ཇོ་ནང་སྐྱབས་མགོན་ཡིད་བཞིན་ནོར་བུའི་མཛད་ཆེན་བཅུ་གཉིས།

༈ ཇོ་ནང་སྐྱབས་མགོན་ཡིད་བཞིན་ནོར་བུའི་མཛད་ཆེན་བཅུ་གཉིས།

༄༅།། དཔལ་ལྡན་རྒྱལ་བ་ཇོ་ནང་བའི་ཆོས་སྲིད་གཉིས་ཆར་གྱི་སྤྱི་དཔལ། ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ། དོན་གྱི་སླད་དུ་མཚན་ནས་སྨོས་ན་མཚན་བརྗོད་པར་དཀའ་བ་སྐྱབས་མགོན་ཡིད་བཞིན་ནོར་བུ་གཙང་ཆེན་སྤྲུལ་བའི་སྐུ་༧འཇིགས་མེད་འཕྲིན་ལས་རྣམ་རྒྱལ་མཆོག་གིས་མཛད་ཆེན་བཅུ་གཉིསཀྱི་སྒོ་ནས་བསྟན་པ་དང་འགྲོ་བའི་དོན་མཛད་ཚུལ་མདོ་ཙམ་བརྫོད་པར་བྱའོ།།

རྩོམ་པ་པོ། རྩི་ནང་ཕུར་རྟེན།

༧ རྗེ་ཉིད་ཀྱི་གདན་ས་ཤར་འཛམ་ཐང་གཙང་ཆེན་དགོན།

༧ རྗེ་ཉིད་ཀྱི་སྒྲུབ་པ་ཉམས་ལེན་བྱེད་ས་རྩི་ནང་མ་ཅིག་སྒྲུབ་ཕུག

གྲུབ་ཆེན་རིན་པོ་ཆེའི་གཏེར་ལུང་ལས།

ཡུལ་འཛམ་བུ་གླིང་གི་ཐང་ཆེན་ན།།
བློ་ཀཱ་ལ་ཙཀྲར་གཞོལ་བའི་མི།།
དཔལ་ལག་ན་རྡོ་རྗེས་བྱིན་རླབས་པའི།།
ཁོང་ཀརྨ་དཔའ་བོ་ཧེ་རུ་ཀས།།
གནས་འདི་ལ་རྒྱན་གྱིས་བརྒྱན་གྱུར་ན།།
ཡུལ་འདི་ཀའི་བདེ་སྐྱིད་བོས་པ་བཞིན།།
ལྷ་ཚེ་དཔག་མེད་ཀྱི་དཔལ་བྱིན་པ།།
ཁོང་ཆོས་ལ་དབང་ཐོབ་དམ་པར་འགྱུར།།

དཔལ་དྲི་མ་མེད་པའི་འོད་ལས།

དུས་ཀྱི་འཁོར་ལོའི་རྒྱུད་སྟོན་པ་པོ་རྡོ་རྗེ་སློབ་དཔོན་ནི་བཅོམ་ལྡན་འདས་འཇམ་དཔལ་ཇི་ལྟ་བ་དང་། དུས་ཀྱི་འཁོར་ལོ་དང་པོའི་སངས་རྒྱས་ཇི་ལྟ་བར། ཐར་པ་དོན་དུ་གཉེར་བ་རྣམས་ཀྱིས་བལྟ་བར་བྱའོ།།

