དབུས་འགྱུར་འཆང་དུ་བསྐྱོད་པའི་ཟིན་ཐོ།

དབུས་འགྱུར་འཆང་དུ་བསྐྱོད་པའི་ཟིན་ཐོ།

༡ ༽

གནས་བརྟན་སྟོན་པའི་འདས་ལོ། (༢༥༦༥)ཇོ་ནང་རྗེ་བཙུན་ལྟར་གྱི་སྟོན་པའི་འདས་ལོ།(༢༦༥༤)ཇོ་ནང་ཕྱོགས་རྒྱལ་བ་ལྟར་གྱི་སྟོན་པའི་འདས་ལོ་(༢༨༥༥)དང་། ཇོ་ནང་ཀུན་མཁྱེན་ཆེན་པོ་འདས་ལོ།(༦༦༢)ཇོ་ནང་རྗེ་བཙུན་འདས་ལོ (༣༨༩)པའི་བོད་རབ་བྱུང་བཅུ་བདུན་པ། བོད་ཟླ་བཅུ་གཅིག་པའི་ཚེས་བཅོ་བརྒྱད། ༢༠༢༣ ཟླ། ༡༢ ཚེས། ༢༩ ཉིན་སྐྱབས་མགོན་བླ་མའི་གདན་ས་འཛམ་ཐང་གཙང་བ་དགོན་ནས་རང་རེ་ཆོས་གྲོགས་རྣམས་སེམས་ཀྱི་དད་འདུན་ཇོ་ནང་རི་ཁྲོད་ཆེན་མོར་ཕྱོགས་བཞིན་དབུས་ཉི་མ་ལྷ་སར་འགྲོ་བའི་དབུ་བརྩམས།

བོད་ཟླ་བཅུ་གཅིག་པའི་ཚེས་བཅུ་དགུའི་ཉིན་ལྷ་སའི་ཀོང་དཀར་རྫོང་དུ་འབྱོར་རྗེས་རིམ་པར་ལྷོ་ཁའི་དགོན་སྡེ་དུ་མ་བརྒྱུད་ནས་བོད་ཟླ་བཅུ་གཅིག་པའི་ཚེས་ཉེར་གཉིས་ཉིན་གཙང་ཕྱོགས་གཞིས་ཀ་རྩེ་རུ་སླེབས། བོད་ཟླ་བཅུ་གཅིག་པའི་ཚེས་ཉེར་གསུམ་ཉིན་གཞིས་ཀ་རྩེ་ནས་ཇོ་ནང་རི་ཁྲོད་ཆེན་མོར་ཆས་པའི་དབུ་བརྩམ་མོ། །རི་ཁྲོད་དུ་འབྱོར་རྗེས་ཇོ་ནང་སྐུ་འབུམ་གཙོ་བོར་གྱུར་བའི་ཇོ་ནང་རི་ཁྲོད་ཆེན་མོའི་ཕྱི་ནང་གསང་གསུམ་གྱི་མཛད་པ་དང་ཕྲིན་ལས་ལ་རྒྱུས་ལོན་ཅུང་ཟད་བྱས་པའི་ཚུལ་འོག་གི་རྩོམ་གྱི་རིམ་པ་དག་ལས་ཤེས་པར་བྱའོ། །

ཇོ་ནང་རི་ཁྲོད་ཆེན་མོའི་རྟེན་དང་བརྟེན་པའི་སྐོར།
རྩོམ་པ་པོ། རིག་དོན།

དེ་ལ་ཇོ་ནང་རི་ཁྲོད་ཆེན་མོ་ནི། ད་ལྟའི་གཞིས་ཀ་རྩེ་ཁུལ། ལྷ་རྩེ་རྫོང་། ལྷུན་གྲུབ་ཡུལ་ཚོའི་མངའ་ཁོངས་སུ་ཡོད་ལ། ལྷ་རྩེ་རྫོང་གི་སྤྱི་སྤྱོད་ལམ་ནས་བརྒལ་ཏེ་ལྷུན་གྲུབ་ཡུལ་ཚོའི་ཕྱོགས་སུ་ལེ་བར་རེ་བརྒྱད་ཙམ་བསྐྱོད་ན་སླེབས་ཤིང་། ས་གནས་དེ་ཀའི་ཇོ་མོ་ནགས་སྨན་རྒྱལ་མོའི་གནས་རིའི་ཉེ་འདབས་ཀྱི་ལུང་པར་ཆགས་པས་ཇོ་ནང་རི་ཁྲོད་ཅེས་ཐོགས་པར་མངོན་ནོ། །

