ད་སྔོན་བགྲང་བྱ་ཉིས་སྟོང་དགུ་བརྒྱ་ལྷག་གི་ལོ་རྒྱུས་ཀྱི་གོ་རིམ་ཁྲོད་ན་གཟི་བརྗིད་དང་རྒྱལ་ཁའི་ངང་འཛམ་གླིང་གི་ཡུལ་གྲུ་སོ་སོར་དར་ཁྱབ་ཆེ་བའི་འཚེ་མེད་ཞི་བདེའི་ལམ་ལུགས་ནང་པ་སངས་རྒྱས་པའི་བསྟན་པ་འདི་ནི། བསྟན་པའི་སྲོལ་འབྱེད་པ་པོ་སྟོན་པ་ཤཱཀྱ་མུ་ནེའི་ཞལ་ནས། སྡིག་པ་ཅི་ཡང་མི་བྱ་ཞིང་། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ཞེས་པ་འདི་སྡོམ་ཚིག་སྟེ། དེ་ཡང་ཆོས་ལུགས་གཞན་ལ་མེད་པའི་ལྟ་བའི་ཟབ་གནད་གཙོ་བོ་ནི། འདུས་བྱས་ཐམས་ཅད་མི་རྟག་པ། ཟག་བཅས་ཐམས་ཅད་སྡུག་བསྔལ་བ། ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ། མྱ་ངན་ལས་འདས་པ་ནི་ཞི་ཞིང་བདེ་བར་རྟོགས་པའི་ཤེས་རབ་རྒྱུད་ལ་བསྐྱེད་ནས་སྲིད་པ་འཁོར་བའི་སྡུག་བསྔལ་མཐའ་དག་རྩད་ནས་སྤངས་ཏེ་རྣམ་གྲོལ་གཏན་གྱི་བདེ་ལ་བ་གནས་པ་དེ་ཡིན། དེས་ན་བསྟན་པ་འདི་ལ་ཚུལ་བཞིན་དུ་ཐོས་བསམ་སློབ་གཉེར་དང་ཉམས་ལེན་གནང་མཁན་དག་གིས་གནའ་ནས་ད་བར་དུ་འགྲོ་བ་མིའི་སྤྱི་ཚོགས་དང་སྲོག་ཆགས་གཞན་གྱི་བདེ་ཐང་ལ་ནུས་པ་དང་གྲུབ་འབྲས་བླ་ན་མེད་ཐོབ་དང་འཐོབ་བཞིན་ཡོད་ལ། དེ་ཡང་བསྟན་པ་འདིར་ཞུགས་པའི་མི་སུ་ཡིན་ན་རང་གི་ནུས་ཚོད་དང་བསྟུན་ནས་གཞན་སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་བསྒྲལ་བ་དང་བདེ་བ་ལ་འགོད་རྒྱུ་ནི་ཆེད་ལས་ལྟ་བུར་ཆགས་ཡོད། དེ་ལྟ་བུའི་གཞན་དོན་བྱེད་པ་ལ་ཐོག་མར་གཞན་དོན་སྒྲུབ་པའི་ཐབས་ལམ་འཚོལ་དགོས། དེ་ལ་བླངས་དོར་འབྱེད་པའི་ཤེས་རབ་དགོས་གལ་ཆེ་བས་ནང་དོན་རིག་པ་གཙོ་བོར་གྱུར་བའི་རིག་གནས་ཡོད་ཚད་ལ་སྦྱངས་འབྲས་མཐར་སོན་བྱེད་དགོས། གོ་རིམ་དེའི་ཁྲོད་ནས་མིའི་སེམས་ཁམས་ལ་སྔར་མེད་པའི་འགྱུར་བ་ཚད་ངེས་ཅན་ཐེབས་ནས་སྤྱི་ཚོགས་ཁྲོད་དུ་བཟང་ཕྱོགས་ཀྱི་འགྱུར་བ་རབ་དང་རིམ་པ་གཏོང་ཐུབ། འཛམ་གླིང་གི་ས་སྒང་ཧྲིལ་བོ་འདིའི་སྟེང་དུ་ཆོས་ལ་དད་པ་ཡོད་མཁན་གྱི་མི་མང་ཤོས་དང་། དད་པ་མེད་མཁན་གྱི་ཉུང་ཤོས་ཡིན། ཆོས་ལུགས་གང་ཡིན་རུང་མིའི་སེམས་ཁམས་ལ་འགྱུར་བ་གཏོང་བྱེད་ཀྱི་རྒྱུ་རྐྱེན་གཙོ་བོར་གྲུབ་ཡོད། ལྷག་པར་དུ་ནང་བསྟན་གྱི་ཆེད་ལས་པ་དགེ་སྦྱོང་ཚོ་ནི་རང་ཉིད་གཞན་གནོད་གཞི་དང་བཅས་པ་སྤངས་པའི་ལམ་ལ་ཞུགས་པ་དང་། གཞན་དག་འཚེ་མེད་ཞི་བའི་ལམ་དུ་འཁྲིད་མཁན་ཡིན་པས་ཆོས་དང་ཆོས་པ་གཉིས་ཀའི་ངོས་ནས་སྤྱི་ཚོགས་བདེ་འཇགས་ལ་ནུས་པ་ཆེན་པོ་ཐོན་ཡོད། སྤྱི་ཚོགས་ལ་དཀྲུགས་ཤིང་འབྱུང་བའི་རྨང་གཞིར་གྱུར་བའི་རྐུ་བྱེད་པ། རྫུན་བཤད་པ། མི་གསོད་པ། ལོག་གཡེན་བྱེད་པ། གཞན་མགོ་སྐོར་བ། གཡོ་རྒྱུ་བྱེད་པ། ཧམ་སེམས་ཆེ་བ་སོགས་ནི་བཅོམ་ལྡན་འདས་ཀྱིས་ཆོས་པ་རྣམས་ལ་ཆེད་དུ་སྤང་བྱར་གསུངས་པས་མི་དང་མིའི་བར་གྱི་མཐུན་སྒྲིལ་ཡར་རྒྱས་ལ་ནུས་པ་རླབས་ཆེན་བཏོན་ཡོད། འདུལ་བ་ལུང་ལས་དགེ་སློང་གིས་ས་བརྐོ་བ་དང་། ས་སྔོན་ཁྲོད་དུ་མི་གཙང་བ་འདོར་སོགས་ལ་དགག་པ་མཛད་པ་དང་། སྔགས་ཀྱི་རྒྱུད་སྡེ་རྣམས་ཀྱི་སྐབས་སུ་སྦྱིན་བསྲེགས་བྱེད་པ་སོགས་ལ་མཇུག་ཏུ་ལས་ཀྱི་རྗེས་མི་མངོན་པར་བྱ་གསུངས་པས་ཁོར་ཡུག་སྲུང་སྐྱོབ་དང་གཙང་སྦྲ་ལ་གལ་ཆེན་རང་བཞིན་གྱི་གྲུབ་འབྲས་མངོན་ཡོད། དགེ་སློང་གིས་གནོད་པ་མེད་པའི་ཤིང་ལ་མི་གང་ཙམ་ལས་འཛེགས་མི་རུང་བར་གསུངས་པ་དང་། ཆུ་སོགས་ལ་སྲོག་ཆགས་ཡོད་མེད་བརྟགས་ནས་མེད་ན་སྤྱོད། ཡོད་ན་མི་སྤྱོད་པར་གསུངས་པས་མིའི་ལུས་ཕུང་བདེ་ཐང་གི་ཕྱོགས་ལ་དགེ་མཚན་ཆེན་པོ་ཐོབ་ཡོད། མིའམ་མིར་ཆགས་པ། སྲོག་ཆགས་གྲོག་སྦུར་ཡན་ཆད་གསོད་པ་ལྟ་ཅི་དེ་དག་གི་བ་སྤུ་བསྒུལ་བ་ཙམ་གྱི་གནོད་པ་ཡང་ཆེས་དགག་བྱར་གསུངས་པས་མི་དང་སྲོག་ཆགས་གཞན་གྱི་ཚེ་སྲོག་འདྲ་མཉམ་དང་། རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ལ་ཕན་པ་རྒྱ་ཆེར་བཏགས་ཡོད། བཅོམ་ལྡན་འདས་ཀྱིས་ཆོས་གསུང་པའི་ཚེ་ལྷ་དང་མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འགྲོ་བ་རྣམས་ལ་ཕྱོགས་མེད་རིས་མེད་དུ་གསུངས་པ་དང་། སྐད་རིགས་ཀྱང་། ལྷ་ཡི་སྐད་དང་ཀླུ་དང་གནོད་སྦྱིན་སྐད། །གྲུལ་བུམ་དག་དང་མི་ཡི་སྐད་རྣམས་དང་། །འགྲོ་བ་ཀུན་གྱི་སྒྲ་རྣམས་ཅི་ཙམ་པར། །ཐམས་ཅད་སྐད་དུ་བདག་གིས་ཆོས་བསྟན་ཏོ། །ཞེས་པ་ལྟར་ཡིན་པས་མི་རིགས་འདྲ་མཉམ་དང་སྐད་རིགས་འདྲ་མཉམ་ལའང་དོ་སྣང་ཤུགས་ཆེན་གནང་ཡོད། ཨོ་རྒྱན་གྱི་རྒྱལ་པོ་ཨིནྜ་བྷོ་དྷི་དང་། ཤམྦྷ་ལའི་རྒྱལ་པོ་ཟླ་བ་བཟང་པོ་སོགས་ལ་འདོད་ཡོན་མ་སྤང་པར་སངས་རྒྱས་པའི་ཐབས་ཟབ་མོ་བསྟན་པ་དང་། གསེར་འོད་གཡང་སྐྱབས་དང་། རྟ་གཟུངས་ལུག་གཟུངས་སོགས་ལས་ལོངས་སྤྱོད་གོང་འཕེལ་གྱི་ཐབས་མང་པོ་གསུངས་པས་དཔལ་འབྱོར་ཡར་རྒྱས་ཕྱོགས་ལ་ཐབས་ལམ་མང་པོ་བསྟན་ཡོད། དགེ་འདུན་གྱི་ཐོས་བསམ་ཉམས་ལེན། བསྙེན་པར་རྫོགས་པ། ཐ་ན་གནས་མལ་སྟོབས་པ་སོགས་ཀྱི་བྱ་བ་ཆེ་ཆུང་གང་ཡིན་ཀྱང་དགེ་སློང་བཞི་ཡན་ཆད་ངེས་པར་འདུས་ནས་ལས་བརྗོད་དེ་དགེ་འདུན་རྣམས་ལས་ལ་ཐུགས་མཐུན་ན་བྱ། མི་མཐུན་ན་མི་བྱ་བར་གསུངས་པས་དམངས་གཙོའི་ལམ་ལུགས་ལ་གསར་བཏོད་དང་རྒྱུན་སྐྱོང་རྒྱ་ཆེར་གནང་ཡོད། མདོར་ན་དེང་རབས་ཀྱི་སྤྱི་ཚོགས་ལ་ཕན་པའི་བྱ་བ་མཐའ་དག་འཚེ་མེད་ཞི་བའི་ལམ་ལུགས་འདིའི་ཁོངས་སུ་བསྡུས་ནས་བསྟན་པ་བཞིན་རྗེས་འཇུག་འཕགས་བོད་ཀྱི་གདུལ་བྱ་དག་གིས་ཉམས་སུ་བླངས་ནས་མི་རིགས་དང་རིག་གནས། ཁོར་ཡུག་བཅས་ལ་ཕན་པ་རྒྱ་ཆེར་བཏགས་པ་ནི་སུས་ཀྱང་བསྙོན་དུ་མེད་པའོ། །
ཇོ་ནང་ལྕམ་མདའ་དགོན་གྱི་གྲྭ་རཏྣ་བྷ་དྲས།
ནང་དོན་ཡོངས་ཁུངས། དུང་དུང་བོད་ཡིག་སྤྱི་སྟེགས།