མཛད་པ་དང་བོ།
དུས་གསུམ་གྱི་རྒྱལ་བ་ཐམས་ཅད་གཤེགས་པའི་ལམ་ཆེན། དཔལ་དུས་ཀྱི་འཁོར་ལོའི་ལམ་ཟབ་མོ་རྡོ་རྗེའི་རྣལ་འབྱོར་སྦྱོར་བ་ཡན་ལག་དྲུག་གི་ཟབ་ཆོས་མན་ངག་དང་བཅས་པས་སྐལ་ལྡན་གྱི་སློབ་མ་བསྐྱངས་ཚུལ་ནི། སྤྱི་ལོ༡༩༨༩ནས་རྩི་ནང་དགོན་ཀྱི་རྡོ་རྗེ་སློབ་དཔོན་གྱི་འགན་བཞེས་པ་དང་། སྤྱི་ལོ་༡༩༩༤ནས་གཙང་ཆེན་གཟིམ་ཁང་ཆོས་ཀྱི་ཕོ་བྲང་གི་རྡོ་རྗེ་སློབ་དཔོན་ཆེན་མོའི་འགན་བཞེས་ནས་གཟིམ་ཁང་ཆོས་ཀྱི་ཕོ་བྲང་གི་སྐལ་ལྡན་སློབ་བུ་རྣམས་དང་། རྩི་ནང་དགོན་དང་། བྱ་ཡུལ་དགོན། ཆོས་སྒར་གོང་མ་བཅས་སློབ་བུ་སྟོང་ཕྲག་དུ་མ་ལ་ལོ་ངོ་བཅུ་ཕྲག་འགའ་ཤས་རིང་ལ་ཟབ་རྒྱས་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། ས་སྐྱ་པཎྜི་ཏས། ཡོན་ཏན་ལྡན་ན་སྐྱེ་བོ་ཀུན། །མ་བསྡུས་པར་ཡང་རང་ཉིད་འདུ། །དྲི་ལྡན་མེ་ཏོག་རྒྱང་རིང་ཡང་། །བུང་བ་སྤྲིན་གྱི་ཚོགས་བཞིན་འཁོར། །ཞེས་པ་ལྟར་གཙང་ཆེན་གཟིམ་ཁང་ཆོས་ཀྱི་ཕོ་བྲང་དུ་སྔགས་ཀྱི་རྡོ་རྗེ་སློབ་དཔོན་ཆེན་མོ་གནམ་གྱིས་ས་བཀབ་པ་ལྟ་བུ་མང་པོ་བྱོན་མྱོང་ན་ཡང་ཁོང་ལྟ་བུའི་སློབ་ཚོགས་ཀྱི་འདུ་བ་རྒྱ་ཆེན་པོ་ཞིག་སྔོན་ཆད་བྱོན་མ་མྱོང་པར་མངོན་ནོ།།

མཛད་པ་གཉིས་པ།
ཇོ་ནང་ཀུན་མཁྱེན་ཆེན་པོ་དང་རྗེ་བཙུན་ཏཱ་ར་ནཱ་ཐ་ཡབ་སྲས་སོགས་རང་ལུགས་བླ་མ་གོང་མ་རྣམས་ནས་བརྒྱུད་པའི་བྱིན་རླབས་དབང་གི་ཆུ་རྒྱུན་སྐལ་ལྡན་གྱི་གདུལ་བྱ་རྣམས་ལ་བསྩལ་བའི་རིམ་པ་ནི། ཤར་འཛམ་ཐང་ཆོས་ཀྱི་ཕོ་བྲང་ནས། དུས་འཁོར་དབང་ཆེན་ཐེངས་བཞི་དང་། བདེ་མཆོག་རབ་འབྱམས། རྒྱུད་སྡེ་རབ་འབྱམས། གཤིན་རྗེ་རབ་འབྱམས། རྡོ་རྗེ་ཕྲེང་བ། རིན་འབྱུང་བརྒྱ་རྩ། སྒྲུབ་ཐབས་བརྒྱ་རྩ། ནེ་གུ་ཆོས་དྲུག སྦྱོང་རྒྱུད་བཅུ་གཉིས། གྲུབ་ཆེན་བརྒྱད་ཅུའི་རྗེས་གནང་། གྲོལ་མཆོག་ཁྲིད་བརྒྱ། མི་འཁྲུགས་པའི་དབང་། གདུགས་དཀར་བྱད་གྲོལ་གྱི་དབང་། རྟ་ཕྱག་ཁྱུང་གསུམ་གྱི་རྗེས་གནང་། ཁྲོ་རྒྱལ་རྨེ་བརྩེགས་ཀྱི་རྗེས་གནང་། མགོན་པོ་ཁྲོ་བཅུའི་རྗེས་གནང་། གཞན་ཡང་རྩི་ནང་དགོན་ནས་དུས་འཁོར་དབང་ཆེན་ཐེངས་གཉིས་དང་ནེ་གུ་ཆོས་དྲུག་གི་དབང་དང་ཕུར་བའི་དབང་སོགས་དབང་མང་བོ་དང་། ཨ་སྐྱོང་དགོན་དང། མགར་སྐོར་དགོན། དགུ་སྟོད་དགོན། གདོང་སྐོར་དགོན། ལུང་སྐྱ་དགོན། གཙང་གོང་མ་དགོན། གླིང་འབུད་དགོན། ཁང་སར་ཉིན་ཡུལ་དགོན། བསེ་དགོན། མདོ་ལུའི་རྡོ་ཁ་དགོན། བཀྲ་ཤིས་སྒང་དགོན། ཐེན་ཅེན། ཅེན་དཔའ་སི་སོགས་དགོན་སྡེ་མང་བོ་དང་ཡུལ་ལུང་མང་བོ་ལ་དུས་འཁོར་དབང་ཆེན་དང་གཞན་ཡང་དབང་མང་བོའི་ཟབ་རྒྱས་ཆོས་ཀྱི་འཁོར་ལོ་བསྐོར་བའོ།།

