསྒྱུར་བཅོས་ལེགས་པར་མཛད་ཚུལ་ནི། རྒྱུད་བླ་མའི་འགྲེལ་བ་འདིའི་མཇུག་བྱང་རང་ན། “སླར་ཡང་མཆོག་ཏུ་ཟབ་པའི་གཞུང་འདི་ལ། །
ལྷག་པར་མསོ་པའི་བཙུན་པ་བློ་གྲོས་ཀྱིས། །
འཕགས་པའི་ཡུལ་གྱི་དཔེ་ལ་ལེགས་གཏུགས་ནས། ། ཅུང་ཟད་བཅོས་ཤིང་ཤིན་ཏུ་དག་པར་བགྱིས། །
ཞེས་ཀྱང་བྱ་སྟེ། བདག་གིས་ཀྱང་མཆོག་ཏུ་ཟབ་པའི་ཚུལ་ལ་ལྷག་པར་མོས་པའི་དབང་གིས་རྒྱ་གར་འཕགས་པའི་ཡུལ་གྱི་དཔེ་ལ་གཏུགས་ཏེ། ཅུང་ཟད་བཅོས་ཤིང་ཤིན་ཏུ་དག་པར་བགྱིས་པའོ། །”ཞེས་གསུངས་ལ། ས་བཟང་གི་རྒྱུད་བླའི་ཊཱི་ཀ་དེ་ཉིད་ཀུན་མཁྱེན་གྱི་རྒྱུད་བླ་མའི་འགྲེལ་བ་ལས་རྗེས་སུ་བྱུང་བ་ཡིན་ཡང་། རྒྱུད་བླ་མ་ལ་བསྒྱུར་བཅོས་མཛད་དུས་ནི་ཀུན་མཁྱེན་གྱིས་རྒྱུད་བླ་མ་ལ་ཊཱི་ཀ་མ་མཛད་པའི་སྔ་རོལ་ནས་ཡིན་དགོས་པར་སྣང་སྟེ།
ས་བཟང་གི་རྒྱུད་བླའི་འགྲེལ་བ་ལས།
“སངས་རྒྱས་ཡེ་ཤེས་སེམས་ཅན་ཚོགས་ཞུགས་ཕྱིར། །རང་བཞིན་དྲི་མེད་དེ་ནི་གཉིས་མེད་ཕྱིར། །
སངས་རྒྱས་རིགས་ལ་དེ་འབྲས་ཉེར་སྤྱོད་ཕྱིར། །
འགྲོ་ཀུན་སངས་རྒྱས་སྙིང་པོ་ཅན་དུ་གསུངས། །
ཞེས་པའང་རྒྱ་གར་གྱི་དཔེ་འགའ་ཞིག་ལ་ཡོད་པས་ས༷ངས་རྒྱ༷ས་རྣམས་ཀྱི་དོན་དམ་པའི་ཡེ༷་ཤེ༷ས་ཀྱི་སྐུ་ནི་སེ༷མས་ཅ༷ན་གྱི་ཚོ༷གས་ཐམས་ཅད་ལ་ཁྱབ་པར་ཞུ༷གས་པའི་ཕྱི༵ར་དང་། ར༷ང་བཞི༷ན་གྱིས་རྣམ་པར་དག་ཅིང་དྲི༷་མ་མེ༷ད་པའི་དེ་བཞིན་ཉིད་དེ༷་ནི༷་འཁོར་བ་དང་མྱ་ངན་ལས་འདས་པ་དག་ལ་གཉི༷ས་སུ་དབྱེར་མེ༷ད་པར་གནས་པའི་ཕྱི༵ར་དང་། ས༷ངས་རྒྱ༷ས་ཉིད་འགྲུབ་པའི་རི༷གས་ཁམས་སྒྲིབ་པ་དང་བཅས་པའི་གནས་སྐབས་ལ༷་ཡང་དེ༷་དྲི་མ་དང་བྲལ་བའི་འབྲ༷ས་བུ་ཆོས་ཀྱི་སྐུ་ཐ་དད་མེད་པར་ཉེ༷་བར་སྤྱོ༷ད་ཅིང་ཡོད་པའི་ཕྱི༵ར་ན། འགྲོ༷་བ་མ་ལུས་པ་ཀུ༷ན་དོན་དམ་པའི་ས༷ངས་རྒྱ༷ས་ཀྱི་སྙི༷ང་པོ༷་ཅ༷ན་ཉིད་དུ༷་ངེས་པའི་དོན་གྱི་གསུང་རབ་མཐའ་དག་ལས་གསུ༵ངས་ཞེས་པའི་དོན་ཏེ། འོག་མ་དང་རིམ་པ་ལྟར་སྦྱར་ནས་བཤད་དུའང་རུང་ལ། ཡང་ན་དོན་གཅིག་པ་ཉིད་ཀྱི་ཕྱིར་དང་། གཞུང་མང་པོ་ལ་མེད་པས་མ་བཤད་ཀྱང་ཆོག་གོ །”ཞེས་དང་།
