བཀའ་བཅུ་དགེ་བཤེས་་་་

༈ བལ་ཡུལ་ཇོ་ནང་དགོན་དུ་དཀའ་བཅུ་དགེ་བཤེས་སྐབས་དང་པོའི་མཐར་སོན་མཛད་སྒོ་འཚོགས།

ཕྱི་ལོ་༢༠༢༤ ཟླ་༣ ཚེས་༡༣ ནས་ཚེས་༡༥ བར་ཉིན་གྲངས་གསུམ་རིང་བལ་ཡུལ་ཇོ་ནང་དགོན་ངེས་དོན་རྟག་བརྟན་བཤད་སྒྲུབ་ཆོས་འཁོར་གླིང་དུ། དཀའ་བཅུ་དགེ་བཤེས་སྐབས་དང་པོའི་མཐར་སོན་མཛད་སྒོ་འཚོགས་ཡོད་ཅིང་། ཐེངས་འདིའི་མཛད་སྒོའི་ཐོག་ཏུ་༧དབུ་འཛིན་མཆོག་སྤྲུལ་རིན་པོ་ཆེ་བཀྲ་ཤིས་རྒྱལ་མཚན་དཔལ་བཟང་པོ་མཆོག་དང་། མཁན་རིན་པོ་ཆེ་ངག་དབང་དགེ་འདུན་རྒྱ་མཚོ་མཆོག ༧སྐྱབས་རྗེ་ཇོ་ནང་རྒྱལ་ཚབ་རིན་པོ་ཆེ་མཆོག་གི་སྐུ་ཚབ་མཁན་རིན་པོ་ཆེ་ཡེ་ཤེས་མཆོག་གི་དབུས་དགེ་བཤེས་ལྷ་རམས་པ་དྲི་མེད་འོད་ཟེར་མཆོག འཕགས་ཡུལ་སིམ་ལ་ཇོ་ནང་མ་དགོན་གྱི་མཁན་ཟུར་རིན་པོ་ཆེ་ཀུན་དགའ་མཚམས་ཆུང་མཆོག ༧སྐྱབས་རྗེ་སྟེང་རིན་པོ་ཆེ་མཆོག་གི་སྐུ་ཚབ་ཀཿ ཐོག་སྤྲུལ་སྐུ་བསྟན་འཛིན་འཇིགས་མེད་རྡོ་རྗེ་མཆོག རྒྱལ་སྤྱིའི་ཇོ་ནང་འགྲོ་ཕན་ལྷན་ཚོགས་ཀྱི་ཚོགས་གཙོ་རྟག་བརྟན་དགེ་བཤེས་བླ་མ་སྦྱིན་པ་བཟང་པོ་མཆོག མཁན་པོ་ཆོས་འབྱོར་རྒྱ་མཚོ་མཆོག དཀའ་བཅུ་དགེ་བཤེས་ཚུལ་ཁྲིམས་རྣམ་རྒྱལ་མཆོག གཞན་ཡང་ཡང་ལེ་ཤོད་གྲོང་སྡེ་སྤྱི་ཁྱབ་ལྷན་ཁང་གི་ཚོགས་གཙོ་ Mr: Mohan Basnet གཙོས་ས་གནས་འགོ་བ་ཁག་ཅིག་དང་ས་གནས་འཐུས་མི། ཚོགས་སྡེ་ཁག་གི་ལས་མི། ཡང་ལེ་ཤོད་ཀྱི་དགོན་སྡེ་ཁག་གི་སྐུ་ཚབ། དེ་མཚུངས་རྒྱ་བལ་འབྲུག་གསུམ་དང་ཨ་རི། ཐེ་ཝན། རྒྱ་ནག མ་ལེ་ཤ་སོགས་ཀྱི་དགོན་སྡེ་དང་ཚོགས་སྡེ་ཁག་གི་མཁན་བླ་སྤྲུལ་དགེ་བའི་བཤེས་གཉེན་རྣམ་པ་དང་། དད་ལྡན་སྦྱིན་བདག་རྣམ་པ། གྲྭ་མང་འདུས་སྡེ་དང་། དོལ་པོ། དཀར་མ་རོང་། ཡོལ་མོ་སོགས་ནས་ཕེབས་པའི་སྐུ་མགྲོན་དགྱེས་འཛོམས་ཐོག་དཀའ་བཅུ་དགེ་བཤེས་རྣམ་པས་གཞུང་བཀའ་པོད་ལྔ་ལ་དམ་བཅའ་ཆེན་མོ་བཞག་ཡོད་འདུག