མཛད་པ་གསུམ་པ།
སྤྱི་ལོ་༢༠༠༣ལོར་རྒྱུད་སྡེ་རྒྱ་མཚོ་གསར་དུ་བཙུགས་པ་དང་། ཡིག་བརྒྱའི་ཐུན་པ། གཞན་ཡང་འཇིགས་བྱེད་བསྙེན་ཆེན་པ་དང་། རྟ་མགྲིན། ཕུར་བ། འབྱུང་འདུལ་སོགས་ཡི་དམ་མང་བོའི་ཁྲིད་དང་ལུང་སོགས་བསྙེན་མཚམས་པ་རྣམས་ལ་གང་འདོད་དུ་གནངས་བ་དང་། གཞན་ཡང་སྤྱི་ལོ༢༠༡༡ལོར་སློབ་ཆུང་གསར་དུ་བཙུགས་ནས། ལང་ཚོའི་མེ་ཏོག་གསར་དུ་བཞད་པའི་མ་འོངས་པའི་རྒྱུད་འཛིན་གྲྭ་ཆུང་རྣམས་ལ་ཀློག་སློབ་པའི་དགེ་རྒན་རྣམས་ཀྱི་ལས་འགན་བསྐོས་བཞག་གནང་བ་དང་། དབུལ་ཕྱུག་དང་མཐོ་དམན་མེད་པར་ཚང་མ་འདྲ་མཉམ་གྱི་ངང་ནས་ཐུགས་བརྩེ་བ་ཆེན་པོའི་ངང་ནས་སྐྱོངས་པའོ།།

མཛད་པ་བཞི་བ།
སྤྱི་ལོ༢༠༠༩ ནས་བཟུང་ལོ་བཅོ་ལྔ་རིང་ལ་འཛམ་ཐང་གི་དད་ལྡན་མང་ཚོགས་རྣམས་ལ་ཟླ་གཅིག་གི་རིང་ལ། བསྙེན་གནས་ཡག་ལག་བརྒྱད་ཀྱི་སྡོམ་པའི་གཙོའི། སྔོན་འགྲོའི་ཁྲིད་ལུང་། ནེ་གུའི་ཁྲིད་ལུང་། དབང་མང་བོ་དང་། བཟང་སྤྱོད་སོགས་འདོན་ཆོས་མང་པོའི་ལུང་། དད་ལྡན་མང་ཚོགས་རྣམས་ཀྱི་འདོད་མོས་བཞིན་གསུང་ཡོད་པ་དང་། གཞན་ཡང་དཔལ་འབྱོར་དང་ཐོབ་ཐང་སོགས་ལ་ལྟོས་པ་ཅུང་ཟད་ཀྱང་མེད་པར་ཚང་མར་འདྲ་མཉམ་གྱི་སྒོ་ནས་རང་རང་གི་འདོད་མོས་བཞིན་ཕྱག་དབང་འཇོག་པ་དང་། སྲུང་མདུད་མདུད་རྒྱུ། ཕྱག་མོ་འདེབ་རྒྱུ། བྱིན་རླབས་བྱེད་རྒྱུ། འཁོན་པ་བསྡུམ་པ་སོགས་ཁོང་རྣམས་ཀྱི་རེ་བ་སྐོང་ཅི་ཐུབ་བྱེད་པ་དང་། ལོ་རེ་རེ་བཞིན་དམངས་སྒོར་འབུམ་ཕྲག་མང་བོས་ཉ་རིགས་སོགས་སྲོག་ཆག་མང་པོར་མི་འཇིགས་པ་སྐྱབས་ཀྱི་སྦྱིན་པ་བཏང་བ་སོགས། བསྟན་པ་དང་འགྲོ་བའི་དོན་ཐུགས་ཀྱི་དཔལ་བེའུར་བཅིངས་ཏེ་སྐུ་ངལ་ལ་མ་འཛེམ་པར་སེམས་ཅན་གྱི་དོན་མཛད་པའོ།།

མཛད་ལ་ལྔ་བ།
སྔགས་ཀྱི་རྡོ་རྗེ་སློབ་དཔོན་ཆེན་མོ་གཙང་ཆེན་སྤྲུལ་བའི་སྐུ་༧འཇིགས་མེད་འཕྲིན་ལས་རྣམ་རྒྱལ་མཆོག ཕྱི་ལོ༢༠༠༧ལོར་སྐུ་ངོས་སུ་ཨ་སྐྱོང་དགོན་དུ་ཕེབས་ནས། དགེ་བའི་བཤེས་གཉེན་ཆེན་མོ་ངག་དབང་དངོས་གྲུབ་དཔལ་བཟང་པོ་མཆོག་ལ། དཔལ་འཛམ་ཐང་གཙང་བ་དགོན་དུ་ཕེབས་པའི་རེ་ཞུ་ནན་མོ་ཡང་ཡང་བྱུང་བ་བཞིན། ཕྱི་ལོ་༢༠༠༨བོད་ཟླ་བདུན་པའི་ནང་ལ་འཛམ་ཐང་གཙང་བ་དགོན་དུ་ཕེབས་ནས། གསར་དུ་མདོ་སྔགས་སློབ་གླིང་དབུ་བརྙེས་པ་དང་། དེ་ནས་བཟུང་རིམ་བཞིན་དགེ་བཤེས་བློ་བཟང་ཆོས་འཕེལ་སོགས་དགེ་བའི་གཉེན་མང་བོས་མདོ་སྔགས་རིག་གནས་དང་བཅས་པའི་འཆད་ཉན་བྱེད་བཞིན་པ་དང་། སྐྱབས་མགོན་རིན་པོ་ཆེ་ཁོང་གི་སློབ་མར་གྱུར་པའི་གྲྭ་གཞོན་ཤིན་ཏུ་མང་བོ་ལ་ཡང་། གྲྭ་བ་ཞིག་ཡིན་ཚེ་འདོད་པ་ཆུང་ཤིང་ཆོག་ཤེས་པའི་སྒོ་ནས་མི་ཚེ་སྤོང་ཀློག་གི་ལམ་ལ་ཞུགས་དགོས་ཚུལ་སོགས་བཀའ་སློབ་ཟབ་རྒྱས་ཡང་ནས་ཡང་དུ་གསུང་བ་དང་། ཐབས་ཚུལ་སྣ་ཚོགས་ཀྱི་སྒོ་ནས་མདོ་སྔགས་སློབ་གླིང་དུ་ཞུགས་སུ་བཅུག་སྟེ་ལོ་མང་པོར་མདོ་སྔགས་གཉིས་ཀྱིས་མཚོན་པའི་རིག་གཞུང་མང་པོ་སྦྱངས་བས་མཁས་པ་མང་དུ་བྱུང་ངོ་།།

མཛད་པ་དྲུག་པ།
སྤྱི་ལོ༢༠༠༥ལོར་ཇོ་ནང་ཀུན་ཕན་ལྷན་ཚོགས་ཀྱི་ཚོགས་གཙོའི་འགན་བཞེས་ནས། ཕྱོགས་ཀྱི་ཇོ་ནང་བའི་དགོན་ཁག་སོ་སོའི་འཐུས་མི་དང་མཁན་བླ་སྤྲུལ་རྣམས་ལ་ཇོ་ནང་བའི་བསྟན་པ་མ་དར་བ་རྣམས་སུ་དར་བ་དང་། དར་བ་རྣམས་དག་ཅིང་འཕེལ་བར་བྱས་པ་དང་། ཉམས་པ་རྣམས་ལ་ཕྱོགས་ཡོངས་ནས་རྒྱབ་སྐྱོར་རོགས་རམ་གནང་རྒྱུ་སོགས་བཀའ་སློབ་ཟབ་རྒྱས་གདམ་པ་དང་། ཕྱོགས་ཀྱི་དགོན་སྡེ་མང་པོས་བྱ་བ་ཆེ་ཆུང་གང་བསྒྲུབ་དགོས་ཀྱང་ཁོང་ཉིད་བློ་འདྲི་སའི་ཡུལ་དུ་བྱེད་པ་དང་། ཁོང་གི་ཡང་རོགས་རམ་དང་རྒྱབ་སྐྱོར་མང་བོ་བྱས་པ་དང་། གཞན་ཡང་ཇོ་ནང་གཞན་སྟོང་དབུ་མ་ཆེན་པོའི་བགྲོ་གླེང་གི་ཚོགས་གཙོའི་ལས་འགན་བསྐོ་བཞག་དང་། ཚོགས་པའི་ཡུལ། འགྲོ་གླེང་ཆེན་མོའི་སྦྱིན་བདག་སོགས་ལོ་རེ་རེ་བཞིན་ཁོང་ཉིད་གཅིག་པུའི་འགན་ཁུར་གནང་བ་དང། ༢༠༡༤ལོ་ནས་ཇོ་ནང་ཀུན་ཕན་ལྷན་ཚོགས་ཀྱི་གཙོའི་དགོན་སྡེ་མང་པོས་མ་སྐུལ་དང་བླངས་ཀྱི་སྒོ་ནས་གསོལ་བ་བཏབ་པའི་ངོར་དཔལ་ལྡན་རྒྱལ་བ་ཇོ་ནང་བའི་ལོ་རྒྱུས་སྟེང་ཆེས་ཐོག་མའི་བསྟན་པའི་བདག་པོར་མངའ་གསོལ་བ་དང་། ལོ་དེའི་སྤྱི་ཟླ་༦ཚེས༣༠ཉིན་ཁྲི་སྟོན་གྱི་མཛད་སྒོ་དངོས་སུ་སྤེལ་བ་དང་། གཞན་ཡང་ཇོ་ནང་གཞན་སྟོང་འགྲོ་གླེང་ཆེན་མོར་ཐེངས་དུ་མར་སྦྱིན་བདག་བྱས་པ་དང་། རྒྱུན་ལྡན་གྱི་གཞན་སྟོང་འགྲོ་གླེང་ཆེན་མོའི་ཐོག་ལ་སྐུ་དངོས་སུ་བྱོན་ནས། སྤྱི་སངས་རྒྱས་ཀྱི་བསྟན་པ་དང་དགོས་དཔལ་ལྡན་རྒྱབ་བ་ཇོ་ནང་པའི་བསྟན་པ་འཕེལ་རྒྱས་དགོས་ཚུལ་དང་གྲྭ་བཙུན་རྣམས་ཐུགས་མཐུན་ཁྲིམས་གཙང་གི་སྒོ་ནས་སྤོང་ཀློག་གི་ལམ་ལ་འབད་རྒྱུ་དང་། མཐུན་འབྲེལ་ནི་སྟོབས་ཤུགས་ཀྱི་རྩ་བ་ཡིན་པས་དགོན་སྡེ་སོ་སོར་ཡང་མཐུན་འབྲེལ་དགོས་ཚུལ་སོགས་བཀའ་སློབ་ཟབ་རྒྱས་གདམས་པའོ།།