གྷ་རུང་པའི་ཊཱི་ཀ་ལས། “སངས་རྒྱས་ཡེ་ཤེས་སེམས་ཅན་ཚོགས་ཞུགས་ཕྱིར། །རང་བཞིན་དྲི་མེད་དེ་ནི་གཉིས་མེད་དེ། །སངས་རྒྱས་རིགས་ལ་དེ་འབྲས་ཉེར་སྤྱོད་ཕྱིར། །འགྲོ་ཀུན་སངས་རྒྱས་སྙིང་པོ་ཅན་དུ་གསུངས། །ཞེས་རྒྱ་དཔེ་ལ་ལར་ཡོད་ལ། འདིའི་ཉེར་སྤྱོད་ཕྱིར་ཞེས་པ་ཆོས་རྗེ་ས་བཟང་པའི་འགྱུར་ལ་བྱུང་བ་ནང་འགལ་མེད་པས་ལེགས་ཤིང་། རྔོག་འགྱུར་འགའ་རེར་ཉེར་བརྟགས་ཕྱིར་ཞེས་པ་ནང་འགལ་ལོ། །འོན་ཀྱང་ཚིགས་བཅད་གཅིག་པོ་འདི་རྒྱ་དཔེ་འགའ་ལ་མེད་ཅིང་འཆོལ་ཤོར་བར་བྱེད་པས་དོར་ཡང་རུང་ངོ་། །”ཞེས་ས་བཟང་གིས་རྒྱ་དཔེ་མང་ཆེ་བ་ལ་ཚིགས་བཅད་འདི་མི་བཞུགས་པར་མ་ཟད་དོན་ཡང་“རྫོགས་སངས་སྐུ་ནི་འཕྲོ་ཕྱིར་དང་”ཞེས་པའི་སྐབས་ཀྱི་ཤོ་ལོ་ཀ་དང་གཅིག་པ་ཉིད་དུ་གནས་པས་དོར་ཀྱང་རུང་བར་གསུངས་པ་ལྟར་ཀུན་མཁྱེན་གྱི་རྒྱུད་བླར་ཚིགས་བཅད་དེ་དོར་ནས་དེའི་སྐོར་གང་ཡང་མི་གསལ་བས་སོ། །དེ་ལ་བརྟེན་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས། ཁོང་གི་རྒྱུད་བླའི་ཊཱི་ཀ་ལས། “འགྲེལ་པའི་དཔེ་རྒྱུན་ཁ་ཅིག་ཏུ་ཚིགས་བཅད་འདི་མ་བྱུང་ཡང་། འགོས་ལོ། དཀོན་གཞོན། རོང་སྟོན་སོགས་ཀྱིས་རྒྱས་པར་དྲངས་ཤིང་འཆད་པ་དང་། ཇོ་ནང་རྗེ་བཙུན་ཆེན་པོ་སོགས་ཀྱིས་རྒྱས་པར་འགྲེལ་ཡང་ད་ལྟའི་དཔེ་རྒྱུན་རྣམས་སུ་ཆད་པར་མངོན་ནོ། །”ཞེས་གསུངས་ཀྱང་ཆད་པ་མ་ཡིན་པ་འདྲ་བས་སླར་ཡང་དཔྱད་པར་ཞུ། དེ་ལྟར་རྩ་ཚིག་གང་དང་གང་ལ་ཡང་ས་བཟང་གི་བསྒྱུར་བཅོས་མཛད་པ་དེ་བཞིན་དུ་ཀུན་མཁྱེན་གྱིས་ཀྱང་གཞན་དང་མི་འདྲ་བར་དེ་བཞིན་འགྲེལ་ཡོད་པས་ས་བཟང་གིས་བསྒྱུར་བཅོས་མཛད་པའི་རྗེས་སུ་ཀུན་མཁྱེན་གྱིས་རྒྱུད་བླའི་ཊཱི་ཀ་མཛད་པར་གསལ་ལོ། །
ཡང་བརྟག་ཚུལ་གཞན་ཞིག་ནི། ཀུན་མཁྱེན་གྱི་ཊཱི་ཀ་ལས་ས་བཟང་གི་འགྲེལ་བ་དེ་ཉིད་སྔ་རོལ་ཏུ་མཛད་པ་ཡིན་སྙམ་པའི་ཟོལ་ཞིག་ཡོད་དེ། གྷ་རུང་པའི་རྒྱུད་བླའི་འགྲེལ་བ་ལས། “ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་ཀྱི་རྣམ་པར་བཤད་པ་དེ་ཉིད་སྣང་བ་ཞེས་བྱ་བ་འདི་མཚན་ཉིད་ཕྱོགས་ཀྱི་ལུང་རིགས་ལ་རྣམ་པར་བྱང་ཞིང་། ཁྱད་པར་དཔལ་དུས་ཀྱི་འཁོར་ལོ་ལ་སོགས་པ་རྡོ་རྗེ་ཐེག་པ་ལ་བློ་གྲོས་ཀྱི་སྣང་བ་རྒྱས་པའི་བཤེས་གཉེན་ཆེན་པོ་སློབ་དཔོན་ཨ་མོ་གྷས། རྒྱུད་བླའི་ཊི་ཀ་འཕགས་པ་ཐོགས་མེད་ཀྱི་འགྲེལ་པ་གཞིར་བཞག་ཅིང་ས་བཅད་ཆོས་རྗེ་ས་བཟངས་པའི་ལུགས་བཞིན་དུ་ཕྱེ་བ། རྒྱུད་བླའི་ཐུན་མོང་མ་ཡིན་པའི་ཆོས་སྐད་ལུང་རིགས་ཀྱི་ཟུར་ཐོན་པར་བྱ་དགོས་རྣམས་བཏོན་པ་ཅིག་གྱིས་ཤིག་ཅེས་པའི་གསུང་ཡིག་གིས་བསྐུལ་བ་ལ་བརྟེན་ནས། ཆོས་རྗེ་ཇོ་ནང་པ་ཡབ་སྲས་ཀྱི་བཀའ་དྲིན་ལས་ངེས་པའི་དོན་ལ་ཤེས་ནས་དད་པ་ཐོབ་པ། ཤཱཀྱའི་དགེ་སློང་ལྷའི་རྒྱལ་མཚན་གྱིས་སྟོན་པ་འདས་ནས་ལོ་ཉིས་སྟོང་ཉིས་བརྒྱ་དང་ཉེར་གསུམ་སོང་བའི་དུས། ལྕགས་ཕོ་རྟའི་ཁྲུམས་སྟོད་ཀྱི་ཉེར་ལྔ་ལ་གྲུབ་པར་དབེན་གནས་ནམ་མཁའ་མཛོད་དུ་སྦྱར་བ་བསྟན་པ་ལ་ཕན་པ་རྒྱ་ཆེན་པོར་གྱུར་ཅིག ལྷའི་རྒྱལ་མཚན་གྱིས་སྦྱིན་པར་བྱ་བའི་ཆོས་སོ། །”ཞེས་གསུངས་སོ། །གལ་ཏེ་ཀུན་མཁྱེན་གྱི་རྒྱུད་བླའི་ཊཱི་ཀ་དེ་ཉིད་ས་བཟང་གི་འགྲེལ་བ་ལས་སྔ་རོལ་ཏུ་བརྩམས་པ་ཡིན་ན་སློབ་དཔོན་ཨ་མོ་རྒས་ཀྱང་། རྒྱུད་བླའི་ཊི་ཀ་འཕགས་པ་ཐོགས་མེད་ཀྱི་འགྲེལ་པ་གཞིར་བཞག་ཅིང་ས་བཅད་ཆོས་རྗེ་ཀུན་མཁྱེན་དོལ་པོ་ལུགས་བཞིན་དུ་ཕྱེ་བ། རྒྱུད་བླའི་ཐུན་མོང་མ་ཡིན་པའི་ཆོས་སྐད་ལུང་རིགས་ཀྱི་ཟུར་ཐོན་པར་བྱ་དགོས་རྣམས་བཏོན་པ་ཞིག་གྱིས་ཤིག་ཅེས་གསུངས་དགོས་པ་ལས་དེ་ལྟར་མ་གསུངས་པར། ས་བཅད་ཆོས་རྗེ་ས་བཟངས་པའི་ལུགས་བཞིན་དུ་ཕྱེ་བ། ཞེས་གསུངས་པས་སོ་ཞེ་ན། གཞན་གྱི་བློ་གྲོས་འཕེལ་ཕྱིར་བདག་གིས་འདིར་དོགས་པ་བསུ་བ་ཙམ་ལས་ཁྱབ་བ་མ་ངེས་ཏེ། རྒྱུ་མཚན་གང་ལགས་ཤེ་ན། གལ་ཏེ་ས་བཟང་གིས་རྒྱུད་བླའི་ཊཱི་ཀ་དེ་ཉིད་སྔ་རོལ་ཏུ་མཛད་པ་ཡིན་ན། ཀུན་མཁྱེན་གྱི་རྒྱུད་བླའི་ཊཱི་ཀའི་ཚིག་ཕལ་ཆེ་བ་ས་བཟང་གི་རྒྱུད་བླའི་ཊཱི་ཀར་སྣང་བས་ཀུན་མཁྱེན་གྱིས་ཀྱང་སྐུལ་བ་པོ་རྣམས་ལ་ས་བཟང་གི་རྒྱུ་བླའི་ཊཱི་ཀ་དེ་ཉིད་ངོ་སྤྲོད་གནང་ན་ཆོག་པ་ལས་དེ་ལས་ལོགས་སུ་མཛད་དགོས་དོན་མེད་པས་སོ། །འོ་ན་ཀུན་མཁྱེན་གྱི་རྒྱུད་བླའི་ཊཱི་ཀ་དེ་ཉིད་ས་བཟང་གི་ཊཱི་ཀ་ལས་སྔ་རོལ་དུ་མཛད་ན་ས་བཟང་གི་ཊཱི་ཀ་ལ་ཡང་སྐྱོན་དེ་ལྟར་མི་འགྱུར་རམ་སྙམ་ན། ས་བཟང་ཊཱི་ཀ་དེ་ཉིད་ཚིག་འགྲེལ་ཙམ་ཡིན་ན་ནི་ཀུན་མཁྱེན་གྱི་རྒྱུད་བླའི་ཊཱི་ཀ་དང་ཁྱད་ཆེར་མེད་པས་མགོ་མཚུངས་ཀྱི་རིགས་པ་དེ་འཇུག་མོད། འོན་ཀྱང་ཊཱི་ཀ་དེ་ཉིད་དུ་ཚིག་འགྲེལ་ཀུན་མཁྱེན་གྱི་རྒྱུད་བླ་དང་ཁྱད་ཆེན་པོ་མེད་ཀྱང་སྤྱི་དོན་དང་འཕྲོས་དོན་གྱི་རྣམ་བཞག་རྒྱུད་བླ་དོལ་ཊཱིཀ་ལ་མེད་པ་ཁ་བསྐངས་ནས་མཛད་པས་སྐྱོན་དེ་མི་འཇུག་གོ། །ད་དུང་དཔྱད་པར་བྱ་དགོས་སོ།།