དབུ་འཛིན་མཆོག་སྤྲུལ་རིན་པོ་ཆེ་བཀྲ་ཤིས་རྒྱལ་མཚན་མཆོག་དང་མཁན་རིན་པོ་ཆེ་དགེ་འདུན་རྒྱ་མཚོ་མཆོག དགེ་བཤེས་ལྷ་རམས་པ་དྲི་མེད་འོད་ཟེར་མཆོག

དེ་ཡང་ཚེས་༡༣ ཉིན་སྔོན་འགྲོའི་མཛད་རིམ་ལ་ཚོགས་ཁང་ངེས་དོན་ལུང་རྟོགས་ཆོས་ཀྱི་དགའ་ཚལ་དུ། མཁན་རིན་པོ་ཆེ་ངག་དབང་དགེ་འདུན་རྒྱ་མཚོ་མཆོག་དབུ་བཞུགས་ཐོག་མཁན་བླ་སྤྲུལ་དགེ་འདུན་འདུས་མང་ནས་བླ་བརྒྱུད་གསོལ་འདེབས་དང་ཀུན་མཁྱེན་མཆོད་ཆོག་ཚོགས་དང་བཅས་པ་གསུང་གནང་བ་དང་། མཁན་རིན་པོ་ཆེ་ངག་དབང་དགེ་འདུན་རྒྱ་མཚོ་མཆོག་ནས་དགེ་འདུན་འདུས་མང་ཚོགས་དབུས་སུ་བསླབ་པ་མཐར་སོན་རྣམ་པར་དཀའ་བཅུའི་དགེ་བཤེས་ཀྱི་མཚན་གནས་དང་ན་བཟའ་བསྩལ་ཡོད་འདུག

ཚེས་༡༤ ཉིན་མཁན་རིན་པོ་ཆེ་ངག་དབང་དགེ་འདུན་རྒྱ་མཚོ་མཆོག་དང་སྐྱབས་རྗེ་༧ཇོ་ནང་རྒྱལ་ཚབ་རིན་པོ་ཆེ་མཆོག་གི་སྐུ་ཚབ་མཁན་རིན་པོ་ཆེ་ཡེ་ཤེས་མཆོག་གི་དབུས་གྲྭ་མང་འདུས་སྡེ་གདན་འཛོམས་ཐོག དཀོན་མཆོག་རྗེས་དྲན་དང་སྦྱོར་དྲུག་བླ་མ་བརྒྱུད་པའི་གསོལ་འདེབས་སོགས་གསུང་བ་དང་། དཀའ་བཅུ་དགེ་བཤེས་རྣམས་སྤོས་སྣ་བས་ཕེབས་བསུ་བཅས་གཞུང་བཀའ་པོད་ལྔ་ལ་དམ་བཅའ་ཆེན་མོ་བཞག་པ། དེ་ཡང་འདུལ་བ། མཛོད། དབུ་མ། ཕར་ཕྱིན། རྣམ་འགྲེལ་བཅས་འཛིན་གྲྭ་སོ་སོ་ནས་རྟགས་གསལ་བཏང་།


