བཟོད་གཟུངས་ལ་སློབ་པའི་ཚུལ།

བཟོད་གཟུངས་ལ་སློབ་པའི་ཚུལ།

ཡི་གེའི་དང་པོ་ཀ་ཡིན་པས། གཞི་གདོད་ནས་སམ་དང་པོ་ཉིད་ནས་སྤྲོས་མཚན་དག་པ་ལ་ཀ་དག་ཅེས་པ་སྟེ། དང་པོ་ཀ་དག་ཅེས་པའི་དོན་ལ་བསླབས་ཤིང་གོམས། བར་དུ་ཀ་ཡིག་ཙམ་ཞིག་གི་སྒོ་ནས་ཀ་དག་གི་དོན་དྲན་པར་བྱ། མཐར་ཀ་ཡིག་དང་འབྲེལ་བའི་མིང་གཞན། དཔེར་ན། ཀ་བ་ཞེས་པ་ལྟ་བུའི་སྐབས་ཀྱང་། ཀ་ཡིག་གི་དོན་ཀ་དག་གི་དགོངས་པ་དང་བསྲེ་བཞིན་དྲན་པར་བསླབས། དེ་ནས་སྐུ་ཞེས་པ་དང་། སྐྱེ་ཞེས་པ་ལྟ་བུ་ཀ་ཡིག་གི་སྒྲ་རང་སོར་མེད་ཀྱང་། ཀ་ཡིག་དང་སྦྲེལ་བ་རྣམས་ཀྱི་སྐབས་སུ་ཡང་ཀ་ཡིག་གི་དོན་ཀ་དག་གི་དགོངས་པ་དྲན་པར་བསླབས། སྐབས་པ་ཐམས་ཅད་དུ་ཀ་ཡིག་གམ་ཀ་ཡིག་དང་འབྲེལ་བ་ཀ་བ་ཞེས་པ་ལྟ་བུའི་ཡི་གེ་དང་མིང་རྣམས། རང་ངོས་ནས་པི་ཝང་ཆུའི་སྒྲ་ལྟར་བརྗོད་བྱ་རྗོད་བྱེད་ཀྱི་མཚན་ཉིད་དང་བྲལ་བའི་སྒྲ་བླུན་པོ་འབའ་ཞིག་ཡིན་པ་ལ། ཡིད་ཀྱིས་བཏགས་པ་ཁོ་ནས་དོན་དང་བསྲེས་པའི་ཚུལ་ལས་བརྩམས་ཏེ། མིང་དོན་འབྲེལ་མེད་དུ་ངེས་ཤེས་གཏིང་ཚུགས་པར་གོམས་ཤིང་། མིང་དོན་རང་ངོས་ནས་འབྲེལ་བ་མེད་ཀྱང་འདོད་པའི་དབང་གིས་མིང་དོན་བཏགས་པ་ཙམ་ཞིག་ཏུ་བྱ་བྱེད་སྟོན་མེད་ཀྱི་ཚུལ་རྗེ་ཙོང་ཁ་བ་ཆེན་པོས་ཇི་ལྟར་གསུངས་པ་ལྟར་གྱི་བཏགས་ཙམ་གྱི་རྟེན་འབྲེལ་འཇོག་ཚུལ་ཕྲ་མོ་ཡིད་ལ་འཆར་བས། དེས་ཆོས་ཐམས་ཅད་ལ་རིགས་བསྒྲེ་བར་བྱ། ཁྱད་པར་དུ། ཀ་ཡིག་དང་དེ་འབྲེལ་གྱི་ཡི་གེ་རྣམས་སྐྱེ་གནས་དང་ངོ་བོའི་ཚུལ་དོན་དམ་རྣམ་པར་དཔྱོད་པའི་རིགས་པས་བཙལ་མཐར། ངོ་བོ་ཉིད་ཀྱིས་མེད་པར་གོ་བས་བཏགས་པ་ཙམ་གྱི་རྟེན་འབྲེལ་རང་ཤུགས་ཀྱིས་འཇོག་ཐུབ་པ་སྣང་སྟོང་ཕྱོགས་སུ་མ་ཆད་པར་བསླབས་པར་བྱ་ དགོས་ཤིང༌། མཐར་ཡི་གེ་ལ་བརྟེན་ནས་ཀ་དག་གི་དགོངས་པ་དྲན་མི་དགོས་པར། ཡི་གེའི་ངོ་བོ་རང་ཉིད་ཀ་དག་ཏུ་ལེགས་པར་ཤར་བས། དཔེ་དང་གཏན་ཚིགས་མན་ངག་གི་ལམ་སོགས་ནས་སྟོང་ཉིད་བསྟན་པ་ལས་ཀྱང་ལྷག་པ་ཞིག གྲགས་སྟོང་གི་སྒྲ་ཡོད་དོ་ཅོག་ཐམས་ཅད་ལས་སྟོང་ཉིད་གསལ་བར་གོ་ནུས་སྟོབས་ཆེན་འཆར་བར་འགྱུར་བ་ན་བཟོད་པའི་གཟུངས་ཐོབ་པ་ཡིན་ནོ། །
གསལ་བྱེད་གཉིས་པ། ཁ་ལྟ་བུ་ལ་མཚོན་ན། ཁ་དོག་བྲལ་བ་ཞེས་པ་ལྟ་བུར། གདོད་ནས་ཁ་དོག་གི་མཚན་མ་བྲལ་བའི་དོན་དང་།
གསལ་བྱེད་གསུམ་པ། གང་དུ་མ་གྲུབ་ཅེས་པ་ལྟ་བུའི་དོན། དུས་གསུམ་ཡུལ་དུས་གང་དུ་ཡང་རང་བཞིན་གྱིས་མེད་པའི་དོན་ལ་གོ་བ་སོགས།
དང་པོ་དབྱངས་གསལ་དེ་དག་ངེས་ཚིག་ཁྱད་པར་བ་དང་འབྲེལ་ཏེ་སྟོང་པ་ཉིད་ལ་གོམས་དགོས་ཤིང་། དེ་ནས་གསལ་བྱེད་དེ་རྐྱང་བས་སྟོང་ཉིད་ཀྱི་དོན་ཤར་བ་ལ་སློབ་པ་དང༌། དེ་ནས་གསལ་བྱེད་དེ་དང་འབྲེལ་བའི་ཚིག་གཞན་གྱི་སྐབས་སུ་ཡང་གསལ་བྱེད་དེའི་དགོངས་པ་སྔར་བསླབས་པ་དྲན་པར་བྱ་དགོས་སོ། །
སྐབས་ཐམས་ཅད་དུ་མིང་དོན་འབྲེལ་མེད་ཀྱི་ཚུལ་དང་། མིང་དང་ཡི་གེ་བཏགས་མ་ཙམ་ལས་ངོ་བོ་ཉིད་ཀྱིས་མེད་པ་དང་། མིང་དོན་ངོ་བོ་ཉིད་ཀྱིས་མེད་པ་ལ་གཅིག་གིས་གཅིག་བརྗོད་བྱ་རྗོད་བྱེད་ཀྱི་སྒོ་ནས་འཕེན་པར་བྱེད་པ་སྒྱུ་མའི་ཚུལ་མཐའ་དག་ལ་གོམས་པར་བྱས་པས། མཐར་བརྗོད་པ་ཐམས་ཅད་ལས་སྟོང་པ་ཉིད་ཀྱི་དོན་མི་ཟད་པ་གོ་བ་དང་། རྗོད་བྱེད་གཙོ་བོར་གྱུར་པའི་ཆོས་ཐམས་ཅད་རང་ངོས་མེད་ཀྱང་སྒྱུ་མ་ལྟ་བུའི་རྟེན་འབྲེལ་ལ་ཤིན་ཏུ་བློ་བྱང་བར་འགྱུར་བ་སྟེ། འདི་ནི་ཡུམ་གྱི་མདོར་ཨ་ར་པ་སོགས་ཀྱི་ཡི་གེ་སོ་སོ་ལས་བཟོད་གཟུངས་སློབ་ཚུལ་བཤད་པའི་དོན་རྡོ་གྲུབ་བསྟན་པའི་ཉི་མའི་གཟུངས་ཀྱི་རྒྱན་རྣམ་པར་བཤད་པའི་བསྟན་བཅོས་ལས་བློ་སྐྱེད་གླང་ཆེན་གྱི་ཁུར་དུ་ལྕི་བ་ཐོབ་པའི་སྟིང་པོའོ། །
རང་རེ་བོད་ཀྱི་གསལ་བྱེད་དང་སྦྱར་ཚུལ་ཅིག་ཀྱང་ཡོད་ཆོག་པར་ཤར་ནས་བོད་ཀྱི་གསལ་བྱེད་ལ་སྦྱོར་བའི་འཇུག་སྒོ་ཙམ་འདི་བརྗེད་ཐོ་ཙམ་ཞིག་ཏུ་འཕྲལ་ལ་བྲིས་ཤིང་། འདི་ལ་བརྟེན་ནས་གསང་སྔགས་ཀྱི་སྐབས་ཡི་གེ་ལས་ལྷ་བསྐྱེད་པ་དང༌། བཟླས་པ་ཐད་གར་འབྲེལ་རྒྱུ་མེད་པར་ཧ་ཀྴ་དང་འཇམ་དབྱངས་བསྟེན་པ། སེང་གདོང་བསྟེན་པ་སོགས་ཀྱི་དོན་སེམས་ལུགས་ཀྱི་གནད་ཀྱང་གོ་ཐུབ་པར་བྱུང་ལ། ཁྱད་པར་ དུ། རྡོར་བཟླས་ལ་བརྟེན་ནས་མིང་ཚིག་སྒྱུ་མར་འཆར་ལུགས་ཀྱི་གནད་སྤྱི་བརྟོལ་བསྐྱེད་ནས་བཤད་ན་འཆད་ཤེས་པ་འདྲ་བ་ཞིག་བྱུང༌། སྔ་སོར་དགེ་བཤེས་བདེ་ལེགས་རབ་རྒྱས་ཀྱིས་རྡོ་གྲུབ་བསྟན་པའི་ཉི་མ་ཡུལ་མགོ་ལོག་ན་ལོ་རྒྱུས་སྟེང་གི་ས་མཁས་པ་ཞིག་འཁྲུངས་པ་དེ་རེད་གསུངས་པ་ཡང་། བདེན་བདེན་པར་ཤར་ཞིང་། མཁན་ཆེན་བློ་བཟང་འཕྲིན་ལས་ཀྱི་ཞལ་སྔ་ནས་ཀྱང་། རྡོ་གྲུབ་ཀྱི་གཟུངས་ཀྱི་རྣམ་བཤད་ལ་བལྟས་ན། མཁས་པ་ཆེན་པོ་ཡིན་ཟིག་གསུངས་མྱོང་བའི་ཤོད་སྲོལ་རྣམས་ཀྱང་དྲན་ཡུལ་དུ་ཐོན། གསུང་ལྷག་མ་རྣམས་ལ་ཡང་ཀློག་མོས་ཀྱི་གཡོ་བ་ཇེ་འཁྲུགས་ལ་སོང་།

རྩོམ་པ་པོ། མཁན་དཔལ་འབྱོར་ཚེ་རིང་།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།