མཛད་པ་པོ། མཁན་འཆི་མེད་རིག་འཛིན།
དེ་ཡང་དབུ་མ་རང་སྟོང་དང་གཞན་སྟོང་ཞེས་པ་དེ་འདྲའི་ཁྱད་པར་དེ་ཐོག་མར་གང་ལས་བྱུང་བའི་གཞི་ནི་བཀའ་བར་བ་དང་ཐ་མའི་གསུང་རབ་རྣམས་ཀྱི་ལུང་ཁོ་ན་ཞིག་ལ་བརྟེན་ནས་བྱུང་བ་ཡང་མ་ཡིན་ཏེ། དཔེར་ན་བཀའ་བར་བ་ལས་སྟོང་ཉིད་སྤྲོས་བྲལ་ཁོ་ན་ཙམ་གནས་ལུགས་མཐར་ཐུག་ཏུ་བསྟན་པ་དང་། བཀའ་ཐ་མ་ལས་བདེ་གཤེགས་སྙིང་པོ་འོད་གསལ་བའི་ཡེ་ཤེས་དེ་ཆོས་རྣམས་ཀྱི་གནས་ལུགས་མཐར་ཐུག་ཏུ་བསྟན་པ་གཉིས་ཚུལ་མི་འདྲ་ཡང་ལུང་གི་དགོངས་པ་རང་རང་གི་ཕྱོགས་སུ་ཇི་ལྟར་བཀྲལ་ན་ཡང་འགྲེལ་ལུགས་རེ་ངེས་པར་ཡོད་པས་སོ། །
དེས་ན་འདི་གཉིས་ཀྱི་ཁྱད་པར་གཙོ་བོ་ནི་ལྟ་བ་དེ་འདྲ་ལ་རིགས་པའི་གནོད་པ་ཡོད་མེད་ཁོ་ན་ཞིག་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པ་ཤེས་དགོས་ཏེ། གཞན་ཡང་། དབུ་མའི་གཞུང་ལས་བྱུང་བའི་དོན་དཔྱོད་རིགས་པ་དེས་བདེ་གཤེགས་སྙིང་པོའི་ངོ་བོ་དེ་དགག་པར་འདོད་པ་རང་སྟོང་པའི་ལུགས་དང་། རིགས་པ་དེས་དགག་བྱར་མི་འདོད་པ་གཞན་སྟོང་པའི་ལུགས་ཡིན་ཞེས་ཀུན་ལ་གྲགས་པ་ལྟར་ལགས་མོད། འོན་ཀྱང་དེ་གཉིས་ཀྱི་ཁྱད་པར་འབྱུང་སའི་གནད་གཙོ་བོ་ནི་དེ་ཡང་མ་ཡིན་ནོ། །འོ་ན་ཅི་ཞིག་ཡིན་ན། རང་སྟོང་གཞན་སྟོང་སུ་ཡིན་ཡང་རང་གིས་གཏན་ལ་དབབ་པའི་ཆོས་ཀྱི་གནས་ལུགས་དེ་ཐོག་མར་རྟོགས། བར་དུ་བསྒོམ། མཐར་མངོན་དུ་གྱུར་ཏེ་སངས་རྒྱས་དགོས་པ་ནི་མདོ་སྔགས་སྤྱིའི་ལུགས་ཡིན་པས་ལུགས་དེ་ལ་མ་འགལ་བ་ཞིག་ངེས་པར་དགོས་པ་ཀུན་གྱིས་བཞེད་པ་ལགས་སོ། །དེ་ལྟར་བྱས་ཚེ་དབུ་མ་རང་སྟོང་པ་དག་གི་གཏན་ལ་དབབ་པའི་གནས་ལུགས་བདེན་པ་གཉིས་ཆར་དུ་ཡང་ཡོད་མེད་ཡིན་མིན་སོགས་ཀྱི་སྤྲོས་པ་གང་ཡང་མེད་པའི་སྣང་མེད་ནམ་མཁའ་ལྟ་བུ་ཞིག་ཏུ་འདོད་པ་དེ་ལ་སྐྱོན་གྱི་རྣམ་གྲངས་ཅི་ཞིག་ཡོད་ན། དབུ་མ་འཇུག་པའི་མཇུག་ཏུ། དབུ་མ་པ་རྣམས་ཀྱིས་བཞེད་པའི་སྤྲོས་བྲལ་དེ་ཉིད་བློས་རྟོགས་སུ་རུང་བ་མ་ཡིན་ཏེ། བློ་རྟོག་མེད་མངོན་སུམ་གྱི་ཡུལ་མཐོང་དགོས་ན་བློ་ཡུལ་དེའི་རྣམ་ལྡན་དུ་སྐྱེས་ནས་མཐོང་དགོས་པ་ལ། སྣང་བ་གང་ཡང་མེད་ཚེ་བློ་ཡུལ་དེའི་རྣམ་ལྡན་དུ་ཤར་བ་མི་སྲིད་དོ་ཞེས་བརྗོད་པ་ལ། ལན་དུ་དཔེར་ན་མདོ་སྡེ་པ་དག་གིས་བློ་ཡུལ་སྔོན་པོའི་རྣམ་པ་སོགས་སུ་སྐྱེས་པ་ལ་ཡུལ་དེ་རྟོགས་པའི་ཐ་སྙད་འཇོག་པ་བཞིན་དུ། འདིར་ཡུལ་སྐྱེ་བ་མེད་པ་ལ་བློ་ཡང་དེ་དང་མཐུན་པར་སྐྱེ་བ་དང་བྲལ་བར་སོང་བ་ལ་ཡུལ་དེ་རྟོགས་པའི་ཐ་སྙད་བཏགས་པ་ཡིན་གྱི། དངོས་སུ་ན་ཡུལ་འགའ་ཞིག་ཡུལ་ཅན་འགའ་ཞིག་གིས་ཤེས་པ་མིན། ཞེས་པའི་ལན་ཞིག་བརྗོད་ཡོད། ལན་འདི་ལ་གོ་བ་ལེན་ཚུལ་མི་འདྲ་བའི་བཤད་ཚུལ་གཉིས་བྱུང་བ་ཡིན་ཏེ། སྔོན་གྱི་མཁས་པ་འགའ་རེས་ནི་ཡུལ་ཅི་ཡང་མ་ཡིན་པ་ལ་དམིགས་པའི་ཡུལ་ཅན་ཡང་སྐྱེ་རྒྱུ་མེད་པས་སྐབས་དེར་དབུ་མ་ཐལ་འགྱུར་པས་གནས་ལུགས་རྟོགས་པའི་ཡེ་ཤེས་ཟེར་བ་ཞིག་མི་འདོད་ཟེར་བའི་བཤད་ཚུལ་ཞིག་ཀྱང་སྔ་རབས་ཀྱི་ཡིག་ཆ་དུ་མར་ཡོད། དེ་དག་དང་མཚུངས་པར་ཀརྨ་པ་མི་བསྐྱོད་རྡོ་རྗེའི་ཁྲིད་ཐུང་བརྒྱ་རྩའི་རྗེ་མཉན་པ་གྲུབ་ཐོབ་ཀྱི་ཕྱག་རྒྱ་ཆེན་པོའི་ཁྲིད་ཡིག་ལས། འཁོར་འདས་འཆིང་གྲོལ་སོགས་རྟེན་འབྲེལ་གྱི་ཐ་སྙད་སྟོང་ཉིད་ཁོ་ནའི་སྟེང་ནས་བྱེད་པ་ནི་གཙོ་བོར་སློབ་དཔོན་ཟླ་བ་གྲགས་པ་ལ་སོགས་པས་བཞེད་པའི་ཕྱིར། སངས་རྒྱས་ཀྱི་ངོ་བོ་ཉིད་སྐུ་རང་ངོས་ནས་ཡེ་ཤེས་མེད་པ་དང་། ཐེག་ཆེན་འཕགས་པའི་མཉམ་བཞག་གི་ངོ་བོ་རང་རིག་ཏུ་མི་བཞེད་པ་ཡིན་ནོ། །ཞེས་སོགས་གསུངས་པ་ལྟར་རོ། །ཡང་བཤད་ཚུལ་གཅིག་ལ་སྐབས་དེར་གནས་ལུགས་རྟོགས་པའི་ཡེ་ཤེས་ཤིག་ཡོད་ཀྱང་དེའི་ཡུལ་དུ་སྤྲོས་པའི་ཆོས་གང་ཡང་མ་དམིགས་ཚེ་སྤྲོས་བྲལ་མཐོང་བའི་ཐ་སྙད་བཏགས་པ་ཙམ་ལ་གནས་ལུགས་མཐོང་བར་གཞག་པ་ཡིན་ཞེས་ལན་བཏབ་པ་ཡིན་ཚུལ་བོད་ཀྱི་མཁས་པའི་དབང་པོ་ཕལ་ཆེར་གྱིས་བཞེད་པ་ཡིན་ནོ། །
དེ་ལ་བཤད་ཚུལ་སྔ་མ་ལྟར་བྱས་ན་ནི་གནས་ལུགས་མངོན་སུམ་དུ་མཐོང་བའི་ཡེ་ཤེས་གཏན་མི་བཞེད་པ་ཡིན། བཤད་ཚུལ་ཕྱི་མ་ལྟར་བྱས་ན་ཡང་མི་འཐད་པའི་ཚུལ་དབུ་མ་གཞན་སྟོང་པ་དག་གིས་འདི་ལྟར་བཤད་ཡོད་དེ། དེ་འདྲའི་ཡུལ་སྤྲོས་པའི་ཆོས་གང་ཡང་མ་མཐོང་བའི་ཡུལ་ཅན་དེ་འདྲ་ཞིག་མེད་དེ། དཔེར་ན་མིག་ཤེས་ལྟ་བུའི་ཤེས་པ་དེ་ཡུལ་སྔོན་པོ་ལྟ་བུའི་རྣམ་པར་སྐྱེས་ཚེ་ཡུལ་ཡུལ་ཅན་གྱི་བར་གྱི་བར་སྣང་སྟོང་པ་ལྟ་བུའི་གོ་ས་ན་ཆོས་གང་ཡང་མ་མཐོང་བ་ལ་བློ་དེས་ནམ་མཁའ་མཐོང་བར་འཇོག་ཆོག་ཀྱང་། ཡུལ་ཅན་དེ་ཡུལ་གང་གི་རྣམ་པར་ཡང་མ་སྐྱེས་ན་སྤྲོས་བྲལ་རྐྱང་པ་ལ་དམིགས་པའི་བློ་དེ་འདྲ་ཞིག་འཇོག་མི་ཐུབ་པའི་ཚུལ་སོགས་འཇམ་མགོན་མི་ཕམ་རིན་པོ་ཆེའི་རང་རིག་ཡེ་ཤེས་ཀྱི་དོགས་གཅོད་ལས། ཆོས་ཀྱི་དབྱིངས་ལ་མཉམ་བཞག་ཚེ། །བློ་རྒྱུན་ཆད་དམ་མ་ཆད་འདོད། །རྒྱུན་ཆད་འདུ་ཤེས་མེད་པའི་བསྒོམ། །ཕྱི་མ་ལྟར་ན་བློས་ཆོས་ཉིད། །ཉམས་སུ་མྱོང་བ་ཡོད་དམ་མེད། །མེད་ན་ཆོས་ཉིད་ཇི་ལྟར་རྟོགས། །ཡོད་ན་དེ་འདྲའི་ཆོས་ཉིད་དེ། །ཆོས་ཀུན་དེ་ཉིད་ཡིན་ཕྱིར་ན། །ཡུལ་ཅན་དེའི་ངོར་ཆོས་ཅན་རྣམས། །མ་འགགས་སྣང་བ་ཡོད་དམ་མེད། །ཡོད་ན་གཉིས་སྣང་ཇི་ལྟར་ནུབ། །མེད་ན་ཡུལ་དང་བྲལ་བ་ཡི། །བློ་ཡིས་ཉམས་སུ་མྱོང་ཞེས་པ། །ཅི་འདྲ་ཞིག་ལ་མཛུབ་མོ་འཛུགས། །ཞེས་གསུངས་པ་དེ་དག་གི་གནད་བསྡུས་ན་སྣང་བ་གང་ཡང་མེད་པའི་ཆོས་ཀྱི་དབྱིངས་ནམ་མཁའ་ལྟ་བུ་རྐྱང་པ་ཞིག་ལ་དམིགས་པའི་ཡུལ་ཅན་ཞིག་འཇོག་དཀའ་བར་གསུངས་པ་དང་། གཞན་ཡང་གཞན་སྟོང་སྨྲ་བའི་མཁས་པ་ཆེན་པོ་གསེར་མདོག་པཎ་ཆེན་གྱི་ཟབ་ཞི་སྤྲོས་བྲལ་གྱི་བཤད་པ་ལས། ཟླ་གྲགས་ལུགས་ལ་དཔྱད་སྟོབས་ཀྱིས་ཡུལ་ཅི་ཡང་མ་རྙེད་པ་ན་ཡུལ་ཅན་གྱིས་ཅི་ཡང་མི་དམིགས་པའི་ཚུལ་གྱིས་མཉམ་པར་འཇོག་པ་ཡིན། དེའི་ཚེ་ཡུལ་སྟོང་ཉིད་ལ་ཡུལ་ཅན་མི་རྟོག་ཡེ་ཤེས་ཀྱིས་དངོས་སུ་ཡུལ་དུ་བྱེད་པ་ནི་མ་ཡིན་གྱི། གཉིས་པོ་དབྱེར་མེད་དུ་འདྲེས་པ་ལ་དེ་རྟོགས་པའི་ཐ་སྙད་བཏགས་པ་སྟེ་གཞན་དུ་མེད་དགག་འཛིན་བྱེད་རྟོག་པ་ལས་མ་འདས་པས་སོ། །ཞེས་སོགས་གསུངས་པའི་སྔ་ཕྱིའི་སྐབས་རྣམས་སུ་དཔལ་ལྡན་ཟླ་བའི་ལུགས་ལ་འཕགས་པའི་མཉམ་བཞག་གི་ཚེ་ཡུལ་ཡུལ་ཅན་དབྱེར་མེད་དུ་འདྲེས་ནས་ཡུལ་ཅན་ཡེ་ཤེས་ཟེར་བ་ཞིག་གཏན་མི་བཞེད་པ་དང་། ཡུལ་སྤྲོས་བྲལ་སྣང་མེད་དེ་ནི་བློ་རྟོག་པས་དོན་སྤྱིའི་ཚུལ་གྱིས་དམིགས་པ་ལས་རྟོག་མེད་ཀྱི་ཡུལ་དུ་བྱེད་མི་ནུས་ཚུལ་གསུངས་ཡོད། དེས་ན་སློབ་དཔོན་ཐོགས་མེད་སྐུ་མཆེད་སོགས་གཞན་སྟོང་པ་དག་གིས་ལུགས་དེ་མི་བཞེད་པའི་རྒྱུ་མཚན་རྗེ་དེ་ཉིད་ཀྱི་གསུང་གཞན་ལས་ཀྱང་། འཕགས་པ་ཐོགས་མེད་མཆེད་ཀྱིས་ནི། །ཐལ་རང་གཞུང་གི་སྟོང་པ་ཉིད། །ཉམས་སུ་མྱོང་བྱར་མི་རུང་ཕྱིར། །ཆད་ལྟ་ཉིད་དུ་ལྟུང་ཞེས་གསུངས། །ཐལ་འགྱུར་པས་ནི་རང་སྟོང་ཟེར། །ཟླ་བས་སོ་སོ་རང་རིག་གི །ཡེ་ཤེས་མོ་གཤམ་བུ་འདྲར་བཤད། །འདིར་ནི་སོ་སོ་རང་རིག་གི །ཡེ་ཤེས་ལམ་གྱི་མཆོག་ཏུ་བཤད། །ཅེས་སོགས་གསུངས་པ་དང་། དེ་བཞིན་དུ་གཞན་སྟོང་སྨྲ་བའི་མཁས་གྲུབ་ཀྱི་སྐྱེས་ཆེན་དམ་པ་ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐའི་ཟུང་འཇུག་རབ་གསལ་ལས། དེས་ན་མཐའ་ཐམས་ཅད་བྲལ་བའི་ཡེ་ཤེས་འདི་ནི་རྣལ་འབྱོར་པ་རྣམས་ཀྱིས་རྟོགས་བྱ་དང་ལམ་བསྒོམ་པ་རྣམས་ཀྱིས་ཐོབ་པར་བྱ་བ་དང་། སངས་རྒྱས་རྣམས་ཀྱིས་མཁྱེན་བྱ་དང་ཆོས་ཐམས་ཅད་ལ་ཞུགས་པའི་གནས་ལུགས་སུ་འཐད་ཀྱི་ཁྱེད་འདོད་པའི་མཐའ་བྲལ་ཙམ་དེ་ནི་ཅི་ཡང་མ་ཡིན་ཞིང་གང་ཡང་མེད་པའི་ཕྱིར་རྟོགས་རྒྱུ་དང་ཐོབ་རྒྱུ་དང་མཁྱེན་རྒྱུ་དང་། གནས་ལུགས་ལ་ཞུགས་རྒྱུ་གང་ཡང་མ་གྲུབ་པའི་ཕྱིར་རྟོགས་ཐོབ་མཁྱེན་ཞུགས་ཀྱི་རྣམ་བཞག་གང་ཡང་མི་འཐད་དོ། ། དོན་དམ་པར་རྟོགས་ཐོབ་སོགས་གང་མེད་པས་རྣམ་བཞག་ཀྱང་མི་འཐད་པ་ཉིད་བཟང་ངོ་སྙམ་ན་གནས་ལུགས་དེ་ལྟར་ཡིན་དུ་ཆུག་ན་རྟོགས་བྱེད་ཀྱི་ཤེས་པ་མེད་པས་གྲོལ་བ་མི་སྲིད་པའི་སྐྱོན་དུ་འགྱུར་ལ། ཐམས་ཅད་གྲོལ་ཟིན་ཏེ་མ་གྲོལ་བ་མི་སྲིད་པར་འགྱུར་རོ། །ཐོབ་རྟོགས་སོགས་གང་ཡང་མེད་པ་དེ་མེད་པར་ཤེས་པ་ཙམ་གྱིས་གྲོལ་ལོ་སྙམ་ན་མེད་པར་ཤེས་པ་ཡང་མི་སྲིད་དེ་ཅི་ཡང་མ་ཡིན་པ་ལ་མེད་པར་ཤེས་རྒྱུ་ཡང་མེད་ལ་ཤེས་པར་བྱེད་མཁན་ཡང་མེད་པའི་ཕྱིར་རོ། །དེས་ན་དངོས་པོ་ལ་མངོན་པར་ཞེན་པ་འགོག་པའི་ཕྱིར་དུ་ཆོས་རྣམས་ཅི་ཡང་མེད་པར་གསུངས་པ་ཡིན་གྱི་དེ་འདྲ་འཕགས་པ་རྣམས་ཀྱི་གཟིགས་ངོ་དང་ཡེ་ཤེས་ཀྱི་རྟོགས་བྱ་དང་ཆོས་ཉིད་མ་ཡིན་ཏེ་ཆོས་ཀྱི་དབྱིངས་འཕགས་པ་རྣམས་ཀྱིས་སོ་སོ་རང་གིས་རིག་པར་བྱ་བ་ནི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སོ། །དཔེར་བགྱིད་ན་དུག་མེད་པའི་ཁྱད་པར་དུ་བྱས་པའི་ཁ་ཟས་བཟང་པོ་ནི་བཟའ་ཞིང་མྱོང་བར་ནུས་པ་ཡིན་གྱི་ཁ་ཟས་ཡེ་མེད་ན་དུག་མེད་པའི་ལྡོག་ཆ་ཙམ་ཞིག་སུས་ཀྱང་བཟའ་བར་མི་ནུས་པ་བཞིན་ནོ། །མི་འགྱུར་བའི་བདེ་བ་དང་སྟོང་གཟུགས་དེ་ཡང་ཚོར་བའི་མྱོང་བྱ་དང་རྣམ་ཤེས་ཚོགས་བརྒྱད་ཀྱིས་མཐོང་བ་མ་ཡིན་གྱི་རང་རིག་ཡེ་ཤེས་ཉིད་ཀྱིས་རང་གི་རིག་པས་མྱོང་བྱ་དང་མཐོང་བ་ཡིན་ནོ། །དེ་ལྟར་ཡང་ལྟ་འདོད་མདོར་བསྟན་ལས།
ཕུང་པོ་རྣམ་དཔྱད་སྟོང་ཉིད་ནི། །
ཆུ་ཤིང་བཞིན་དུ་སྙིང་པོ་མེད། །
རྣམ་པ་ཀུན་གྱི་མཆོག་ལྡན་པའི། །
སྟོང་ཉིད་དེ་ལྟར་འགྱུར་མ་ཡིན། །
སྐྱེ་བ་མེད་ཅིང་འགགས་མེད་པའི། །
ཤེས་བྱ་གང་ཞིག་འདིར་མཐོང་བ། །
སྟོང་པའི་དངོས་པོ་སྟོང་པ་ཉིད། །
ཕུང་རྣམས་རྣམ་པར་དཔྱད་པ་མིན། །