ཚེས་༡༥ ཉིན་ཞོགས་ཀའི་དུས་ཚོད་དགུ་པའི་ཐོག་ལ་དང་པོ་དགེ་བཤེས་རྣམ་པ་མཆོད་མཇལ་ལ་ཕེབས་པ་དང་། དེ་རྗེས་དུས་ཚོད་བཅུ་གཅིག་དང་ཕྱེད་ཀ་ལ་ཚོགས་ཁང་ངེས་དོན་ལུང་རྟོགས་ཆོས་ཀྱི་དགའ་ཚལ་དུ་སྐུ་མགྲོན་རྣམས་གདན་འཛོམས་སུ་མཆོག་སྤྲུལ་རིན་པོ་ཆེ་ནས་སྐུ་པར་མཐོང་གྲོལ་ཆེན་མོར་སྣང་གསལ་མར་མེ་ཞལ་ཕྱེ་དང་བཅས་མཛད་སྒོ་དངོས་སུ་དབུ་འཛུགས་གནང་། དེ་ཡང་ཐོག་མར་མཆོག་སྤྲུལ་རིན་པོ་ཆེ་བཀྲ་ཤིས་རྒྱལ་མཚན་དཔལ་བཟང་པོ་མཆོག་ནས་གསུང་བཤད་གནང་དོན། བཀའ་དྲིན་ཆེ།

འཆད་པའི་གཞུང་ལུགས་འབྲུག་གི་སྒྲ་ཆེན་ལྡིར།།
རྩོད་པའི་སེངྒེའི་ང་རོས་ས་གསུམ་འདར།།
རྩོམ་པའི་ལེགས་བཤད་མཁས་དགུའི་ཡིད་དབང་འཕྲོག།
ཀུན་མཁྱེན་དོལ་པོ་སངས་རྒྱས་སྲིད་འདིར་རྒྱལ།།

ཆོས་འཁོར་གསུམ་ལས་ཕྱི་མ་ངེས་དོན་ལུགས།།
རྒྱུད་སྡེ་རྣམ་བཞིའི་རྩེ་མོ་གཉིས་མེད་རྒྱུད།།
བཤད་སྒྲུབ་གཉིས་ཀྱི་ཡང་སྙིང་སྒྲུབ་པའི་ཚུལ།།
ཇོ་ནང་བསྟན་པས་ས་གསུམ་ཁྱབ་གྱུར་ཅིག།
གནས་མཆོག་ཡང་ལེ་ཤོད་དཔལ་རྒྱལ་བ་ཇོ་ནང་བའི་གདན་ས་རྟག་བརྟན་བཤད་སྒྲུབ་ཆོས་འཁོར་གླིང་གི་སྐབས་དང་པོའི་བཀའ་བཅུ་དགེ་བཤེས་ཀྱི་མཐར་ཕྱིན་མཛད་སྒོར་འཚམས་འདྲི་དང་བཅས་གསུང་དོན་ཕྱི་ལོ་༢༠༢༤ ཟླ་༣ ཚེས་༡༥ ཉིན་དངོས་སུ་བསྐྱངས་བ་མ་ཟད། ཐོག་མཐའ་བར་གསུམ་དུ་དགེ་བའི་མཚན་མ་བྱུང་བ་ནི། རྒྱལ་བསྟན་སྤྱི་དང་བྱེ་བྲག་ངེས་དོན་དབུ་མའི་བསྟན་པ་ཕྱོགས་བཅུར་རྒྱས་པའི་རྟེན་འབྲེལ་སྒོ་ཀུན་ནས་འགྲིགས་པར་ངེས།
དེ་ལྟ་བུའི་མཛད་བཟང་རྨད་དུ་བྱུང་བ་ལོ་རྒྱུས་ཀྱི་རིན་ཐང་ལྡན་པ་འདི་ནི། གཙོ་བོ་མཁན་རིན་པོ་ཆེ་དགེ་འདུན་རྒྱ་མཚོ་མཆོག་དང་། དགེ་བཤེས་ལྷ་རམས་པ་དྲི་མེད་འོད་ཁོ། མཁན་པོ་རིན་ཆེན་རྒྱ་མཚོ། སིམ་ལ་ཇོ་ནང་མ་དགོན་གྱི་མཁན་ཟུར་ཀུན་དགའ་འཚམས་ཆུང་། མཁན་པོ་ཆོས་འབྱོར་རྒྱ་མཚོ། དུས་འཁོར་སྦྱོར་དྲུག་སྒོམ་གྲྭ་ཆོས་འཁོར་གླིང་གི་མཁན་པོ་ཡེ་ཤེས། མཁན་རིན་པོ་ཆེ་རིན་ཆེན་རྒྱ་མཚོ་གཙོས་འབྲེལ་ཡོད་མཁན་བླ་དགེ་བཤེས་རྣམ་པ་དང་། དགེ་རྒན་རྣམ་པའི་བཀའ་དྲིན་ཉག་གཅིག་ལས་བྱུང་བ་ཡིན་པས། གོ་སྐབས་འདི་བརྒྱུད་ནས་ཁོང་རྣམ་པར་བཀའ་དྲིན་དང་ཐུགས་རྗེ་ཆེ་ཞུ་བ་ཡིན།
སླད་མའི་ཆར་ཡང་། ཡར་རྒྱས་ལ་མཐའ་མེད་པ་ཡིན་པས་མཁན་བླ་སྤྲུལ་རྣམ་པས་དབུ་ཁྲིད། བཀའ་བཅུ་དགེ་བཤེས་རྣམ་པས་རྐང་བཟུང་། དགེ་འདུན་འདུས་པ་རྒྱ་མཚོས་མཐའ་བརྒྱན་ཏེ། ལི་ཁྲིའི་རྒྱ་མཚོ་ཀློང་དུ་བརྡོལ་བ་བཞིན། ངེས་དོན་ལུགས་བཟང་འཛིན་པའི་བཤེས་གཉེན་གྱིས་འཛམ་གླིང་ཡོངས་སུ་ཁྱབ་པའི་སྨོན་འདུན་བཅས་གནང་བ་དང་།

དེ་མཚུངས་༧ མཁན་རིན་པོ་ཆེ་ངག་དབང་དགེ་འདུན་རྒྱ་མཚོ་མཆོག་ནས་དཀའ་བཅུ་དགེ་བཤེས་ཀྱི་བརྒྱུད་རིམ་དང་བཅས་གསུང་བཤད་གནང་དོན་ལོ་རྒྱུས་ཀྱི་ཡིག་རྙིང་དག་ན་ (དཀའ་བཅུ་བ) དང་ (བཀའ་བཅུ་བ) ཞེས་འབྲི་ཚུལ་མི་འདྲ་བ་གཉིས་བྱས་ནས་བྲིས་འདུག་པས་དེ་ལ་དཔྱད་པ་ཅུང་ཙམ་ཡོད་མོད་རེ་ཞིག་བསྐྱུར་ནས། གང་ལྟར་བོད་འདིར་བཀའ་བཅུ་ཞེས་པའི་མཚན་ཐོག་མར་བྱུང་ཚུལ་གྱི་དུས་ཚིགས་གསལ་བོ་མི་སྣང་ཡང་། འགའ་རེས་བཤད་པ་ལྟར་ན་རྒྱལ་ཚབ་དར་མ་རིན་ཆེན་མཆོག་གིས་བཀའ་བཅུའི་དམ་བཅའ་འཇོག་པའི་སྲོལ་གསར་བཏོད་བྱས་པར་འདོད་པ་དང་། བོད་ལ་བཀའ་བཅུ་བ་ཞེས་པའི་མཚན་ཡང་ཐོག་མར་འདི་ནས་བྱུང་བར་གྲགས་ཞེས་འགའ་རེས་དེ་ལྟར་བཤད་ཀྱིན་འདུག་མོད།
