Jonang Shimla

འཕགས་ཡུལ་ཇོ་ནང་མ་དགོན་གྱི་ལོ་རྒྱུས་མདོར་བསྡུས་རྟག་བརྟན་འོད་སྣང་།

འཕགས་ཡུལ་ཇོ་ནང་མ་དགོན་རྟག་བརྟན་ཕུན་ཚོགས་ཆོས་གླིང་ནི། བོད་རབ་བྱུང་བཅུ་དྲུག་པའི་ཆུ་ཡོས་ཏེ་ཕྱི་ལོ་༡༩༦༣ ལོར་བླ་མ་སྦྱིན་པ་རྒྱ་མཚོས་རྒྱ་གར་བྱང་ཕྱོགས་སིམ་ལཱ་སན་ཇུས་ལར་དགོན་པ་ཞིག་བཏབ་སྟེ་དགོན་མིང་ལ་སངས་རྒྱས་ཆོས་གླིང་ཞེས་བཏགས། ཕྱི་ལོ༡༩༩༠ ཟླ་༦ ཚེས་༧ ཉིན་༧གོང་ས་སྐྱབས་མགོན་རིན་པོ་ཆེ་ས་གནས་འདིར་དངོས་སུ་ཞབས་སོར་འཁོད་སྐབས། དགོན་པ་སངས་རྒྱས་ཆོས་གླིང་༧གོང་ས་མཆོག་ལ་ཕུལ། བླ་མ་སྦྱིན་པ་རྒྱ་མཚོ་སྐུ་གཤེགས་རྗེས་དགོན་འདིའི་ལུགས་གཉིས་ཀྱི་འཛིན་སྐྱོང་ཆ་ཚང་སྐུ་སྒེར་ཡིག་ཚང་དང་རྣམ་རྒྱལ་གྲྭ་ཚང་གཉིས་ཀྱིས་གནང་། བོད་རབ་བྱུང་བཅུ་བདུན་པའི་མེ་གླང་ཕྱི་ལོ༡༩༩༧ ལོར་༧གོང་ས་ལྷ་མིའི་རྣམ་འདྲེན་སྐུ་འཕྲེང་བཅུ་བཞི་བ་ཆེན་པོ་མཆོག་གིས་རྒྱལ་བ་ཇོ་ནང་བའི་བསྟན་པ་རྒྱ་གར་འཕགས་པའི་ཡུལ་དུ་སླར་གསོ་དང་། ལྷག་པར་ཕྱི་ལོ༡༦༡༥ ལོར་རྗེ་བཙུན་ཏཱ་ར་ནཱ་ཐས་བཏབ་པའི་གདན་ས་རྟག་བརྟན་དམ་ཆོས་གླིང་ངེས་དོན་དགའ་བའི་ཚལ་མི་ཉམས་གོང་འཕེལ་གྱི་ཕྱིར་དུ་སིམ་ལ་སངས་རྒྱས་ཆོས་གླིང་དགོན་གནས་རྟེན་དང་བརྟེན་པ་ཡོངས་རྫོགས། རྗེ་བཙུན་ཏཱ་ར་ནཱ་ཐའི་ཡང་སྤྲུལ་ཁལ་ཁ་རྗེ་བཙུན་དམ་པའི་མཚན་ཐོག་ཏུ་གནང་ནས་ཁོང་ཇོ་ནང་བསྟན་པའི་བདག་པོར་མངའ་གསོལ་མཛད།

ཕྱི་ལོ་༡༩༩༨ ཟླ་༤ ཚེས་༡༠ ཉིན་སྐྱབས་མགོན་རྗེ་བཙུན་དམ་པ་མཆོག་དང་། མཁན་པོ་རིན་པོ་ཆེ་ཆོས་ཀྱི་སྣང་བ། སློབ་དཔོན་ངག་དབང་རྡོ་རྗེ། བླ་མ་ཡོན་ཏན་རྒྱ་མཚོ། ཕྱག་མཛོད་ཨ་ཁུ་ཀུན་དགའ་སོགས་དགོན་འདིར་ཆེད་ཕེབས་གནང་ནས་མཁན་སློབ་ཕྱག་མཛོད་སོགས་ཀྱིས་གཙོས་དགེ་འདུན་པ་སུམ་ཅུ་ཙམ་སྒྲིག་ཁོངས་སུ་ཞུགས་ཤིང་། དགོན་མིང་འཕགས་ཡུལ་ཇོ་ནང་མ་དགོན་རྟག་བརྟན་ཕུན་ཚོགས་ཆོས་གླིང་ཞེས་བཏགས། ཕྱི་ལོ་༢༠༠༠ ཟླ་༥ ཚེས༡༨ ཉིན་དགོན་པའི་དབུ་འབྱེད་མཛད་སྒོ་ཚོགས་ཏེ། སྐུ་མགྲོན་གཙོ་བོ་ཧི་མ་ཅལ་མངའ་སྡེའི་བློན་ཆེན་མཆོག་དང་། དཔལ་ལྡན་རང་གཞུང་ཆོས་རིག་དྲུང་ཆེ་དང་དྲུང་གཞོན་སོགས་མི་མང་གཅིག་སྟོང་ལྷག་འཛོམས་ནས་མཛད་སྒོ་གཟབ་རྒྱས་ངང་ནས་སྤེལ།