མཛད་པ་བདུན་པ།
དཔལ་འཛམ་ཐང་གཙང་བ་དགོན་གྱི་གྲྭ་ཚང་འདུས་པ་རྒྱ་མཚོ་ལ། དམ་ཆོས་འདུལ་བ་ནས་བཤད་པ་བཞིན་གཞི་གསུམ་གྱི་ཕྱག་ལེན་དང་རྩ་བའི་དམ་ཚིག་རྣམས་ལེགས་པར་སྲུང་བའི་སྟེང་ནས་གོས་རྣམ་གསུམ་ནབ་དགོས་ཚུལ་སོགས་དང་། དགེ་འདུན་པའི་ནང་ཁྲིམས་བཞིན་རྒྱུད་སྡེ་སོ་སོའི་འདོན་རྟ་དབྱངས་དང་། རྡུང་ཕྱག་ལེན། ཚོགས་ལ་མཁོ་བའི་ཡོ་བྱད། ཌ་དྲིལ། རིགས་ལྔ་ཆས་འཇུག ཞྭ་ཟླ་གམ་ཡོ་བྱད་སོགས་ངས་པར་དུ་ཚང་དགོས་པ་དང་། ཐ་ན་གོས་རྣམ་གསུམ་གྱོན་ལུགས་ཀྱི་ཀུན་སྤྱོད་ལེགས་པོ་རེ་བྱུང་ཐུབ་ཡོད་པ་ཚུན་ཆད་ཁོང་གི་ཐུགས་ཀྱི་འོད་ཟེར་ལས་བྱུང་བ་ཡིན་ནོ། །སྙིགས་དུས་འདི་ལྟ་བུ་ལ་ཡང་ཉིན་མཚན་ཀུན་དུ་སྤོང་ཀློག་གི་ལས་ལ་འབད་པའི་གནས་མཆོག་ཁྱད་པར་བ་འདི་ནི། དད་ལྡན་དང་པ་འདྲེན་པའི་མིག་རྒྱན་དང་། འབྱོར་ལྡན་བསོད་ནམས་བསགས་པའི་ཞིང་ས་རུ་མངོན་ནོ།།