ཞེས་གསུངས་ཏེ། མཐའ་བྲལ་གྱི་སྟོང་ཉིད་དེ་བློས་འཛིན་སྟངས་ཀྱི་ཡུལ་དུ་བྱེད་ན་སྒོམ་བྱེད་རྟོག་པ་ལས་མ་འདས་ཤིང་། རྟོག་མེད་ཀྱི་ཤེས་པས་དངོས་མེད་དེ་འདྲ་ནམ་ཡང་ཡུལ་དུ་བྱེད་མི་ནུས་པའི་ཕྱིར་དེ་དེ་འདྲ་དེ་བསྒོམ་བྱའི་སྟོང་ཉིད་དུ་ནམ་ཡང་མི་འགྱུར་གྱི་གཞན་དུ་ན་ཐོས་བསམ་གྱི་ཤེས་པས་གོ་བར་བྱ་བ་ཙམ་དུ་ཟད་དོ། །ཞེས་གསུངས་པ་དེ་དག་གིས་རང་སྟོང་དང་གཞན་སྟོང་གི་ཁྱད་པར་དེ་གང་ལས་བྱུང་བའི་དོན་གནད་ཤིན་ཏུ་ཞིབ་པར་བཤད་ཡོད་དོ། །དེ་ལྟར་དབུ་མ་རང་སྟོང་པ་དག་གི་བཤད་ཚུལ་ལྟར་བྱས་ནས་གནས་ལུགས་ཟེར་བ་སྣང་མེད་ཁོ་ན་ལ་བྱས་ན་སྐྱོན་གྱི་གཙོ་བོ་ནི། དེ་འདྲ་ཞིག་རྟོགས་པའི་ལྟ་བ་ཞིག་རྒྱུད་ལ་སྐྱེ་རྒྱུ་མེད་པ་དང་། དེ་མེད་ཚེ་སྒོམ་པའི་མངོན་རྟོགས་དང་མཐར་རྟོགས་པ་མཐར་ཕྱིན་པའི་འབྲས་བུའི་ཡེ་ཤེས་ཀྱང་འཇོག་མི་བཏུབ་པར་བསམས་ནས་དབུ་མ་གཞན་སྟོང་གི་ལྟ་གྲུབ་དེ་ལ་སྔོན་གྱི་མཁས་གྲུབ་ཀྱི་སྐྱེས་ཆེན་དམ་པ་དུ་མས་རྩལ་འདོན་མཛད་པ་ཡིན་ནོ། །ལུགས་དེས་ནི་གོང་གི་སྐྱོན་དེ་ལས་འདའ་བའི་ཕྱིར་ཆོས་རྣམས་ཀྱི་གནས་ལུགས་མཐར་ཐུག་དེ་འོད་གསལ་བདེ་བར་གཤེགས་པའི་སྙིང་པོའི་སྣང་ཆ་ཞིག་ལ་བཞག་པ་དང་། གང་རང་གི་གྲུབ་མཐའི་གནས་ལུགས་མཐར་ཐུག་ཏུ་བཞག་པ་དེ་སླར་ཡང་གནས་ལུགས་དཔྱོད་པའི་རིགས་པ་ཞིག་གི་དགག་བྱར་འདོད་ན་འགལ་བའི་རྣམ་བཞག་ཡིན་པ་དེས་ན་སྙིང་པོའི་ཡེ་ཤེས་ཀྱི་སྣང་ཆ་དེ་དོན་དཔྱོད་རིགས་པའི་དགག་བྱའི་སྤྲོས་པ་ཉིད་དུ་ཡང་གཏན་མི་བཞེད་པའི་རྣམ་བཞག་མཛད་ཅིང་། དེ་འདྲའི་འོད་གསལ་བའི་གནས་ལུགས་དེ་ནི་སོ་སོ་རང་རིག་པའི་ཚུལ་གྱིས་མངོན་སུམ་དུ་མཐོང་བ་དང་། མཐོང་དོན་བསྒོམས་པ་དང་། །མཐར་ཐུག་འབྲས་བུའི་རྣམ་བཞག་སོགས་ཤིན་ཏུ་འཇོག་བདེ་བས་དེ་ལྟར་བཞེད་པ་ལགས་སོ། །དེས་ན་རང་སྟོང་དང་གཞན་སྟོང་གི་གྲུབ་མཐའ་ཟེར་བ་འདིའི་གྲུབ་མཐའི་ཁྱད་པར་བྱུང་ས་རྩ་བ་དེ་སྤྲོས་བྲལ་སྣང་མེད་ཀྱི་གནས་ལུགས་དེ་འདྲ་ཁོ་ན་ཞིག་རྟོགས་པའི་ཡེ་ཤེས་ཤིག་ཡོད་ཆོག་མི་ཆོག་ལ་ཐུག་ཡོད་དོ། །དེ་ལྟར་ལུགས་གཉིས་པོ་གང་ནས་བྱུང་བའི་རྩོད་གཞི་ལེགས་པར་གཏན་ལ་ཕབ་ནས། ད་ནི་གཞན་སྟོང་དབུ་མའི་རང་ལུགས་སྐྱོང་བའི་མཁས་པ་དག་གི་བཞེད་སྒྲོས་བཀོད་པ་ལ། དབུ་མ་གཞན་སྟོང་ལ་ཡང་སྔར་གྱི་མཁས་པ་དག་གི་གསུང་སྒྲོས་མི་འདྲ་བ་ནི་ཇོ་ཤཱཀ་གཉིས་ཀྱི་གཞན་སྟོང་གི་དགོངས་པ་ཡང་མི་མཐུན་པ་ཡིན་པར་སི་ཏུ་པཎ་ཆེན་གྱི་ཞལ་རྒྱུན་ལས། རང་བྱུང་ཞབས་དང་དོལ་པོའི་དགོངས་པ་མཐུན་པ་དང་། ཤཱཀ་མཆོག་དེ་དང་ཅུང་མི་འདྲ་གསུངས་སོ། །