དེའང་ལྷ་མཐོང་ལོ་ཙཱ་བས། “དེ་ནས་དཔལ་ལྡན་དུམ་བུ་ཆེན་པོ་པའི། །རྫུ་འཕྲུལ་མཆོག་གྱུར་ཇོ་ནང་ཞེས་བྱའི་གནས། །ཡེ་ཤེས་གཟིགས་པ་མཆོག་ཏུ་གྲུབ་པའི་ས། །རི་བོའི་ཕག་ན་ཅུང་ཟད་གབ་པར་མཐོང་། །ལྷག་བསམ་དད་པའི་དུ་ཀཱུ་ལ། །རབ་དཀར་དེ་ཡི་རེག་ཆ་དང་། །རྣམ་དཔྱོད་ནུ་མ་ཟུང་བསྡེབས་པའི། །བདེ་ཆེན་ཚོར་བ་འཛིན་དེ་སུ། །སྔོན་བསགས་མཆོག་གི་ཡལ་གས་ཉེར་བརྟེན་བློ་མིག་དག་པའི་མེ་ཏོག་གྲོལ། །ཡོངས་འཛིན་དཔྱིད་ཀྱི་དུས་སྟོན་དང་འགྲོགས་བསོད་ནམས་ཆུ་བོ་རབ་ཏུ་རྒྱས། །མི་ཕྱེད་དད་པའི་དྲི་གསུང་རབ་ལྡང་བཤེས་གཉེན་དཔག་བསམ་དབང་པོ་ཆེ། །ཕྱོགས་དེར་གུས་པའི་གཡུར་ཟ་སྟོང་གི་ཡན་ལག་མཆོག་རྣམས་མགོ་ལྕོགས་ལྡེམས། །མཐའ་བྲལ་དབུ་མའི་ལྟ་བ་གཞན་གྱིས་སྟོང་། །རྟག་བརྟན་གཡུང་དྲུང་ཞི་བ་ཆེན་པོའི་ལམ། །མངོན་སུམ་གངས་ཅན་ཡུལ་འདིར་འདོམ་པའི་རྗེ། །འཇམ་དབྱངས་གྲགས་པ་མཆོག་དེ་སླར་བྱོན་ནམ། །དེ་བས་ལྟ་ངན་མུན་པ་ཡི། །ཚངས་སྐུད་འཛིན་པའི་ཨུ་ལུ་ཀ །རྨོངས་པའི་ཕུག་རིང་ད་དོར་ལ། །ལྷག་བསམ་དད་པའི་གར་བྱོས་ཤིག །” ཅེས་གསུངས་པ་ལྟར་རྫ་བྲག་གི་རྩེ་མོ་གནམ་ལ་འཕྱོང་འདྲའི་གནས་རི་འཇིགས་སུ་རུང་ཞིང་སྐྱི་གཡའ་བ་དག་གི་ཕག་ན་ཅུང་ཟད་གབ་པའི་ཚུལ་གྱིས་གནས་ལ། ཆོས་པ་རྣལ་མར་རེ་ལྟོས་འཆའ་བའི་བཤེས་གཉེན་དམ་པ་རྣམས་ཀྱིས་མཐོང་ན་དད་པའི་མེ་ཏོག་གི་འདབ་མ་རང་དགར་གྲོལ་ཞིང་བདེ་ཆེན་རྣམ་དཔྱོད་ཀྱི་ལྡིང་ཆ་ཕྱོགས་མེད་དུ་རྒྱུ་བའི་སར་དམ་པ་བདེ་བར་གཤེགས་པ་དུ་མས་ཡང་ཡང་བསྔགས་པ་མཛད་དོ། །དེས་ན་མཐའ་བྲལ་གཞན་སྟོང་དབུ་མའི་ལམ་བཟང་གི་ཆུ་བོ་ཆེན་པོ་གངས་རིའི་ལྗོངས་སུ་ཆེས་ཆེར་མངོན་པར་བརྡོལ་བའི་འབྱུང་ཁུངས་སུ་བཤད་པའང་དོན་ལ་གནས་སོ། །

ཇོ་མོ་ནགས་རྒྱལ་གྱི་གནས་རི།

དེའང་སྔོན་བཙན་པོ་གོང་མ་རྣམས་ཀྱི་དུས་སུ་ཇོ་ནང་རི་ཁྲོད་ཆེན་མོ་འདི་རི་ཁྲོད་རྐྱང་བའི་རྣམ་པར་ཡོད་ཀྱང་། བསྟན་པ་ཕྱི་དར་གྱི་དུས་སུ་ཇོ་ནང་ཐོག་མའི་བླ་མ་རྣམ་གསུམ་ལས་ཀུན་སྤངས་ཐུགས་རྗེ་བརྩོན་འགྲུས་ཀྱི་རིང་ལ་དགོན་པ་དང་རི་ཁྲོད་འདྲེས་མའི་རྣམ་པར་གྱུར་བ་ཡིན་ནོ། ། རི་ཁྲོད་ཆེན་མོ་འདི་ནི་སྒྲུབ་པ་སྙིང་པོར་བྱེད་སའི་གནས་ཡིན་སྟབས་ཇོ་ནང་ཀུན་མཁྱེན་ཆེན་པོས་ཀྱང་དགུང་ལོ་སུམ་ཅུའི་དུས་སྐབས་སུ་ཐུགས་སྣང་ཆེས་ཆེར་མཛད་པ་ཡིན་ལ། དེ་བཞིན་ད་ལྟ་མིག་གི་མཐོང་ཡུལ་དུ་ལུས་པའང་། ཆེས་ཕུལ་དུ་བྱུང་བའི་དགོན་པའི་སྟོབས་འབྱོར་མངའ་ཐང་གི་རྗེས་ཤུལ་མ་ཡིན་པར། རྒྱབ་རི་གཡས་གཡོན་ནས་མཐོང་བའི་སྔོན་གྱི་སྒྲུབ་པ་བ་རྣམས་ཀྱི་བཞུགས་གནས་རྫ་བྲག་གི་ཕུག་པ་རྣམས་ཡིན་ནོ། །དེས་ན་མི་མེད་ལུང་སྟོང་དུ་ལུས་པའི་སྔོན་བྱོན་གོང་མ་དག་གི་བཞུགས་ཤུལ་རྙིང་པ་དག་མཐོང་ན་ཡིད་སྨོན་དང་དད་གུས་འཆོར་བའི་རྒྱུ་མཚན་གཙོ་བོ་གཅིག་ཀྱང་། ཁོང་རྣམ་པས་ཆོས་ཆོས་བཞིན་དུ་བྱེད་པའི་རྣམ་ཐར་འདི་ཁོ་ན་ལས་སོ། །
གསལ་བཤད། རྒྱབ་རིའི་གཡོན་ངོས་ཀྱི་བྲག་ཕུག་རྣམས་རགས་བསྡུས་ཙམ་མ་གཏོགས་གཡས་རི་དང་ནགས་རྒྱལ་གནས་རིའི་ངོས་ཀྱི་སྒྲུབ་ཕུག་རྣམས་མཇལ་མ་ཐུབ་ཅིང་། གཡོན་རིའི་ངོས་ཀྱི་སྒྲུབ་ཕུག་རྣམས་ཀྱང་གནས་བཤད་ན་ཁ་གསལ་བ་བཞིན་ངོས་མ་ཟིན་པ་དང་ནོར་བ་ལྷག་པ་ཆད་པ་སོགས་ལ་དགོངས་འགལ་མེད་པར་ཞུ། །རྗེས་ནས་ཁ་སྐོང་ཐུབ་ན་དེ་དུས་གསལ་བཤད་ཞུའོ། །