ཕྱིལོ༢༠༠༢ཟླ༦ ཚེས༡༢ ཉིན་༧གོང་ས་མཆོག་སྐུ་འཕྲེང་བཅུ་བཞི་བ་མཆོག་དགོན་འདིར་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་ནས། ཇོ་ནང་རྗེ་བཙུན་ཀུན་དགའ་གྲོལ་མཆོག་གིས་མཛད་པའི་ཇོ་ནང་ཁྲིད་བརྒྱ་དང་། དཔལ་ཇོ་ནང་བའི་ལུགས་ཀྱི་དུས་འཁོར་དང་། དུས་འཁོར་རྡོར་ཤུགས་གཉིས་ཀྱི་རྗེས་གནང་བཅས་ངེས་དོན་རང་ལུགས་ཀྱི་གསུང་ཆོས་མང་དུ་བསྩལ། རབ་བྱུང་བཅུ་བདུན་པའི་ཆུ་ལུག་སྟེ་ཕྱི་ལོ་༢༠༠༣ ཟླ་ ༦ཚེས་ ༣ཉིན་རྗེ་བཙུན་རིན་པོ་ཆེ་རང་དགོན་དུ་ཆིབས་བསྒྱུར་གནང་ཞིང་། ཁོང་ལ་འཕགས་ཡུལ་སིམ་ལ་ཇོ་ནང་མ་དགོན་འདུས་སྤྱིས་ཡུན་རིང་གསོལ་བ་བཏབ་པ་བཞིན། རྗེ་བཙུན་ཏཱ་ར་ནཱ་ཐས་མཛད་པའི་ལམ་རིམ་བདུད་རྩིའི་ཉིང་ཁུ་ཞེས་བྱ་བ་བཀའ་ཁྲིད་གནང་།

ཕྱི་ལོ༡༩༩༨ ལོར་མཁན་རབས་དང་བོ་མཁན་རིན་པོ་ཆེ་ཆོས་ཀྱི་སྣང་བ་མཆོག་གིས་མཁན་པོའི་མཛད་འགན་བཞེས། གྲྭ་སའི་ཇོ་ནང་སློབ་གཉེར་བ་སྐོར་ཞིག་གིས་རང་གི་སློབ་གཉེར་བློས་གཏོང་བྱས་ཏེ་རེ་མོས་ཀྱིས་ལོ་རེ་རེར་དགོན་པ་འདིར་ཕེབས་ནས་དགོན་པའི་མདོ་སྔགས་གཉིས་ཀའི་སློབ་གཉེར་གསར་འཛུགས་དང་འཕེལ་རྒྱས་ཐད་ལ་ཕན་པ་རྒྱ་ཆེན་བསྒྲུབས་ཡོད། ཕྱི་ལོ༢༠༠༩ ལོར་༧སྤྱི་ནོར༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་མཁན་རིན་པོ་ཆེ་དགེ་བཤེས་ཀུན་དགའ་རིན་ཆེན་མཆོག་འཕགས་ཡུལ་ཇོ་ནང་མ་དགོན་གྱི་མཁན་རབས་གཉིས་པར་བསྐོ་བཞག་གནང་། ཕྱིལོ་༢༠༡༤ ཟླ༦ ཚེས༡༦ ལ། ༧གོང་ས་སྐྱབས་མགོན་རྒྱལ་བའི་དབང་བོ་སྐུ་འཕེང་བཅུ་བཞི་བས་དགེ་བཤེས་ཀུན་དགའ་འཚམས་ཆུང་མཆོག་མཁན་རབས་གསུམ་པར་བསྐོ་བཞག་གནང་། ཕྱི་ལོ་༢༠༡༩ ཟླ་༧ ཚེས་༡ ཉིན་༧སྤྱི་ནོར༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་མཁན་རིན་པོ་ཆེ་དགེ་བཤེས་སྐྱབས་རྗེ་སྤྲུལ་སྐུ་ཀུན་དགའ་ཆོས་འཕེལ་མཆོག་མཁན་རབས་བཞི་བ་བསྐོ་བཞག་གནང་ནས་ད་ལྟ་མུ་མཐུད་དུ་ཕྱག་ལས་གནང་བཞིན་པས་སྐབས་སོ།