ཇོ་ནང་ཀུན་མཁྱེན་དང་ཤཱཀ་མཆོག་པའི་དགོངས་པའི་བཞེད་མཚམས་ལ་རྗེ་བཙུན་ཏཱ་ར་ནཱ་ཐས་ཀྱང་ཁྱད་པར་ཉི་ཤུའི་སྐོར་ཙམ་གྱི་དབྱེ་བ་ཕྱེས་ཡོད་དོ། །འཕྲེང་པོ་གཏེར་ཆེན་ཤེས་རབ་འོད་ཟེར་དེ་སྐུ་ཚེའི་སྟོད་དུ་གསེར་མདོག་ཆོས་གྲྭ་རུ་བཞུགས་པ་ཡིན། ཁོང་གི་གསུང་སྲོལ་ལ་ཀུན་མཁྱེན་ཆེན་པོ་དང་གསེར་མདོག་པཎ་ཆེན་གཉིས་དགོངས་པ་གཅིག་པ་ཡིན་པ་ཁོ་བོར་ངེས་པ་གཏིང་ནས་སྐྱེས་ཚུལ་རིག་འཛིན་འཇིགས་གླིང་གི་རྙིང་རྒྱུད་དཀར་ཆགས་ཀྱི་གཏེར་ཆེན་ཤེས་རབ་འོད་ཟེར་གྱི་རྣམ་ཐར་དུ་གསལ་བ་ལྟར་རོ། །རྗེ་སྨིན་གླིང་སྐུ་མཆེད་གཉིས་ཀྱིས་ནི་ཀུན་མཁྱེན་ཆེན་པོའི་དགོངས་པ་ཇོ་ནང་དོལ་པོ་པའི་དགོངས་པ་ཇི་ལྟ་བ་བཞིན་དུ་འདོད་ཚུལ་ནི། སྨིན་གླིང་གཏེར་ཆེན་གྱི་དྲིས་ལན་ལས། ཆོས་འཁོར་གསུམ་པ་ངེས་དོན་དུ་བྱེད་པ་དང་དེ་ཉིད་གསང་སྔགས་ཆོས་གཞན་མེད་པའི་ཆ་ནས་བཏགས་པ་སྟེ་ཉི་མ་ལ་མུན་པ་མི་ལྡན་པ་བཞིན་ནོ། །དེས་ན་རྫོགས་པ་ཆེན་པོའི་རྒྱུད་དང་མན་ངག་ཐམས་ཅད་དུ་གསལ་བོར་གསུངས་པ་དང་། ཀ་དག་ཅེས་པའི་ཚིག་ཙམ་གྱིས་ཀྱང་དོན་དམ་སྟོང་མི་སྟོང་གི་མཐའ་ལས་འདས་པ་དང་། ཀུན་རྫོབ་གློ་བུར་གྱི་དྲི་མས་སྟོང་པའི་ཕྱིར་གཞན་སྟོང་གི་ཉམས་ལེན་དང་ཡང་འབྱོར་ཚབ་ཆེའོ། །རྫོགས་པ་ཆེན་པོའི་གྲུབ་མཐའི་འཇོག་ཚུལ་སྔོན་གྱི་མཁས་གྲུབ་དུ་མའི་བཤད་སྒྲོས་མང་ཡང་རང་བློས་སྒྲོ་འདོགས་ཆོད་དཀའ་ཞིང་། ཨོ་རྒྱན་ཆེན་པོ་དང་བི་མ་ལའི་གསུང་རབ་ལ་ཀུན་མཁྱེན་ཆེན་པོའི་བསྟན་བཅོས་རྣམས་བརྗོད་བདེ་ཞིང་རྐང་ཚུགས་པའི་ཕྱིར་དེ་ཁོ་ནའི་དོན་ལ་ཐུགས་རྟོག་བཅུག་པས་བློ་གྲོས་ཀྱི་བོགས་འཐོན་པ་ཡོང་། ཞེས་དང་། གཞན་ཡང་བཀའ་བརྒྱུད་གོང་མ་རྣམས་ཀྱི་དགོངས་པ་ཡང་གཞན་སྟོང་གི་ལྟ་བ་ལ་གནས་ཚུལ། དེ་ལས། ཕྱིས་ཀྱི་ཕྱག་ཆེན་པ་རྣམས་ཕལ་ཆེར་ལྟ་བ་འཁོར་ལོ་བར་བའི་དངོས་བསྟན་དང་བསྟུན་པར་མཛད་དེ་སྟོང་ཉིད་མེད་དགག་གི་སྟེང་ནས་འཇོག་པར་མཛད་མོད། དེ་ནི་བོད་ཀྱི་ཀློག་པ་ཐོས་བསམ་པ་ཕལ་ཆེ་བ་ཞིག་འདོད་པའི་འགྲམ་མ་ཐེག་པ་ལས་གྲུབ་མཐའི་གནད་ལོངས་པར་མ་གོ་བ་ལགས། དེས་ན་དྭགས་ལུགས་སྔ་རབས་པ་རྣམས་དང་ཤངས་ལུགས་ཀྱི་ཕྱག་ཆེན་སྦྱོར་དྲུག་ཞི་བྱེད། རྫོགས་ཆེན་ལ་སོགས་པ་སྤོང་བ་བསམ་གཏན་པའི་སྒོམ་ཡིག་ཚད་ལྡན་ཐམས་ཅད་འཁོར་ལོ་ཐ་མའི་ལུགས་མ་ཡིན་དགག་གི་སྟོང་ཉིད་ཀྱི་སྟེང་ནས་འཇོག་པ་ཤ་སྟག་ལགས་མོད་ཅེས་གསུངས་པ་དང་། སྨིན་གླིང་ལོ་ཆེན་གྱི་དྲིས་ལན་ལས་ཀྱང་། ཇི་ལྟར་བཀའ་གནང་བཞིན་གཞི་བདུན་གྱི འདོད་པ་བརྗོད་པའི་སྐོར་རྫོགས་ཆེན་རང་ལུགས་ཐུན་མོང་མ་ཡིན་པའི་གྲུབ་མཐར་གཞི་ཀ་དག་ཏུ་འདོད་པ་མ་གཏོགས། གཞི་དྲུག་མི་བཞེད་པ་ཤིན་ཏུ་བདེན། འོན་ཀྱང་དོལ་པོ་པ་ཆེན་པོས་འཁོར་ལོ་ཐ་མ་ངེས་དོན་དུ་བཀྲལ་ཞིང་བདེ་གཤེགས་སྙིང་པོ་རྟག་བརྟན་བདེན་གྲུབ་གཙང་བདེ་བདག་ཡོད་དུ་ཞལ་གྱིས་བཞེས་པ་དང་། རྫོགས་ཆེན་ཐུན་མོང་མ་ཡིན་པའི་གྲུབ་མཐའ་ཀུན་མཁྱེན་ཆོས་རྗེས་བཀྲལ་བ་གཉིས་འཇོག་སོ་གཅིག་ཏུ་གྲུབ་པར་ཁོ་བོས་གོ །དེའི་དབང་གིས་གོ་བ་ཁྱད་པར་ཅན་མང་པོ་བླ་མ་འདི་ཉིད་ཀྱི་གསུང་ལས་རྟོགས་ནའང་། དེ་དག་ཇི་བཞིན་ཡི་གེར་བཀོད་ན་རྫོགས་ཆེན་པ་ད་ལྟ་ནང་པའི་གྲས་སུ་གཏོགས་ཙམ་དུ་འཛིན་པའི་འདུ་ཤེས་འདི་ཡང་ལོག་ནས་མུ་སྟེགས་པའི་གྲུབ་མཐའ་དང་མཚུངས་པར་འཛིན་ཅིང་། གསང་བ་ཟབ་མོར་ཆེས་སྐྲག་སྟེ་ཆོས་སྤོང་གི་ལས་ཚབ་པོ་ཆེ་གསོག་པར་འགྱུར་བའི་གནད་འདི་མཐོང་ནས་ཆེས་གསང་བའི་གཏམ་མཁས་གྲུབ་ཕལ་མོ་ཆེར་མ་གྲགས་པ་རྣམས་བཞག་ཅིང་། གཞི་བདུན་པའི་འདོད་ཚུལ་རང་ལུགས་སུ་བཀྲལ་ཏེ་བཀོད་པ་ཡིན། དེའི་རྒྱུ་མཚན་གཞི་དྲུག་བཀག་ནས་བདུན་པ་བཞེད་པའི་དགོངས་གཞི་བསྙེགས་ན་གདོད་མའི་གཞི་དེ་གཙང་བདེ་རྟག་པའི་བདག་ཡོད་དུ་དོན་གྱིས་འགྲུབ་ཅིང་། ཀུན་མཁྱེན་རྗེ་ཡང་དེ་བཞེད་པ་ཚིག་དོན་མཛོད་ཀྱི་སེམས་ཅན་གྱི་ཁམས་ལ་སངས་རྒྱས་ཀྱི་སྙིང་པོས་ཁྱབ་ཚུལ་གསུངས་པའི་སྐབས་སུ་མྱང་འདས་ཀྱི་ལུང་ཁུངས་དྲངས་ནས། ངས་ཆོས་ཐམས་ཅད་སྟོང་པ་ཉིད་དུ་བསྟན་པ་གང་ཡིན་པ་དེ་ནི་བྱིས་པ་རྣམས་བདག་ཏུ་མངོན་པར་ཞེན་པ་ལས་དྲང་བའི་ཕྱིར་བཤད་ཀྱི། ཡང་དག་པར་ན་དེ་བཞིན་གཤེགས་པའི་སྙིང་པོ་ཉག་གཅིག་དོན་དམ་པའི་བདེན་པའོ། །ཞེས་གསུངས་སོ་ཞེས་ཆོས་ཐམས་ཅད་སྟོང་ཞིང་བདག་མེད་དུ་གསུངས་པ་དྲང་དོན་དུ་བཀྲལ་ནས་བདེ་གཤེགས་སྙིང་པོ་བདག་པོ་དུ་བཞེད་ཀྱང་མུ་སྟེགས་ཀྱི་བདག་རྟག་པ་དང་མི་མཚུངས་པའི་འཐད་པ་དང་བཅས་གསུངས་པས་ཨ་འཐས་ཀྱི་མཐའ་གཅིག་ཁོ་ནའི་རྟག་མི་རྟག་གང་དུ་ཡང་མི་བཞེད་མོད་ཀྱང་། འགྱུར་ལྡོག་དང་བྲི་གང་མེད་པ་ལ་ལྟོས་ནས། མགོན་པོ་བྱམས་པས། དེ་ནི་རྟག་དང་བརྟན་ཕྱིར་དང་། །ཞི་བའི་ཕྱིར་དང་གཡུང་དྲུང་ཕྱིར། །ཞེས་གསུངས་པ་ལྟར་གྱི་རྟག་པའི་རང་བཞིན་དུ་ངེས་པར་ཞལ་གྱིས་བཞེས་པ་ཡིན་པས། །ཞེས་སོགས་གསུངས་སོ། །