དེ་བཞིན་དུ་གྷ་རུང་བ་ལྷའི་རྒྱལ་མཚན་གྱིས་ཀྱང་ས་བཅད་སོགས་ཀུན་མཁྱེན་ལྟར་སོར་བཞག་བྱས་ནས་འཕྲོས་དོན་གྱི་རྣམ་བཞག་ཀྱང་ཅི་རིགས་པར་ཚང་བར་བྱས་པའི་འགྲེལ་བ་<ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་ཀྱི་རྣམ་པར་བཤད་པ་དེ་ཉིད་སྣང་བ>ཞེས་བྱ་བའི་བསྟན་བཅོས་ཤིག་མཛད་ཅིང་གཞུང་དེ་ཉིད་ནི་ཀུན་མཁྱེན་དང་ས་བཟང་གཉིས་ཀའི་རྒྱུད་བླའི་ཊཱི་ཀ་ལས་ཕྱིས་སུ་བརྩམས་པར་མཇུག་བྱང་རང་ན། “ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་ཀྱི་རྣམ་པར་བཤད་པ་དེ་ཉིད་སྣང་བ་ཞེས་བྱ་བ་འདི་མཚན་ཉིད་ཕྱོགས་ཀྱི་ལུང་རིགས་ལ་རྣམ་པར་བྱང་ཞིང་། ཁྱད་པར་དཔལ་དུས་ཀྱི་འཁོར་ལོ་ལ་སོགས་པ་རྡོ་རྗེ་ཐེག་པ་ལ་བློ་གྲོས་ཀྱི་སྣང་བ་རྒྱས་པའི་བཤེས་གཉེན་ཆེན་པོ་སློབ་དཔོན་ཨ་མོ་གྷས། རྒྱུད་བླའི་ཊི་ཀ་འཕགས་པ་ཐོགས་མེད་ཀྱི་འགྲེལ་པ་གཞིར་བཞག་
ཅིང་ས་བཅད་ཆོས་རྗེ་ས་བཟངས་པའི་ལུགས་བཞིན་དུ་ཕྱེ་བ། རྒྱུད་བླའི་ཐུན་མོང་མ་ཡིན་པའི་ཆོས་སྐད་ལུང་རིགས་ཀྱི་ཟུར་ཐོན་པར་བྱ་དགོས་རྣམས་བཏོན་པ་ཅིག་གྱིས་ཤིག་ཅེས་པའི་གསུང་ཡིག་གིས་བསྐུལ་བ་ལ་བརྟེན་ནས། ཆོས་རྗེ་ཇོ་ནང་པ་ཡབ་སྲས་ཀྱི་བཀའ་དྲིན་ལས་ངེས་པའི་དོན་ལ་ཤེས་ནས་དད་པ་ཐོབ་པ། ཤཱཀྱའི་དགེ་སློང་ལྷའི་རྒྱལ་མཚན་གྱིས་སྟོན་པ་འདས་ནས་ལོ་ཉིས་སྟོང་ཉིས་བརྒྱ་དང་ཉེར་གསུམ་སོང་བའི་དུས། ལྕགས་ཕོ་རྟའི་ཁྲུམས་སྟོད་ཀྱི་ཉེར་ལྔ་ལ་གྲུབ་པར་དབེན་གནས་ནམ་མཁའ་མཛོད་དུ་སྦྱར་བ་བསྟན་པ་ལ་ཕན་པ་རྒྱ་ཆེན་པོར་གྱུར་ཅིག ལྷའི་རྒྱལ་མཚན་གྱིས་སྦྱིན་པར་བྱ་བའི་ཆོས་སོ། །”ཞེས་ལྕགས་ཕོ་རྟ་ལོ་སྟེ་ཁོང་དགུང་ལོ་བདུན་ཅུ་རྩ་གཅིག་སྐབས་ཕྱི་ལོ་ ༡༣༩༠ ལོ་ལ་བརྩམས་པ་ཡིན་སྙམ་མོ། །

ཞང་སྟོན་བསོད་ནམས་གྲགས་པས་ཀྱང་རྒྱུད་བླའི་འགྲེལ་བ་འདི་ལ་བརྟེན་ནས་གནད་འགའ་ཞིག་ཏུ་སྤྱི་དོན་དང་བཅས་ལ་དོན་འགྲེལ་གཙོ་བོར་མཛད་ཅིང་ཕལ་ཆེ་བ་ལ་མདོ་དང་སྦྱར་ནས་བྱས་པའི་བསྟན་བཅོས་<རྒྱུད་བླའི་འགྲེལ་པ་བཀའ་འཁོར་ལོ་ཐ་མའི་གསལ་བྱེད་>ཅེས་པ་ཞིག་ཀྱང་མཛད། འགྲེལ་བ་རང་ལ་གཟིགས་ན་རྒྱུད་བླ་ཐོགས་འགྲེལ་གྱི་འགྲེལ་བཤད་ཡིན་པ་ལྟ་བུར་ཡོད་ཅིང་གནད་འགའ་ཞིག་ལ་དཔྱད་པ་ཁ་གསལ་བ་འདུག་པས་དཔྱད་གཞི་ཆེ་བར་སྣང་ངོ་། །བསྟན་བཅོས་འདི་ནམ་བརྩམས་མིན་ལ་ཁ་གསལ་ཁུངས་སྐྱེལ་ཞིག་མ་མཐོང་ནའང་ཁོང་ནི་ཕྱི་ལོ་ ༡༣༧༠ ལོར་དགོངས་པ་རྫོགས་ཟིན་པའི་དབང་དུ་བཏང་ན་གྷ་རུང་པའི་རྒྱུད་བླའི་ཊཱི་ཀ་ལས་ལོ་ཉི་ཤུ་ལྷག་སྔ་རོལ་ཏུ་བརྩམས་ཟིན་པ་ཡིན་པར་ཤེས་ཐུབ། གཞན་ཡང་ཁོང་གི་དངོས་སློབ་ཁྲོད་ནས་མཚལ་མིན་པ་བསོད་ནམས་བཟང་པོས་ཀྱང་དགུང་ལོ་གྱ་ལྔ་པ་ལ་རྒྱུད་བླ་མའི་འགྲེལ་བ་ཞིག་མཛད་པར་རྣམ་ཐར་སོགས་ན་གསལ་ནའང་དེང་དུས་ཀུན་གྱི་མཐོང་ཐོས་སུ་མེད། དེ་ལྟ་བུ་སོགས་མཚོན་པས་ཆོས་རྗེ་ཀུན་མཁྱེན་ཇོ་ནང་པ་ཁོང་གི་དངོས་སློབ་ཡང་སློབ་སོགས་ཀྱིས་ཀྱང་རྒྱུད་བླ་མ་འདི་གཙུག་གི་ནོར་བུ་བཟུང་ནས་འཆད་རྩོད་གསུམ་གྱི་སྒོ་ནས་བསྟན་པ་རྒྱས་པར་མཛད།
རིམ་བཞིན་བོད་གངས་རིའི་ལྗོངས་འདིར་རྒྱུད་བླ་མའི་འཕྲིན་ལས་རྒྱ་ཆེར་དར་བ་བྱུང་བ་ནི་ཁོང་གི་བཀའ་དྲིན་ཉག་གཅིག་ལ་བརྟེན་ནས་བྱུང་བ་ཡིན་ཞེས་བཤད་ན་ཐལ་མི་ཆེ་སྙམ་ཏེ། དེ་ཡང་དེབ་ཐེར་སྔོན་པོར། “ཀུན་མཁྱེན་ཇོ་མོ་ནང་པས་དེ་བཞིན་གཤེགས་པའི་སྙིང་པོ་བདེན་རྟག་ཏུ་ཁས་བླངས་པ་ནོར་རོ་ཞེས་ཁ་ཟེར་བ་དག་ཡོད་ཀྱང་། རྒྱུད་བླ་མ་ཡི་དམ་དུ་བྱེད་པ་དབུས་གཙང་ན་མང་དུ་འདུག་པ་རྣམས་ནི་ཁོང་གི་དྲིན་ལས་ཡིན་པར་སྣང་ངོ་། །”ཞེས་གསུངསཔ་དང་། རྗེ་བཙུན་ཆེན་པོའི་དུས་འཁོར་ཆོས་འབྱུང་ལས། “སྔོན་བཞིན་གསལ་བར་མ་གྱུར་ཀྱང་། དུས་ཀྱི་ཐ་མའི་ཐ་མ་ད་ལྟའི་བར་དུ་ཡང་། རྡོ་རྗེའི་རྣལ་འབྱོར་སྒོམ་པ་དང་། དེ་བཞིན་གཤེགས་པའི་སྙིང་པོའི་གཏམ་སྲོལ་ཁ་མ་ནུབ་ཙམ་ཡོད་ཅིང་། བར་སྐབས་སུ་མང་དུ་བྱུང་བ་ནི་དམ་པ་འདི་ཁོ་ནའི་དྲིན་ནོ། །”ཞེས་གསུངས་སོ། །
དེ་ཙམ་དུ་མ་ཟད་དེང་སང་ཕལ་ཆེ་བས་རྒྱུད་བླ་མ་འདི་ཉིད་དབུ་མའི་གཞུང་ལུགས་སུ་སྨྲ་བ་ཡང་ཀུན་མཁྱེན་ཉིད་ཀྱི་དྲིན་དུ་ཤེས་དགོས་ཏེ། ཀུན་མཁྱེན་དུས་སྐབས་སུ་བྱམས་ཆོས་ཕྱི་མ་བཞི་ཀ་སེམས་ཙམ་པའི་རང་གཞུང་དུ་འདོད་མཁན་ཡང་མང་དུ་བྱུང་བར་ཀུན་མཁྱེན་བདེན་གཉིས་གསལ་བའི་ཉི་མ་གཙོས་པའི་དེའི་སྐབས་ཀྱི་བསྟན་བཅོས་མང་པོ་ལས་ཤེས་ནུས་པ་དང་། རེད་མདའ་བས་ཐོག་མར་རྒྱུད་བླ་མ་འདི་ཉིད་སེམས་ཙམ་པའི་བསྟན་བཅོས་སུ་མཛད་ནས་དེ་དང་མཐུན་པའི་ཊཱི་ཀ་ཡང་མཛད་པར་དེབ་ཐེར་སྔོན་པོར་གསལ་བ་དང་། ཕྱིས་སུ་མང་ཐོས་ཀླུ་སྒྲུབ་རྒྱ་མཚོ་སོགས་མཁས་པ་རེ་གཉིས་ཙམ་གྱིས་ཀྱང་རྒྱུད་བླ་མ་འདི་ཉིད་སེམས་ཙམ་པར་འདོད་པ་བྱུང་ནའང་དེ་ལྟ་བུའི་ཁས་ལེན་རྒྱ་ཆེར་དར་བ་མ་བྱུང་བ་ནི་གཙོ་བོ་ཆོས་རྗེ་ཀུན་མཁྱེན་ཆེན་པོའི་འཕྲིན་ལས་སོ། །
ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ་སོགས་ཀྱིས་ཀྱང་ས་བཅད་དང་ཚིག་གི་འབྲུ་འགྲེལ་ཕལ་ཆེ་བ་སོགས་ཀུན་མཁྱེན་གྱི་འགྲེལ་མཆོག་བཞིན་སོར་བཞག་བྱས་ཡོད་པ་དང་། ཀུན་མཁྱེན་འཇུ་མི་ཕམ་པས་ཀྱང་འགྲེལ་མཆོག་འདི་ཉིད་རྩོམ་གཞིར་བྱས་ནས་མཛད་པ་དང་། འགྲེལ་བ་དེའི་ནང་བཞུགས་པའི་ས་བཅད་ཀྱང་ཀུན་མཁྱེན་གྱི་རྒྱུད་བླ་དང་མཐུན་པར་བཞུགས་པ་སོགས་ཆོས་བརྒྱུད་གཞན་ལ་ཡང་རྒྱུད་བླ་མའི་འཕྲིན་ལས་རྒྱས་པར་བྱུང་བ་ཁོང་གི་བཀའ་དྲིན་ཡིན།
གཞན་ཡང་། དེང་གི་དུས་ལའང་སྔ་འགྱུར་རྙིང་མའི་གདན་ས་ཆེན་པོ་བླ་རུང་སྒར་དུ་མཁན་ཆེན་འཇིགས་མེད་ཕུན་ཚོགས་ཀྱིས་ཀྱང་ཀུན་མཁྱེན་གྱི་རྒྱུད་བླའི་འགྲེལ་བ་འདིའི་སྟེང་འཆད་ཁྲིད་ཐེངས་གཉིས་ཙམ་མཛད་པ་དང་། ཕྱིས་སུ་མཁན་ཆེན་བསོད་དར་རྒྱས་ཀྱིས་ཀྱང་ཀུན་མཁྱེན་གྱི་རྒྱུད་བླའི་འགྲེལ་བ་དེ་ཉིད་ཆེན་པོ་རྒྱ་ཡི་སྐད་དུ་བསྒྱུར་ཅིང་རྒྱ་སྐད་ལམ་ནས་འཆད་ཁྲིད་སོགས་གནང་། དེ་བཞིན་དུ་ས་སྐྱའི་གྲགས་ཆེན་བཅོ་བརྒྱད་དུ་རྒྱུད་བླའི་འགྲེལ་བ་འདི་ཉིད་བཞུགས་པར་མ་ཟད། དཔལ་ལྡན་ས་སྐྱ་པ་དང་བཀའ་བརྒྱུད་པ་སོགས་ཀྱི་ཆོས་སྡེ་འགར་ཡང་རྒྱུད་བླའི་འགྲེལ་བ་འདིའི་སྟེང་འཆད་སྙན་བྱེད་པར་གོ་ཐོས་བྱུང་།

ད་དུང་དེ་ལ་ཞིབ་ཏུ་བརྟག་རྒྱུ་མང་དུ་སྣང་ནའང་རྗེས་སོར་སྐལ་བ་དང་ལྡན་ན་ཅུང་ཁ་གསལ་བ་དང་རྒྱས་པོ་ཞིག་འབྲི་འདུན་ཡོད། ད་ལན་གནས་སྐབས་དེ་ཙམ་གྱིས་མཇུག་བསྡུ་བར་བྱ།

གཉིས་པ་<བཀའ་བསྡུ་བཞི་བ་ནི།>

བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱིས་ཞུས་ངོར་མཛད་པ་ཞིག་ཡིན་ལ། གཞུང་འདི་བརྩམས་པའི་དུས་ཚོད་ནི་གཞུང་རང་ན་མི་གསལ་བས་ཅུང་རྙོག་འཛིང་དུ་གྱུར་ཡོད། དཔེར་ན། མང་ཐོས་ཀླུ་སྒྲུབ་རྒྱ་མཚོའི་བསྟན་རྩིས་ཆེན་མོ་ལས། “བདུན་ཅུ་པ་ལ་ནུབ་ཆོས་ལུང་དུ་ཆོས་རྗེ་བླ་མ་དང་མཇལ། བཀའ་བསྡུ་བཞི་པ་སོགས་མཛད།” ཅེས་གསུགས་པ་དང་། ཆག་ལོ་རིན་ཆེན་ཆོས་རྒྱལ་གྱིས། “བདུན་ཅུ་པ་ལ་གནུབས་ཆོས་ལུང་དུ་ཕེབས་ཏེ། བླ་མ་དམ་པ་བསོད་ནམས་རྒྱལ་མཚན་དང་མཇལ། བཀའ་བསྡུ་བཞི་པ་རྩ་འགྲེལ་གནང་།”ཞེས་ཁོང་གིས་དེ་དུས་གནང་བར་གསུངས་པ་ལས་རྩོམ་པའི་དོན་མིན་ཞེ་ན་དེར་ཟད། དེ་དག་ནི་ཕྱི་དྲག་པ་ཐལ་བའི་སྐྱོན་དུ་འགྱུར་བ་གསལ་པོར་ངེས་ཏེ། ཆོས་རྗེ་ཀུན་མཁྱེན་རང་ཉིད་ཀྱིས་མཛད་པའི་འབུམ་དུས་འཁོར་ལྟར་བཤད་པའི་རྣམ་ཐར་དང་། སློབ་དཔོན་སེང་གེའི་དྲིས་ལན་དུ་བཀའ་བསྡུ་བཞི་བ་ལ་ཁ་འཕངས་པས་གཞུང་དེ་གཉིས་ཀྱི་སྔ་རོལ་དུ་བརྩམས་ཡིན་པར་གོ་དགོས། ལྷག་ཏུ་སློབ་དཔོན་སེང་གེའི་དྲིས་ལན་ནི་བརྩམས་པའི་དུས་ནི། སློབ་དཔོན་སེང་གེའི་དྲིས་ལན་ལས། “སྦྲུལ་ལོ་ཟླ་བ་བཅུ་གཅིག་པའི་ཚེས་བཅུ་ལ་ཇོ་ནང་དཔལ་གྱི་རི་ཁྲོད་དུ་བྲིས།” ཞེས་པའི་སྦྲུལ་ལོ་ནི་མ་མཐའ་ཡང་དགུང་ལོ་དྲུག་ཅུ་རེ་གཅིག་སྟེ་ཕྱི་ལོ་ ༡༣༥༣ གོང་རོལ་དུ་བརྩམས་དགོས་པར་སྣང་བས་དཔྱད་རྒྱུ་མང་དུ་འདུག འདིར་ཤེས་དགོས་པ་ཞིག་ལ་རྩ་བ་རྩོམ་དུས་དང་རང་འགྲེལ་རྒྱས་བསྡུས་གཉིས་ཀ་རྩོམ་པའི་དུས། བླ་མ་དམ་པ་བསོད་ནམས་རྒྱལ་མཚན་སོགས་ལ་གནང་དུས་སོགས་མ་འདྲེས་པ་སོ་སོར་ཕྱེས་དགོས་པ་གལ་ཆེ་བ་འདུག དེ་མིན་ཁྱད་པར་མ་ཕྱེ་བར་ཚང་མ་བསྲེས་ནས་བཤད་ན་འཁྲུགས་པར་འགྱུར་བའི་རྒྱུ་གཙོ་བོ་ཡང་དེ་ཡིན་ནོ་སྙམ། ད་ལན་དེ་ཙམ་གྱིས་ཆོག་པར་བྱས་ནས་གཞན་དུ་དཔྱད་པར་བྱ།

གཞུང་མཆོག་འདི་མཛད་དགོས་པའི་རྒྱུ་མཚན་ནི། དུས་སྐབས་དེར་མང་པོ་ཞིག་གིས་དགོངས་འགྲེལ་ནས་གསུངས་པའི་དྲང་ངེས་གོ་ལྡོག་སྟེ་འཁོར་ལོ་བར་བ་ངེས་དོན་དང་ཐ་མ་དྲང་དོན་ཞེས་འཁྱོགས་ནས་འཆད་པར་མ་ཟད། འཁོར་ལོ་ཐ་མའི་མདོ་དང་དེ་དང་འབྲེལ་བའི་བསྟན་བཅོས་ཁྱད་འཕགས་རྣམས། དེ་ལྟར་འཛིན་པའི་རྒྱལ་བའི་ལུང་གིས་ཟིན་པའི་ས་ཐོབ་པའི་དབུ་མ་བའི་སློབ་དཔོན་དག་སེམས་ཙམ་དུ་ཕབ་པ་དང་སྡང་བ་སོགས་ཆོས་སྤོང་གི་ལས་དུ་མ་བསགས་པ་དང་། གཞན་ཡང་མང་པོ་ཞིག་གསང་སྔགས་པ་ཞེས་སྔགས་ལ་ཁག་དཀྲིས་ནས་སྤྱོད་ལོགས་སྣ་ཚོགས་པའི་བྱེད་པའི་དུས་སྐབས་སུ། ཆོས་རྗེ་ཀུན་མཁྱེན་ཇོ་ནང་པ་ཆེན་པོ་བསམ་བཞིན་དུ་གླིང་འདིར་བྱོན་ནས་གང་ཟག་གི་བློ་སྐྱོན་གྱིས་བསྟན་པ་སྐྱོན་མེད་པ་ལ་སྐྱོན་བསྲེས་པ་དང་ལྷད་བཅུག་པ་རྣམས་བསལ་ཕྱིར་བསྟན་པ་དག་ཐེར་མཛད། དེ་དང་འགྲེལ་བའི་བསྟན་བཅོས་ཀྱང་མང་དག་མཛད་པའི་ཁྲོད་ནས་རི་ཆོས་ངེས་དོན་རྒྱ་མཚོར་གཙོ་བོར་ལུང་གིས་བསྒྲུབ་པ་དང་། བཀའ་བསྡུ་བཞི་བ་འདིར་གཙོ་བོར་རིགས་པའི་སྒོ་ནས་གསུམ་ལྡན་མར་བཅད་སྐྱོན་ཅན་ལ་བརྟེན་པའི་ལྟ་ངན་དུ་མ་བཀག་ནས་རྫོགས་ལྡན་གཞན་སྟོང་དབུ་མ་ཆེན་པོའི་ལྟ་བ་རྣམ་དག་ཏུ་སྒྲུབ་པའི་སྒོ་ནས་རང་སྟོང་གཞན་སྟོང་གི་ཤན་ལེགས་པར་ཕྱེ་བའི་བསྟན་པའི་གཞུང་ལུགས་རྨད་དུ་བྱུང་བའོ། །
དེའི་ཕྱིར་ཆོས་རྗེ་ཀུན་མཁྱེན་ཉིད་ཀྱིས་ཀྱང་རང་འགྲེལ་རྒྱས་བསྡུས་གཉིས་ཙམ་མཛད་པ་སོགས་ནི་བསྟན་བཅོས་འདི་ཉིད་ཁོང་གིས་ཀྱང་གལ་ཆེན་རང་བཞིན་ཅན་གྱི་བསྟན་བཅོས་སུ་མཛད་པར་མཚོན་ཐུབ།