མཛད་པ་བརྒྱད་པ།
སྤྱི་ལོ༢༠༠༩ནས་བཟུང་། སྨྲིག་འཛིན་བཙུན་མ་གྲྭ་ཚང་གསར་དུ་འགོ་བཟུང་ནས། དཔལ་དུས་ཀྱི་འཁོར་ལོའི་ལམ་ཟབ་མོ་རྡོ་རྗེའི་རྣལ་འབྱོར་སྦྱོར་བ་ཡན་ལག་དྲུག་གི་ཟབ་ཆོས་མན་ངག་དང་བཅས་པ་གནང་བ་དང་། གཞན་ཡང་རང་རང་གི་འདོད་མོས་གཞིན་ཟབ་ཆོས་མང་དུ་གསུང་བ་དང་། ལོ་རེ་རེ་བཞིན་དུས་ཀྱི་འཁོར་ལོའི་ཉམས་ལེན་པ་དང་། ནེ་གུ་ཆོས་དྲུག་དང་། བཀའ་བབ་དྲུག་ལྡན། མཁའ་སྤྱོད་མ། ཟབ་མོ་གཅོད་ཀྱི་ཉམས་ལེན་པ་སོགས་མང་དུ་བྱུང་བ་དང་། རིམ་བཞིན་མདོ་སྔགས་སློབ་གླིང་ནས་མཁན་པོ་རྣམས་མངག་ནས། ཀློག་པ་ཐོས་བསམ་ཀྱི་འཁོར་ལོ། གཞུང་བཀའ་པོད་ལྔའི་འཆད་ཉན་དང་། ལམ་རིམ་བློ་སྦྱོང་གི་ཆོས་ཁྲིད་དང་། མི་ཚེ་དོན་དང་ལྡན་པའི་སྤོང་ཀློག་གི་ལས་ལ་འབད་པ་ཤིན་ཏུ་མང་ངོ་། གཞན་ཡང་ཆོས་ཚོགས་ནི། དུས་འཁོར་ལྷ་དགུ་དང་། མི་འཁྲུགས་པ། སྒྲོལ་མའི་དབང་ཆོག་སོགས་འདོན་ཆོས་མང་པོ་ཡོད་ལ་ཚོགས་ལ་མཁོ་བའི་ཡོ་བྱད་སོགས་ཆ་ཚང་བ་དང་། གཞན་ཡང་རྔ་ཡུལ་འདྲ་ནང་དབེན་པའི་རི་ཁྲོད་དུ་ཡང་ཐུན་པ་རྣམས་བཞུགས་གནས་ཀྱི་འདུ་ཁང་ལེགས་པར་གྲུབ་པ་དེ་ཡང་སྐྱབས་མགོན་བླ་མའི་ཐུགས་ཀྱི་འོད་ཟེར་ལས་འཕྲོས་པའི་བསོད་ནམས་བསགས་པའི་གནས་གཞི་ཁྱད་པར་བ་ཞིག་ཏུ་མངོན་ནོ།།

མཛད་པ་དགུ་པ།
སྤྱི་ལོ༡༩༩༨ལོ་ནས་གཙང་ཆེན་གཟིམ་ཁང་ཆོས་ཀྱི་ཕོ་བྲང་བསྐྱར་བཞེངས་ཀྱི་དབུ་བཙུགས་ནས་ཕྱིའི་བཀོད་པ་ཁྱད་པར་དུ་འཕགས་དང་། ནང་གི་སྐུ་གསུང་ཐུགས་ཀྱི་རྟེན་སོགས་བསམ་གྱིས་མི་ཁྱབ་པ་དང་། གཞན་ཡང་ཐུན་པ་རྣམས་བཞུག་གནས་ཆ་ཚང་རྣམས་ལེགས་པར་གྲུབ་པ་དང་། སྤྱི་ལོ་༢༠༡༡ལོར་བྱམས་ཁང་མཐོང་གྲོལ་ཆེན་མོ་བཞེངས་བ་དབུ་བཙུགས་ནས་རིམ་བཞིན་ཟངས་གསེར་ལས་གྲུབ་པའི་མ་འོང་བའི་སངས་རྒྱས་རྒྱལ་བ་བྱམས་པ་མགོན་པོའི་སྐུ་མཐོ་ཚད་སྨི་༢༣ཅན་བཞེངས་བསྐྲུན་གནང་བ་དང་། གཟུངས་གཞུག་ཡང་རྒྱུད་ནས་གསུང་བ་ནང་བཞིན་ཆོས་སྐུའི་རིང་བསྲེལ་སོགས་སྐུ་གསུང་ཐུགས་ཀྱི་རྟེན་བསམ་གྱིས་མི་ཁྱབ་པ་མང་པོ་ཡོད་པ་དང་། རབ་གནས་ཡང་འགྲོ་ཕན་རྒྱས་བྱེད་ཀྱི་སྒོ་ནས་ཚད་དང་ལྡན་པ་གསུངས་བ་དང་། སྐྱེ་འགྲོ་རྣམས་ཀྱི་བསོད་ནམས་ཀྱི་ཞིང་ས་ཆེན་པོ་རུ་མངོན་ནོ། །