དེ་ཡང་བདེ་གཤེགས་སྙིང་པོ་ད་ལྟ་ནས་སྐུ་དང་ཡེ་ཤེས་ཀྱི་ཡོན་ཏན་ཐམས་ཅད་ལྷུན་གྲུབ་ཏུ་ཡོད་པའི་བདག་ཉིད་དེ་དོན་དཔྱོད་རིགས་པས་སྟོང་བར་གཏན་ལ་འབེབས་སྐབས་རང་གི་ངོ་བོ་དེ་སྟོང་བར་གཏན་ལ་འབེབས་པ་ཡིན་པར་བཞེད་པ་ནི་རྗེ་སི་ཏུ་པཎ་ཆེན་དང་འཇམ་མགོན་མི་ཕམ་རིན་པོ་ཆེ་སོགས་བཀའ་བརྒྱུད་དང་རྙིང་མའི་མཁས་པ་འགའ་རེའི་བཞེད་པ་ཡིན། འདི་ཡང་གཤེགས་སྙིང་ལ་སྤྲོས་འཛིན་དགག་པའི་ཆེད་དུ་དེ་ལྟར་གསུངས་པ་ལས་བདེ་གཤེགས་སྙིང་པོ་རང་གི་ངོ་བོ་སྤྲོས་པ་རུ་མི་འདོད་པ་གཞན་སྟོང་སྤྱིའི་བཞེད་ཚུལ་ལྟར་དགོངས་པ་བླངས་ན་བདེ་སྙམ་ཡང་དཔྱད་པར་བྱའོ། །ཇོ་ནང་ཀུན་མཁྱེན་ཡབ་སྲས་ཀྱི་གཞུང་གཞིར་བཞག་ན་དོན་དཔྱོད་རིགས་པ་དེས་བདེ་གཤེགས་སྙིང་པོ་བློ་ཡུལ་དུ་བྱས་ནས་སྟོང་བར་གཏན་ལ་ཕབ་ཀྱང་དེ་ནི་རང་གིས་བློས་བསམ་པའི་གཤེགས་སྙིང་དེ་སྟོང་བར་གཏན་ལ་ཕབ་པ་ལས་གཤེགས་སྙིང་རང་གི་བཞུགས་ཚུལ་དེ་ནི་རིགས་པའི་དཔྱད་ཡུལ་ལས་འདས་པ་དང་། དེའི་ཚད་དེ་བློ་ངོར་འཆར་དུ་ཡང་མི་བཏུབ་པ་ཡིན་པས་དེ་རང་གི་ངོ་བོ་རིགས་ཤེས་ཀྱིས་སྟོང་བར་གཏན་ལ་དབབ་མི་ནུས་པར་འདོད་པས་རིགས་པས་གཤེགས་ས྄བྙིང་སྟོང་བར་གཏན་ལ་འབེབས་པ་ཐམས་ཅད་གཤེགས་སྙིང་ལ་མཐར་འཛིན་གྱི་སྤྲོས་པ་འགོག་བྱེད་ཙམ་དུ་བཞེད་པ་ཡིན་ནོ། །ཀུན་མཁྱེན་ཀློང་ཆེན་པའི་དགོངས་པ་ཡང་བཤད་ཚུལ་དེ་དག་དང་ཤིན་ཏུ་འབྱོར་ཚབ་ཆེ་སྟེ། རྗེ་དེ་ཉིད་ཀྱི་ཟབ་མོ་ཡང་ཏིག་གི་སྙན་བརྒྱུད་ཀྱི་རྒྱབ་ཆོས་ཆེན་མོ་ཟབ་དོན་གནད་ཀྱི་མེ་ལོང་ལས། རིགས་དེས་སྟོང་ཚུལ་ནི། དབྱེརཡོད་ཅིང་བྲལ་ཤེས་པ་དྲི་མའི་ཆོས་གློ་བུར་གྱིས་བསྒྲིབས་པས། རང་ངོ་ལ་གོས་པ་མེད་པས་སྟོང་པར་དག་དུས་བྲལ་བས་སྟོང་ལ། བློས་བསམ་པས་སྟོང་སྟེ། བསམ་གྱིས་མི་ཁྱབ་པའི་ཕྱིར་རོ། །ཞེས་བདེ་གཤེགས་སྙིང་པོའི་སྟོང་ཚུལ་དེ་ལ་གཉིས་སུ་ཕྱེས་ནས་གློ་བུར་གྱི་དྲི་མ་དང་བྲལ་བས་སྟོང་ཚུལ་དང་། བློས་བསམ་ཡུལ་ལས་འདས་པའི་རྒྱུ་མཚན་གྱིས་སྟོང་པར་བཞག་པ་གཉིས་གསུངས་ཤིང་། རང་གི་ངོ་བོ་དོན་དཔྱོད་ཀྱིས་དགག་བྱར་བཞག་པས་སྟོང་པར་གསུངས་པ་མེད་དོ། །གཤེགས་སྙིང་རང་གི་ངོ་བོ་དེ་བློས་བསམ་ཡུལ་ལས་འདས་པ་དང་དོན་དཔྱོད་ཀྱི་དགག་བྱའི་སྤྲོས་པ་ཡིན་པ་གཉིས་འགལ་བ་ཡང་ཡིན་ཏེ་སྤྲོས་པ་ལ་བློས་ཡུལ་དུ་མ་གྱུར་པ་ཞིག་མི་འཐད་པས་སོ། །དེ་བཞིན་དུ། འཇམ་མགོན་ཀོང་སྤྲུལ་གྱིས་ཀྱང་གཤེགས་སྙིང་རང་གི་ངོ་བོ་དོན་དཔྱོད་ཀྱི་དགག་བྱར་མི་བཞེད་པར་གསལ་ཏེ་དེ་ཉིད་ཀྱི་ལྟ་བའི་རིམ་པ་ལས། མྱ་འདས་སྤྲོས་བྲལ་དུ་བསྟན་པ། །བློ་ཡི་སྤྲོས་པ་སེལ་བྱེད་ཡིན། །ཞེས་གསུངས་པས་སོ། །
ནང་དོན་ཡོངས་ཁུངས། ངག་དབང་རིག་མཛོད།