༢ རིན་པོ་ཆེ་ཤེས་རབ་འབུམ་པ་དང་མཁས་མཆོག་ཉ་དབོན་ཀུན་དགའ་དཔལ་སོགས་བཞུགས་པའི་གནས་གནམ་འཕྱང་བདེ་ཆེན་བྲག
ཇོ་ནང་ཐོག་མའི་བླ་མ་རྣམ་གསུམ་དང་། ཁྱད་པར་ཀུན་མཁྱེན་དུས་གསུམ་སངས་རྒྱས་ཡུན་རིང་དུ་བཞུགས་ཤིང་། དཔལ་དུས་ཀྱི་འཁོར་ལོའི་རྒྱུད་འགྲེལ་ཡོངས་སུ་རྫོགས་པའི་གཟབ་བཤད་ཐོག་མར་མཛད་པའི་གནས་བདེ་ལྡན་སྐྱིད་ཕུག
མཁས་བཙུན་ཡོན་ཏན་རྒྱ་མཚོ་དང༌ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་གཉིས་ཅར་གྱི་སློབ་མ་དགེ་སློང་བཀྲ་ཤིས་བཟང་པོའི་སྒྲུབ་ཕུག
བདེ་ལྡན་འོད་གསལ་བྲག་དང་གནམ་འཕྱང་བྲག་གི་ཕྱོགས།
འདར་ཕྱར་སྒྲུབ་ཕུག་གོང་འོག་གི་ཕྱོགས།
ཇོ་ནང་ཐོག་མའི་བླ་མ་རྣམ་གསུམ་གཙོ་བོར་གྱུར་བའི་ཇོ་ནང་ཡབ་སྲས་བཅུ་བཞིའི་སྒྲུབ་ཕུག་ཡོད་སའི་ཇོ་ནང་རི་ཁྲོད་ཀྱི་གཡས་རི། འདི་ལ་སྔོན་མོའི་རི་ཞེས་གྲགས་སོ། །

དེ་ལྟར་གོང་དུ་བརྗོད་ཟིན་པའི་ཇོ་ནང་རི་ཁྲོད་ཀྱི་དགོན་པའི་གནས་གཞི་ལྟ་ཞོག་སྒྲུབ་ཕུག་རྣམས་ལའང་རིང་ནས་ཕྱི་དོར་མཛད་མཁན་ཙམ་ཡང་མ་བྱུང་བས་ཅིས་ཀྱང་རིགས་ལྡན་བླ་མའི་རྗེས་འཇུག་ཏུ་རློམ་མཁན་རྣམས་ལ་བགོ་སྐལ་དུ་ལུས་འདུག སྤྱིར་ནི་དབུས་གཙང་གི་རི་ཁྲོད་མང་ཆེ་ཤོས་ཡུལ་སྐོར་ལྗོངས་རྒྱུ་དང་མི་མང་པོས་ཧམ་སེམས་ཀྱིས་སྒོར་མོ་གཏོང་ལེན་བྱེད་སར་གྱུར་འདུག་པས་བདག་མེད་ཞིག་རལ་དུ་ལུས་པ་འདིས་ལན་རེར་སྣང་བ་དགའ་ཡ་ལེར་བར་མཐོང་སྟེ། ཐ་ན་སྒྲུབ་ཕུག་དག་ན་མི་ཚོགས་ཀྱི་ཟ་འཕྲོ་འཐུང་འཕྲོའི་སྙིགས་རོ་ཚུན་ཆོད་ཀྱིས་གང་འདུག་པ་འདིའང་ཅུང་ཚབ་ཆེ་བའི་གནས་མ་ལགས་སམ།

དཔྱད་གཞིའི་ཡིག་ཆ།

༡ ཇོ་ནང་གི་གནས་བཤད། ༢ ཇོ་ནང་རྗེ་བཙུན་གྱི་དུས་འཁོར་ཆོས་འབྱུང་།
༣ ཇོ་ནང་ཆོས་འབྱུང་ཟླ་བའི་སྒྲོན་མེ། ༤ བལ་ཡུལ་ལ་ཕེབས་དུས་ཀྱི་སྙན་ངག

རྩོམ་པ་པོ། རིག་དོན།
ནང་དོན་ཡོོངས་ཁུངས། ཇོ་ནང་ཏཱ་ར་ནཱ་ཐའི་རིག་གཞུང་སྟེགས་བུ།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།