མཛད་པ་བཅུ་པ།
སྤྱི་ལོ༢༠༢༠ལོར་འཛམ་ཐང་གཙང་ཆེན་དགོན་གྱི་གཞུང་ལས་ཁང་གསར་དུ་བཙུགས་ནས། སྒྲུབ་གྲྭ་ཚང་དང་། བཤད་གྲྭ་ཚང་། རྒྱུད་སྡེ་ཚང་། སྨྲིག་འཛིན་བཙུན་མ་གྲྭ་ཚང་བཅས་ཀྱི་དཔལ་འབྱོར་དང་ཡོང་འབབ་སོགས་གཅིག་གྱུར་བྱས་པ་དང་། དམ་ཆོས་འདུལ་བ་ནས་བཤད་བ་བཞིན་དགེ་འདུན་པའི་ཡོང་སྒོ་ནི་དགེ་འདུན་པ་སྤྱི་ལ་དབང་བ་ཡིན་པས་དགེ་འདུན་པ་སྤྱིའི་ལོངས་སུ་སྤྱོད་དགོས་པ་སོགས་བཀའ་སློབ་ཟབ་རྒྱས་གདམས་པ་དང་། གཞན་ཡང་ཇོ་ནང་ཚིག་མཛོད་བསྡུ་སྒྲིག་གི་འགྲོ་སོང་ཡོངས་རྫོགས་བཏང་པ་དང་། བསྟན་པ་དང་འགྲོ་བའི་དོན་ལ་ནམ་ཡང་ངལ་བ་མེད་པའོ།།

མཛད་པ་བཅུ་གཅིག་པ།
སྤྱི་ལོ་༢༠༠༩ལོར་གསང་ཆེན་སྤྲུལ་བའི་སྐུ་སྐྱབས་མགོན་ཡིད་བཞིན་ནོར་བུའི་གཞན་ཕན་གྱི་འོད་ཟེར་ཕྱོགས་བརྒྱར་འཕྲོས་པས་གནས་འདི་ཡང་སྔར་དང་མི་འདྲ་བའི་དགོན་དཀར་དུ་བསྒྱུར་བ་དང་། འདུལ་བ་ནས་བཤད་པ་བཞིན་ཚད་དང་ལྡན་པའི་གྲྭ་ཤག་ཧ་ཅང་མང་པོ་གྲྭ་བ་རྣམས་ལ་ཡང་རིན་མེད་གྱི་སྒོ་ནས་གནང་སྦྱིན་མཛད་པ་དང་། གཞན་ཡང་ཁོང་རིན་པོ་ཆེས་ནམ་རྒྱུན་ཐུགས་ཁུར་ཟབ་བཞེས་གནང་ས་ཇོ་ནང་པའི་གདན་ས་མཐོང་གྲོལ་ཆེན་མོ་བསྐྱར་སྦྱངས་བྱེད་པའི་དགོངས་གནང་ཐོབ་པ་དང་། བླ་སློབ་མཉམ་འཛོམས་དུས་སྟོན་སྐབས་སུ་ཡང་ཁོང་རིན་པོ་ཆེས་ཐུགས་བརྩེ་བ་ཆེན་པོའི་སྒོ་ནས་སློབ་མ་གྲྭ་ལོག་ཇོ་ལོག་རྣམས་ལ་ཡང་ལོ་རེ་རེ་བཞིན་དགེ་སྒྲུབ་སྡིག་སྤོང་གི་ལས་ལ་འབད་བརྩོན་བྱེད་དུ་འཇུག་པ་སོགས། ཇོ་ནང་སྤྱིའི་བསྟན་པ་ལ་ཐུགས་ཁུར་དང་རྒྱབ་སྐྱོར་བླ་ལྷག་དུ་གནང་བའོ།།