དེ་ནི་དཔྱད་དགོས་པའི་གནས་སུ་འདུག་སྙམ། རྒྱུ་མཚན་དེའི་སྔ་རོལ་ནས་བོད་ལ་དཀའ་བཅུ་བའི་མཚན་གྲགས་ཡོད་པར་མ་ཟད་དཀའ་བཅུ་བའི་མཚན་གནས་བཞེས་ཡོད་པ་མང་ངོ་། །དཔེ་མཚོན་ཙམ་བཀོད་ན། ཇོ་ནང་ཡབ་སྲས་བཅུ་བཞིའི་ནང་ཚན་ས་བཟང་མ་ཏི་པཎ་ཆེན་བློ་གྲོས་རྒྱལ་མཚན་མཆོག་གིས་བཀའ་བཅུ་བའི་མཚན་བཞེས་ཡོད། ཁོང་ནི་སྤྱི་ལོ་༡༢༩༤ ལ་སྐུ་འཁྲུངས་༡༣༧༦ ལ་འདས་པར་རྣམ་ཐར་དག་ན་གསལ་བ་ལྟར་ཡིན། ཁོང་གིས་བཀའ་བཅུའི་མཚན་གནས་བཞེས་དུས་རིགས་ལྡན་རྒྱལ་བ་ཇོ་བཟང་བས་མཛད་པའི་ཇོ་ནང་ཡབ་སྲས་བཅུ་བཞིའི་རྣམ་ཐར་ལས། དགུང་ལོ་ཉི་ཤུ་རྩ་གཅིག་ཏུ་གློ་བུར་སྟོང་ཆེན་དུ་བྱོན་ནས་སྐྱི་སྟོན་ཉི་མ་རྒྱལ་མཚན་ལ་དབང་དང་མན་ངག་ཅི་རིགས་པ་གསན་ཅིང་། བྲག་རམ་ལ་གཤེགས་ཏེ་བླ་མ་བསོད་ནམས་བཟང་པོ་ལ་འཇམ་དཔལ་རྩ་རྒྱུད། གཤེད་སྐོར། ཞི་བྱེད་ནཱ་རོ་ཆོས་དྲུག་དམར་ཁྲིད་ལ་སོགས་གསན་ནས་ཐོས་པ་དམ་པོ་བྱུང་ངོ་།། དེ་ནས་བྱང་དགོན་དུ་བྱོན་ཏེ། སྟོན་པ་སངས་རྒྱས་བཟང་པོ་ལ་བདེ་མཆོག་འབུམ་ལྔ་ལ་སོགས་བཀའ་ཆོས་མང་དུ་གསན་ནོ།། དེ་ནས་སྟག་ལུང་དུ་བྱོན་ཏེ་བླ་མ་རིན་ཆེན་བཟང་པོ་ལ་ཡུམ་སྐོར་ལ་སོགས་གསན་ནས་དཀའ་བཅུ་འཛིན་པའི་གྲགས་པ་བྱུང་ངོ་།། དེ་ནས་དགུང་ལོ་ཉེར་ལྔར་ཞ་ལུར་བྱོན་ནས་མཁན་ཆེན་རིན་ཆེན་གྲགས་པའི་དྲུང་དུ་བསྙེན་རྫོགས་མཛད།
ཅེས་གསུངས་པ་ལྟར་ན་ཁོང་དགུང་ལོ་ཉེར་གཅིག་ནས་ཉེར་ལྔའི་བར་དེར་བཀའ་བཅུ་བའི་དམ་བཅའ་བཞག་ནས་མཚན་ཐོགས་པར་གསལ་ལ་དེ་ནི་སྤྱི་ལོ་ ༡༣༡༤ ནས ༡༣༡༨ བར་ཡིན་ལ། དེ་དུས་སུ་རྒྱལ་ཚབ་དར་མ་རིན་ཆེན་ད་དུང་སྐུ་འཁྲུངས་མེད་དེ་ཁོང་ནི་འཁྲུངས་དུས་སྤྱི་ལོ་ ༡༣༦༤ སྐུ་འཁྲུངས་ནས་༡༤༣༢ དགོངས་པ་རྫོགས་པ་ཡིན་པར་རྣམ་ཐར་རེ་འགའ་ན་གསལ་བར་བཀོད་འདུག