དེ་ལྟར་འཇམ་མགོན་ཨ་མྱེས་ངག་དབང་ཀུན་དགའ་བསོད་ནམས་ཀྱི་དུས་འཁོར་ཆོས་འབྱུང་དུ། “ངེས་དོན་རྒྱ་མཚོ་བསྟན་པ་སྤྱི་འགྲེལ་བཀའ་བསྡུ་བཞི་པ་སོགས་ཀྱིས་གསལ་ཞིང་གསལ་བའི་ཤིང་རྟའི་སྲོལ་ཕྱེ་བ་འདི་ལས་གུད་པའི་བྱང་ཤམྦྷ་ལ་ན་ཡང་དཔལ་ལྡན་རྒྱུད་ལ་འགྲེལ་མཛད་མེད་ངེས་སྙམ་པའི་ཡིད་ཆེས་ཡོད་ཅིང་།”ཞེས་གསུངས་པ་བཞིན། ཚིག་ཇི་བཞིན་རྗེ་བཙུན་ཀུན་དགའ་གྲོལ་མཆོག་གིས་མཛད་པའི་བྱང་བདག་རྣམ་རྒྱལ་གྲགས་བཟང་གི་རྣམ་ཐར་དུའང་དེ་ལྟར་གསུངས། དེ་ལྟར་སྔོན་བྱོན་རིས་མེད་མཁས་པས་གཞུང་དེ་ལ་གདེངས་འཇོག་བླ་ན་མེད་པ་མཛད། (འཇམ་མགོན་ངག་དབང་ཀུན་དགའ་བསོད་ནམས་ཀྱིས་རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་གསུང་འབུམ་ལས་བཏུས་ནས་གསུངས་པ་འདྲའོ།།)
བཀའ་བསྡུ་བཞི་བའི་ཁྲིད་ལུང་དང་བཅས་པ་མཁན་ཆེན་ཤེས་རབ་གསལ་བྱེད་མདུན་ནས་མཁན་ཆེན་ཡིད་བཞིན་ནོར་བུ་མཆོག་གིས་ཞུས། དེའི་དྲུང་ནས་བདག་ཅག་རྣམས་ལའོ། །

གསུམ་པ་<དཔལ་དུས་ཀྱི་འཁོར་ལོའི་བསྟོད་པའམ་མངོན་རྟོགས་ཉེ་བར་བསྡུས་པ།>

གཞུང་མཆོག་འདི་ནི་དཔལ་དུས་ཀྱི་འཁོར་ལོའི་དྲུག་བརྒྱ་སོ་དྲུག་གི་ལྷ་ཚོགས་ལ་བསྟོད་པ་ཞིག་ཡིན་ཅིང་ལྡེབ་མ་ལྔ་ཙམ་ཡོད། དེ་ཡང་ལྷ་རེ་རེའི་ཕྱག་མཚན་དང་ཁ་ཏོག ཞལ་ཕྱག་གི་ཁྱད་པར་བཅས་པའི་སྒོ་ནས་བསྟོད་པ་ཁ་གསལ་ལ་གོ་བདེ་བ་ཕུན་སུམ་ཚོགས་པའི་ཁྱད་ཆོས་མངོན་པར་ཕྱུག་ཡོད། ལྷག་ཏུ་ཆོས་རྗེ་ཀུན་མཁྱེན་ཆེན་པོ་ཉིད་ཀྱིས་གཞུང་དེ་ཉིད་ལ་རང་འགྲེལ་མཛད་ཅིང་དེ་ལ་ལྡེབ་མ་ཉི་ཤུ་རྩ་གཉིས་ཡས་མས་བཞུགས། གཞུང་འདི་མཛད་དུས་སོགས་ནི་གང་ཡང་མི་གསལ།
『དེའི་ལུང་ནི་སྤྲུལ་སྐུ་བསྟན་འཛིན་དང་བླ་མ་རྡོ་རྗེ་འཆང་ཆེན་(བླ་མ་དཔལ་ལྡན་གྲགས་པ་ཡིན་ནམ་སྙམ།) སོགས་ལས་ཁོང་གིས་ཞུས། ཁོང་ལས་བདག་ཅག་རྣམས་ལ་གནང་བའོ། །』

ད་ལན་འདིར་རྒྱུད་བླ་མའི་འགྲེལ་བའི་སྐོར་ལ་གཙོ་བོར་བྱས་ནས་བྲིས་པ་ལས་གཞན་གཉིས་ཀྱི་སྐོར་ལ་ཡང་ཅུང་རྒྱས་པོ་ཞིག་འབྲི་དགོས་སྙམ་ཡང་ལེ་ལོའི་དབང་གིས་དེ་ཙམ་ལས་འབྲི་བར་མ་ནུས།

ཞེས་ཕྱི་ལོ་2026ལོའི་ཟླ་ 9 ཚེས་ 6 རེས་གཟའ་ཉི་མའི་ཉིན་དགེ་བའི་བཤེས་གཉེན་རྣམས་ཀྱིས་ངེས་དོན་ཆོས་ཀྱི་གྲུ་ཆར་སྩལ་བའི་ཞིང་མཆོག་བལ་ཡུལ་ཡང་ལེ་ཤོད་ཇོ་ནང་གཙུག་ལག་སློབ་གླིང་ཆེན་མོར་བྲིས་ནས་རྗེས་སུ་ཡང་ཅུང་ཟད་ཁ་བསྐངས་ཏེ་ཤེར་གྲགས་ཀྱི་མིང་ཅན་ནས་ཕུལ་པའོ། །

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།