ད་སྐབས་དགོན་འདིར་མཁན་རིན་པོ་ཆེས་གཙོས་རྡོ་རྗེ་སློབ་དཔོན་མཁན་ཟུར་རྣམ་པ་ཕྱག་དྲུང་དགེ་ལས་བཅུ་ཕྲག་ལྷག་དང་། པདྨ་བཀོད་པ་དང་། སོག་པོ། མོན། ཁུ་ནུ། དོལ་པོ་སོགས་ནས་ཕེབས་པའི་གྲྭ་རྒྱུན་བཅས་ཁྱོན་བསྡོམས་བླ་གྲྭ་བརྒྱ་དང་སུམ་བཅུ་ལྷག་ཅིག་བཞུགས་ཏེ་སློབ་གཉེར་གནང་བཞིན་པའོ། དགོན་འདིའི་སློབ་གཉེར་གྱི་རིམ་པ། དང་བོ། སྔགས་ཕྱོགས་ནས་རྡོ་རྗེ་སློབ་དཔོན་ཆེན་མོ་ཆོས་ཀྱི་སྣང་བ་མཆོག་གིས་དཔལ་དུས་ཀྱི་འཁོར་ལོའི་མན་ངག་ཟབ་མོ་སྦྱོར་བ་ཡན་ལག་དྲུག་ཆོས་ཚན་རེ་ལོ་གསུམ་རིང་ཟབ་ཁྲིད་གནང་བཞིན་པ་དང་། དུས་འཁོར་དང་འབྲེལ་བའི་ཐིག་རྡུལ་མཚོན། ཐུན་མིན་གྱི་ཆོ་ག་ཕྱག་ལེན་འདོན་རྟ་དབྱངས་སོགས་ཀྱང་རྒྱུན་འཛིན་བྱེད་བཞིན་ཡོད་དོ། གཉིས་པ། མདོ་ཕྱོགས་ནས་དཔལ་ལྡན་རྒྱལ་བ་ཇོ་ནང་བའི་རང་ལུགས་ཡིག་ཆའི་ཐོག་ནས་དགེ་བའི་བཤེས་གཉེན་མཁན་ཟུར་རིན་པོ་ཆེ་ཀུན་དགའ་རིན་ཆེན་མཆོག་དང་། དགེ་བའི་བཤེས་གཉེན་མཁན་ཟུར་རིན་པོ་ཆེ་ཀུན་དགའ་འཚམས་ཆུང་མཆོག་དང་། མཁན་པོ་ལས་ཐོག་པ་མཁན་རིན་པོ་ཆེ་དགེ་བཤེས་སྐྱབས་རྗེ་ཀུན་དགའ་ཆོས་འཕེལ་སོགས་དགེ་ལས་ཐུན་མོང་གི་བཀའ་དྲིན་ལས། ནང་བསྟན་རྨང་གཞིའི་འཛིན་གྲྭ་བཞི། ཚད་མ། ཕར་ཕྱིན། དབུ་མ། མཛོད། འདུལ་བ་བཅས་གཞུང་ཆེན་པོ་ལྔར་སྦྱོང་བཞིན་པ་དང་། དེའང་འཛིན་གྲྭའི་བང་རིམ་བཞིན་སློབ་ཁྲིད་གནང་བཞིན་ཡོད།

༢༠༡༦ ལོར་ཀུན་མཁྱེན་དོལ་པོ་སངས་རྒྱས་ཀྱིས་མཛད་པའི་ཕར་ཕྱིན་མདོ་ལུགས་མ་དང་། ཉ་དབོན་ཀུན་དགའ་དཔལ་གྱིས་མཛད་པའི་ཕར་ཕྱིན་ཉ་ཊིཀ་གཉིས་ཀྱི་ཐོག་ནས་ཇོ་ནང་རང་ལུགས་ཀྱི་ཕར་ཕྱིན་ཡིག་ཆའི་སྟེང་ནས་ཕར་ཕྱིན་གསན་བསམ་གྲུབ་སྟེ་ཕར་ཕྱིན་དམ་བཅའ་བཞག་ཡོད། ཟུར་དུ་ཐ་སྙད་རིག་གནས་སྐོར། ཆོ་ག་ཆོས་སྤྱོད། བོད་ཀྱི་ཡིག་གཟུགས་དབུ་ཅན་དབུ་མེད། བོད་ཀྱི་བརྡ་སྤྲོད་དང་སྙན་ངག་དབྱིན་ཡིག་ཧིན་ཡིག་ཨང་རྩིས། དངོས་ཁམས་ཚན་རིག་སྐོར། མདོར་ན་དགོན་འདི་ནས་ལོ་ངོ་བཅོ་བརྒྱད་རིང་འཛིན་གྲྭ་རིམ་བགྲོད་ཀྱིས་སློབ་གཉེར་ལ་ཧུར་བརྩོན་བྱས་ནས་སློབ་གཉེར་མཐར་ཕྱིན་བྱེད་བཞིན་ཡོད།

༢༠༢༢་ལོའི་ཟླ་༠༡ ཚེས་༡༩ ཉིན་འཕགས་ཡུལ་ཇོ་ནང་མ་དགོན་ཡིག་ཚང་ནས་ཕུལ། །

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།