ད་དུང་རྒྱལ་ཚབ་མཆོག་གིས་བཀའ་བཅུའི་དམ་བཅའ་འཇོག་དུས་དགུང་གྲངས་ཉེར་ལྔ་ཡས་མས་ཙམ་ཡིན་པ་རྣམ་ཐར་ན་གསལ། རྒྱལ་ཚབ་འཁྲུངས་དུས་སུ་ས་བཟང་མ་ཏི་པཎ་ཆེན་དགུང་གྲངས་བདུན་ཅུ་དོན་གཅིག་ལ་སོན་ཡོད་དགུང་ལོ་གྱ་གསུམ་དུ་བཞུགས་པར་རྣམ་ཐར་ན་གསལ་ལོ།། ད་དུང་རྒྱལ་ཚབ་དང་དུས་མཉམ་པའི་ཇོ་ནང་ཡབ་སྲས་བཅོ་ལྔའི་ནང་ཚན་ཐང་ཆེན་ཀུན་དགའ་འབུམ་ཡང་དཀའ་བཅུ་ཚད་ལྡན་དུ་གྲགས་སོ།། ཞེས་ཀུན་མཁྱེན་ཆེན་པོ་ཡབ་སྲས་བཅོ་ལྔའི་རྣམ་ཐར་ན་གསལ་ལོ།།
དེས་ན་རྒྱལ་ཚབ་སྐུ་མ་འཁྲུངས་པའི་སྔ་རོལ་ནས་བཀའ་བཅུ་ཞེས་པའི་མཚན་བོད་ཡུལ་དུ་གྲགས་པར་མ་ཟད་བཀའ་བཅུའི་དམ་བཅའ་བཞེས་པའི་མཁས་པ་མང་པོ་ཡོད་པར་འདུག བོད་ཡུལ་དུ་བཀའ་བཅུ་བ་ཞེས་པའི་མཚན་དུས་རབས་ནམ་ཞིག་ལ་ཐོག་མར་བྱུང་བའི་ལོ་རྒྱུས་ཁུངས་ལྡན་ཡོད་པར་གསལ་བོ་དེ་སྔོན་མ་འཇལ་བས་དམ་བཅའ་འཇོག་མཁན་གྱི་གང་ཟག་དང་དུས་ཚིགས་ཆོས་བརྒྱུད་གང་གིས་ཐོག་མར་བཞག་སོགས་བདག་གིས་མི་ཤེས་སོ་བཅས་བཀའ་སློབ་བསྩལ།

དེ་ནས་མཆོག་སྤྲུལ་རིན་པོ་ཆེ་མཆོག་ནས་དཀའ་བཅུ་དགེ་བཤེས་རྣམ་པར་གཟེངས་བསྟོད་ཕྱག་ཁྱེར་བསྩལ་གནང་བ་དང་། མཁན་རིན་པ་ཆེ་མཆོག་གིས་དཀའ་བཅུ་དགེ་བཤེས་རྣམས་ལ་མི་ལོ་བཅོ་བརྒྱད་ལྷག་ལ་ཐོས་བསམ་སྒོམ་སྒྲུབ་གནང་བའི་འབྲས་རྟགས་སུ་དགེ་བཤེས་ཕྱག་ཁྱེར་བསྩལ་བ་དང་། དེ་ནས་༧ མཆོག་སྤྲུལ་རིན་པོ་ཆེ་དང་མཁན་རིན་པོ་ཆེ་རྣམ་གཉིས་ཀྱིས་རྟེན་འབྲེལ་མཚོན་དོད་ཞབས་ཕྱི་བའི་ལག་ཏུ་བསྐུར་ནས་དཀའ་བཅུ་དགེ་བཤེས་རྣམས་ལ་འབུལ་བ་དང་། མུ་མཐུད་ནས་དགེ་འདུན་འདུས་མང་དང་སྐུ་མགྲོན་རྣམས་ནས་མཇལ་དར་དང་མཎྜལ་རྟེན་དོད་འབུལ་བཞིན། སྨོན་ལམ་རྣམ་གསུམ་དང་བསྟན་འབར་མ་བཅས་བཀྲ་ཤིས་ཀྱིས་མཐའ་བརྒྱན། དགེ་བཤེས་ལྷ་རམས་པ་དྲི་མེད་འོད་ཟེར་མཆོག་གིས་ཐུགས་རྗེ་ཆེ་ཞེས་མཇུག་སྡོམ་གསུངས་བཤད་གསུངས་གནང་བ་དང་ཕྱག་ཁྱེར་བསྩལ་བའི་མཛད་སྒོ་མཇུག་བསྡུས་སོང་ལ།