མཛད་པ་བཅུ་གཉིས་པ།
ཀུན་མཁྱེན་རྟོན་པ་བཞི་ལྡན་གྱིས་ལུང་བསྟན་པ་ལྟར། མ་ཀི་འཛི་ཀ་ཞེས་པའི་ས་ཕྱོགས་སུ། །ཆུ་བོའི་འགྲམ་ལ་བརྟེན་པའི་ལུང་བ་རུ། །སྐྱེ་བོ་དམུ་རྒོད་དར་བའི་ཡུལ་ས་ན། །ཨ་མི་སྐུ་མཆེད་དག་གི་བསྟན་པ་རྒྱས། །ཞེས་གསུངས་པ་ལྟར་ཡུལ་ཁམས་མི་བདེ་བར་བྱེད་པའི་འཛིངས་ནོག་བྱེད་པ་ཧ་ཅང་མང་བོ་ཡོད་པ་ལ་ཡང་། ཐབས་ཚུལ་སྣ་ཚོགས་ཀྱི་སྒོ་ནས་འཛམ་ཐང་གི་མང་ཚོགས་རྣམས་ལ་དམ་པ་ལྷ་ཆོས་དང་འཇིག་རྟེན་མི་ཆོས་གཉིས་ཀྱི་ཐད་ནས་བཀའ་སློབ་ཟབ་རྒྱས་ཡང་ནས་ཡང་དུ་གནང་སྟེ་མི་གཤིས་ངན་པ་དེ་དག་བཟང་བོའམ་ཞི་བདེའི་ལམ་དུ་བཀོད་པ་དང་། དད་ལྡན་མང་ཚོགས་རྣམས་ཀྱིས་ཕུལ་བའི་སྐུ་གསུང་ཐུགས་རྟེན་གྱི་མཚོན་པའི་དངོས་རྫས་གང་ཡོད་རྣམས་ཀྱང་ཡར་དཀོན་མཆོག་གི་ཞིང་ས་དང་མར་ངན་སློང་བ་རྣམས་ལ་ཐེངས་དུ་མར་སྦྱིན་གཏོང་གནང་བ་དང་། ཡུལ་འདི་ཀའི་བདེ་སྐྱིད་བོས་པ་བཞིན།། ཞེས་ལུང་བསྟན་པ་ལྟར། ཡུལ་འདི་ན་བདེ་སྐྱིད་ཀྱི་ཉི་མ་ཞིག་ཡོད་པ་དེ་ཡང་། གཙང་ཆེན་སྤྲུལ་བའི་སྐུ་ ༧ འཇིགས་མེད་འཕྲིན་ལས་རྣམ་རྒྱལ་མཆོག་གི་མཛད་འཕྲིན་གྱི་ཉི་གཞོན་གསར་བའི་བདེ་སྐྱིད་ཀྱི་འོད་སྣང་ཆེན་པོས་ས་ཆེན་པོའི་མུན་པ་ཡོངས་སུ་སེལ་བའོ།།

ཆོས་རྗེ་ཀུན་མཁྱེན་ཆེན་པོའི་ཞལ་སྔ་ནས།
བདག་ནི་ཚེ་རབས་ཐམས་ཅད་དུ།།
བསྟན་པ་གསལ་བར་བྱེད་གྱུར་ཅིག།
བསྟན་པ་གསལ་བར་མ་ནུས་ནའང་།།
བསྟན་པའི་ཁུར་ཆེན་འཁུར་བར་ཤོག།
ཁུར་ཆེན་བཀུར་བར་མ་ནུས་ནའང་།།
བསྟན་པའི་སེམས་ཁྲལ་བྱེད་པ་དང་།།
བསྟན་པ་ཉམས་ཀྱིས་དོགས་པ་ཡི།།
བྱ་ར་ཙམ་ཡང་བྱེད་པར་ཤོག།
ཅེས་གསུངས་པ་ནང་བཞིན་ཁོང་རིན་པོ་ཆེའི་ཐུགས་སྨོན་གཙོ་བོར་མཛད་ནས། སྤྱིར་སངས་རྒྱས་ཀྱི་བསྟན་པ་དང་། ལྷག་པར་དུ་ངེས་དོན་སྙིང་པོའི་རང་ལུགས་གཞན་སྟོང་དབུ་མ་ཆེན་པོའི་ལྟ་གྲུབ་སྣུམ་ཟད་ཀྱི་མར་མེ་ལྟ་བུ་དེ་སླར་ཡང་གསོ་བར་བསམ་བཞིན་དུ་བྱོན་པ་སྨོས་མ་དགོས་སོ།།
གཙང་ཆེན་སྤྲུལ་བའི་སྐུ་༧འཇིགས་མེད་འཕྲིན་ལས་རྣམ་རྒྱལ་མཆོག་གིས་མཛད་ཆེན་བཅུ་གཉིས་ཀྱི་སྒོ་ནས་བསྟན་པ་དང་འགྲོ་བའི་དོན་མཛད་པ་དེ་ཡང་ཁོང་རིན་པོ་ཆེའི་མཁྱེན་བརྩེ་ནུས་གསུམ་གྱི་སྒོ་ནས་བྱུང་བ་ཤ་སྟག་ཡིན་པ་ལས་སྒྲོ་སྐུར་གྱི་གཏམ་སོགས་ཡེ་ནས་སྤངས་ལ། མཛད་པ་རྒྱ་མཚོ་ལྟ་བུ་ལས་ཆུ་ཐིགས་ཙམ་ཞིག་བརྗོད་པ་དེ་ཡང་བཙུན་གཟུགས་ཙམ་འཛིན་པ་ཕུར་རྟེན་ནས་བྲིས་པའོ།།

ནང་དོན་ཡོངས་ཁུངས། ཀ་ལཱ་པའི་འཕྲིན་སྟེགས།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།