མཐར་བཞེས་ལག་གྲུབ་རྗེས་རྒྱལ་སྤྱིའི་ཇོ་ནང་སྔགས་མང་ཤེས་རིག་ནོར་བུའི་སློབ་གྲྭའི་སློབ་ཕྲུག་རྣམས་ནས་བཀྲ་ཤིས་པའི་རྟེན་འབྲེལ་གྱི་ཚུལ་དུ་གླིང་བྲོ་བདེ་ཆེན་རོལ་མོ་དང་། དཀར་མ་རོང་སྤྱི་ཚོགས་ཡར་རྒྱས་ཚོགས་པ་ནས་སྲོལ་རྒྱུན་ཞབས་བྲོ་བཅས་མིག་གིས་དགའ་སྟོན་ཏུ་མཆོད་པ་འབུལ་བ་བཅས་མཛད་སྒོ་བཀྲ་ཤིས་ངང་མཇུག་ལེགས་པར་གྲུབ་སོང་།

བལ་ཡུལ་ཇོ་ནང་དགོན་ངེས་དོན་རྟག་བརྟན་བཤད་སྒྲུབ་ཆོས་འཁོར་གླིང་ནི་ཕྱི་ལོ་༢༠༠༥ ལོར་༧མཆོག་སྤྲུལ་བཀྲ་ཤིས་རྒྱལ་མཚན་དཔལ་བཟང་པོ་མཆོག་གིས་བལ་ཡུལ་གྱི་གནས་མཆོག་མཆོད་རྟེན་བྱ་རུང་ཁ་ཤོར་གྱི་ཉེ་འགྲམ་དུ་གསར་འཛུགས་གནང་བའི་དཔལ་རྒྱལ་བ་ཇོ་ནང་བའི་བཤད་སྒྲུབ་གཉིས་ལྡན་གྱི་གདན་ས་ཞིག་ཡིན་ལ། དེ་རྗེས་ཕྱི་ལོ་༢༠༡༣ལོར་སླར་ཡང་དགོན་དེ་ཉིད་ཀྱི་བཀོད་པ་སྔར་ལས་ཆེ་བ་སོགས་བྱས་ཏེ་བལ་ཡུལ་ཡང་ལེ་ཤོད་དུ་ས་གཞི་ཉོས་ཤིང་གནས་སྤོ་བྱས་ད་ལྟའི་ཆར་ཡང་ལེ་ཤོད་ན་གནས་གཞི་ཆགས་ཡོད། མཆོག་སྤྲུལ་རིན་པོ་ཆེའི་གཟིགས་སྐྱོང་འོག་ད་ལྟའི་ཆར་བལ་ཡུལ་གྱི་དོལ་པོ་དང་། དཀར་མ་རོང་། ཡོལ་མོ། ཤར་པ་སོགས་དང་། རྒྱ་གར་གྱི་མོན་རྟ་དབང་སོགས་ནས་ཕེབས་པའི་དགེ་འདུན་པ་དང་སློབ་ཕྲུག་༤༠༠ ཙམ་གྱིས་བོད་ཀྱི་སྐད་ཡིག་རིག་གཞུང་དང་བཅས་པའི་རྒྱལ་བ་ཇོ་ནང་བའི་རང་ལུགས་དབུ་མ་གཞན་སྟོང་གི་གཞུང་ལུགས་ལ་སློབ་གཉེར་བྱེད་བཞིན་ཡོད་པ་རེད།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།